དཀའ་ཁག་ཆེ་ཡང་ཆེས་རླབས་ཆེ་བ་ཞིག་རེད།
2022.10.18 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 58

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས།

2022ལོའི་ཟླ10བའི་ཚེས17ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀོང་ཞི་འཐུས་ཚབ་ཚོགས་པའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་གྲོས་བསྡུར་བྱེད་པར་ཞུགས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོང་གི་ཁ་གཏད་ཀྱི་ལས་བཟོ་བའི་ལྭ་བ་གོན་ཡོད་པའི་ཀྲིན་ཀྲི་མེན་ལ། ཁྱོད་ཀྱི་ལས་ཐོབ་ཀྱི་རིགས་གང་ཡིན་ནམ་ཞེས་དྲིས།

ཀྲིན་ཀྲི་མེན་ནི་ཀོང་ཞི་རླངས་འཁོར་སྡེ་ཚོགས་ནས་ཡོང་བ་དང་། ལས་ཡུལ་དང་པོ་ནས་ལོ་ཉི་ཤུ་ལྷག་ལ་ལས་ཀ་ལས་མྱོང་། རླངས་འཁོར་ལ་རྩི་བྱུགས་པ་དང་ཚ་ལ་བྱེད་པ་སོགས་བྱ་བ་གླེང་ན་ཁོ་ལ་བརྗོད་རྒྱུའི་གཏམ་རྒྱུད་མང་བོ་ཡོད།

ཁོས་སྤྱི་ཁྱབ་ཧྲུའུ་ཅི་ལ་རང་གི་གནས་ཚུལ་ཞིབ་མོར་བཤད། ང་ཚོའི་རྒྱལ་ཁབ་ཀྱིས་སྲིད་ཇུས་བཟང་བོ་བཏོན་པ་དང་། ང་རང་དམིགས་བསལ་རིམ་པའི་ལག་རྩལ་པར་བདམས་མ་ཐག་ཡིན་ལ། ད་རུང་མཐོ་རིམ་བཟོ་སྐྲུན་པར་བདམས་ཡོད། ཏང་གི་སྲིད་ཇུས་ཀྱིས་ང་ཚོ་མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ནས་མཐར་ཕྱིན་པའི་བཟོ་བར་མདུན་ལམ་སྔར་ལས་ཡག་པོ་བསྐྲུན་ཡོད། འདི་ནི་སྔོན་ཆད་སེམས་སུའང་དྲན་མྱོང་མེད་པ་ཞིག་རེད།

སྤྱི་ཁྱབ་ཧྲུའུ་ཅིས་ད་ལྟའི་ཡོང་འབབ་ག་འདྲ་རེད་ཅེས་དྲིས་པ་ན།

དྲི་བ་དེ་ཐོས་རྗེས་ཀྲིན་ཀྲི་མེན་གྱིས་སྐད་གསེང་མཐོན་པོའི་སྒོ་ནས་ཧ་ཅང་བཟང་། ང་ནི་ལོ་ཕོགས་ལམ་ལུགས་ཅན་ཡིན་པ་དང་། ཀུང་ཟིའི་འབྲིང་རིམ་ལས་བྱེད་པ་དང་རིམ་པ་གཅིག་རེད། ལག་ཤེས་པ་ཆུང་ཆུང་ཞིག་ནས་རྒྱལ་ཁབ་རིམ་པའི་ལག་ཤེས་པར་གྱུར་བའི་ལོ་འདི་དག་གི་རིང་ནི་ཀྲུང་གོའི་འཕེལ་རྒྱས་དེ་བཟོ་སྐྲུན་རྒྱལ་ཁབ་ཆེན་པོར་གྱུར་བ་དང་། བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་ཀྱི་ཕྱོགས་སུ་མགྱོགས་མྱུར་གྱིས་བསྐྱོད་པའི་དུས་རབས་ཤིག་ཀྱང་ཡིན། ཀྲིན་ཀྲི་མེན་ལྟ་བུའི་ཐོན་ལས་བཟོ་བ་མང་བོས་དུས་རབས་ཀྱི་རླབས་རྒྱུན་ཁྲོད་སེམས་སུ་ཕུགས་འདུན་བཅངས་ནས་སྤོབས་པ་དང་སྟོབས་ཤུགས་ཀྱིས་ཁེངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ཁྲོད་ཀྱི་ཚིག་གཉིས་ཡིད་ལ་དྲན་བྱུང་།

ཚིག་དང་པོ་བཟོ་བའི་གྲལ་རིམ་དང་འབྲེལ་ཡོད་དེ། རང་རྒྱལ་ནི་བཟོ་བའི་གྲལ་རིམ་གྱིས་འགོ་ཁྲིད་ཅིང་བཟོ་ཞིང་མནའ་འབྲེལ་རྨང་གཞི་ཡིན་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཡིས་གསུང་རྒྱུར། བཟོ་བའི་གྲལ་རིམ་གྱི་གྲལ་རིམ་རྨང་གཞི་རྒྱ་བསྐྱེད་ཡོད། ད་ལྟ་ཤེས་ལྡན་མི་སྣ་ཡང་བཟོ་བའི་གྲལ་རིམ་གྱི་ཁག་ཅིག་ཡིན་ལ། ངལ་རྩོལ་ལ་བརྟེན་ནས་ཕྱུག་འགྱུར་བྱེད་བཞིན་ཡོད། ལོ་བརྒྱའི་ཡར་སྔོན་གྱི་བཟོ་བ་ནི་བཤུ་གཞོག་ཚབས་ཆེན་མྱངས་ཤིང་། ཀྲུང་གོའི་གསར་བརྗེའི་ཁྲོད་ཆེས་དཔའ་སྤོབས་ལྡན་པ་དེ་ཡིན།

