ཀྲའོ་ལི་ཅི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས།
2022.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 145

ཟླ10པའི་ཚེས17ཉིན། བློ་མཐུན་ཀྲའོ་ལི་ཅི་ཁོ་ཡོད་སའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གིས་བསྒྲགས་པའི་གསར་འགྱུར། བློ་མཐུན་ཀྲའོ་ལི་ཅི་ཚེས17ཉིན་གྱི་སྔ་དྲོར་ཁོ་ཡོད་སའི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ནང་སོག་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་སློབ་སྦྱོང་དང་གྲོས་སྡུར་བྱས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་སྔར་ལས་བསམ་བློ་གཅིག་གྱུར་དང་ཡིད་ཆེས་བརྟན་པོ། སྟོབས་ཤུགས་གཅིག་སྡུད། གོམ་སྟབས་གཅིག་མཐུན་བཅས་ཀྱི་སྒོ་ནས་མདུན་དུ་བསྐྱོད་པར་གལ་ཆེ་བ་དང་གཏིང་ཟབ་པའི་དོན་སྙིང་ལྡན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་བརྗོད་གཞི་གསལ་བ་དང་དགོངས་པ་ཟབ་ལ། ལངས་གནས་མཐོ་བ་དང་མཐོང་རྒྱ་ཡངས་ཤིང་། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་དང་རང་རྟོན་རང་བརྩོན་མངོན་མཚོན། འཐབ་ཇུས་ཇུས་འགོད་འབུར་ཐོན། མཐུན་སྒྲིལ་འབད་འཐབ་བརྒྱུད་སྦྲེལ་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཐད་ཀྱི་ངོས་འཛིན་དེ་མཐོ་ཚད་གསར་པ་དང་ཡུལ་ཁམས་གསར་པར་སླེབས་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན་པ་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་གཏན་ཁེལ་བྱས་ཡོད། སྙན་ཞུ་དེ་ནི་ཏང་ཡོངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པ་དང་མི་དམངས་ཀྱི་འདོད་བློ་མངོན་མཚོན་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་གཏོང་བ་བཅས་ལ་མཛུབ་སྟོན་གྱི་ནུས་པ་གལ་ཆེན་ལྡན་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཤིག་རེད།

ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ལོ་བཅུ་ནི་ཧ་ཅང་རྒྱུན་ལྡན་མིན་པ་དང་སྤྱིར་བཏང་མིན། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཆབ་སྲིད་དང་དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ཀྱི་ཐད་ནས་འཕྲད་པའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་འཇལ་ནས། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བའི་རྩ་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ཆ་ནས་དབུ་ཁྲིད་དང་མཛུབ་སྟོན་གནང་བར་རག་ལས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་སྟོན་གནང་བར་རག་ལས། ང་ཚོས་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་དེ་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་དང་སྦྲེལ་མཐུད་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་ལས་ཟབ་མོ་བླངས་ནས། རྒྱུགས་སྤྲོད་ཀྱི་ལམ་གསར་པའི་སྟེང་སྔར་ལས་རང་རྟོགས་ཀྱིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱས་ཏེ། དུས་ནམ་ཡང་བསམ་བློའི་སྟེང་དང་ཆབ་སྲིད་སྟེང། བྱ་སྤྱོད་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་སྲུང་འཛིན་བྱེད་དགོས།

ཀྲའོ་ལི་ཅི་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་དུས་རྟག་ཏུ་ཏང་ཆེན་པོར་དམིགས་བསལ་དུ་ཡོད་པའི་དཀའ་གནད་ཐག་གཅོད་ཀྱི་རྣམ་རིག་གསལ་བོ་དང་བློ་རྩ་བརྟན་པོ་སྲུང་འཛིན་དང་། དུས་རྟག་ཏུ་ཏང་གི་རང་ངོས་གསར་བརྗེའི་ཚད་མཐོའི་རང་རྟོགས་སྲུང་འཛིན་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་སྤྱོད་བཟང་སྒྲིག་ནན་རུལ་རྒོལ་དམ་འཛིན་བྱས་པ་དང་། ཁྱད་དབང་བསམ་བློ་དང་ཁྱད་དབང་སྣང་ཚུལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་པས། དུས་རབས་གསར་པའི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་ཕན་འབྲས་མངོན་གསལ་ཐོབ་པ་དང་ཤུགས་རྐྱེན་གཏིང་ཟབ། ང་ཚོའི་ཏང་ནི་ཡུན་རིང་བོར་སྲིད་འཛིན་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཡིན་ལ། ཚོད་བགམ་ཆེན་པོ་བཞི་དང་ཉེན་ཁ་བཞི་ཡུན་རིང་བོར་གནས་པས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དེ་ནམ་ཡང་ལམ་དུ་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་དུ་ཡོད་པས། ལྷོད་གཡེང་ངལ་གསོ་དང་ངལ་དུབ་སུན་སྣང་གི་བསམ་བློ་གཏན་ནས་ཡོད་མི་རུང་བར། ངེས་པར་དུ་རྒྱུན་འཁྱོངས་མཐའ་འཁྱོལ་བྱས་ཏེ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་ཟབ་མོ་བཏང་སྟེ། ཏང་དུས་ནམ་ཡང་ངོ་བོ་མི་འགྱུར་བ་དང་མདོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ལ་ཁག་ཐེག་བྱེད་དགོས།

ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། དུས་རབས་གསར་པ་ནི་འགྲན་སློང་གིས་ཁེངས་པའི་དུས་རབས་ཤིག་ཡིན་པ་དང་། རེ་བས་ཁེངས་པའི་དུས་རབས་ཤིག་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་ཇུས་འགོད་བྱས་པའི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་རླབས་ཆེན་དཔེ་རིས་ཀྱི་འགན་འཁྲི་གཟི་བརྗིད་ལྡན་པ་དང་ལས་འགན་ཧ་ཅང་ལྗིད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་འདུ་ཤེས་གསར་པ་དང་འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་ལ་སློབ་སྦྱོང་དང་དེ་ལག་བསྟར་ཟབ་མོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་དང་ངོ་བོའི་བླང་བྱ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་དོན་གལ་ཆེན་ཁོང་དུ་དམ་པོར་ཆུད་པར་བྱེད་པ་དང་། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱེད་པ། ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱེད་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པར་བྱེད་པ། དོན་དངོས་དང་སྦྲེལ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པས་གཏན་ཁེལ་བྱས་པའི་ལས་འགན་སྣ་ཚོགས་དོན་འཁྱོལ་ནན་མོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བྱས་རྗེས་གང་ལེགས་འཇོག་དགོས།