ཚིག་གཉིས་པ་ནི་བཟོ་སྐྲུན་ལས་རིགས་དང་དངོས་ཕུང་དཔལ་འབྱོར་ལ་འབྲེལ་ཡོད་དེ། དཔལ་འབྱོར་འཕེལ་རྒྱས་ཀྱི་མགོ་རྩོམ་ས་དེ་དངོས་ཕུང་དཔལ་འབྱོར་སྟེང་འཇོག་པ་རྒྱུན་འཁྱོངས་བྱེད་དགོས།

སྐབས་དེར་སྤྱི་ཁྱབ་ཧྲུའུ་ཅིས་རྒྱས་བཤད་གནང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་གྲངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་དེང་རབས་ཅན་ཡིན་ལ། ང་ཚོ་མི་གྲངས་འབུམ་ལྷག་དང་མི་གྲངས་ས་ཡ་འགའ། མི་གྲངས་བྱེ་བ་འགའི་དེང་རབས་ཅན་དང་མི་འདྲ་ལ། མི་གྲངས་དུང་ཕྱུར་བཅུ་བཞི་ལྷག་གི་དེང་རབས་ཅན་ཡིན། ང་ཚོའི་དེང་རབས་ཅན་ནི་ཆེས་དཀའ་ཁག་ཆེ་བ་དང་། ཆེས་རླབས་ཆེ་བ་ཞིག་ཀྱང་ཡིན། ཕྱོགས་དེ་ནས་བལྟས་ན། བཟོ་བའི་གྲལ་རིམ་ལ་དམ་པོར་བརྟེན་པ་མེད་དུ་མི་རུང་བ་དང་། བཟོ་བའི་གྲལ་རིམ་གྱིས་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ཚབ་བྱས་ཡོད།

བསྐྱོད་ལམ་ཐག་རིང་བས་ངེས་པར་དུ་རང་སྟོབས་རང་སྤེལ་བྱེད་དགོས། ཚོགས་རའི་ནང་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཅེས་པའི་འཕྲེད་དར་བཀལ་ཡོད་ལ། ཀྲུང་གོས་ཉམས་ཞན་དཀའ་སྡུག་གི་ཁ་སང་ནས་དར་ཞིང་རྒྱས་པའི་དེ་རིང་བར་སྙིང་སྟོབས་དེ་བརྟན་སྲུང་བྱེད་བཞིན་ཡོད།

ཀྲིན་ཀྲི་མེན་གྱིས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་འགྱུར་ལྡོག་གི་གཏམ་རྒྱུད་ཅིག་བཤད། དེའི་སྔོན་ཁོ་ཚོས་མི་གཞན་པར་སློབ་སྦྱོང་བྱས་ཏེ་ལྷུ་ལག་བླངས་ནས་ཞིབ་འཇུག་བྱས་པ་དང་། ད་ལྟ་སྔོན་ཆད་ཀྱི་སྔོན་ཐོན་པ་ཁ་ཤས་ཀྱིས་ང་ཚོར་སློབ་སྦྱོང་བྱས་ཏེ། ང་ཚོའི་ལྷུ་ལག་བླངས་ནས་ཞིབ་འཇུག་བྱེད་བཞིན་ཡོད།

སྐད་ཆ་དེ་ཐོས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་ཉིད་ཧྥུའུ་ཅན་ཞིང་ཆེན་དུ་བྱ་བ་བསྒྲུབ་པའི་འདས་དོན་ཞིག་དྲན་བྱུང་། ལོ་དེར་ཁོང་གིས་རུ་ཁག་གི་སྣེ་ཁྲིད་དེ་ཕྱི་རྒྱལ་དུ་ཐོན་ལས་འཕེལ་རྒྱས་ལ་རྟོག་ཞིབ་བྱེད་པར་ཕེབས། ལོ་ངོ་བཅུ་ཕྲག་འགའ་འདས་རྗེས། ཀྲུང་གོའི་བཟོ་སྐྲུན་ཐོན་རྫས་ཕྱི་རྒྱལ་དུ་བཙོང་བཞིན་ཡོད། ངོ་མ་ཡིད་ལའང་དྲན་མྱོང་མེད། འདི་ནི་ཀྲུང་གོའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཡིས་གཟབ་ནན་གྱིས་གསུང་རྒྱུར། བཟོ་བའི་གྲལ་རིམ་གྱིས་ཀྱང་རང་ཉིད་ཀྱི་བྱང་ཚད་དང་གོ་རྟོགས་ཇེ་མཐོར་གཏོང་དགོས། སྔོན་ཆད་གྲུ་ཁ་ནས་མི་ཤུགས་ངལ་རྩོལ་ལ་བརྟེན་དགོས་པ་དང་། ད་ལྟ་རིག་ནུས་ཅན་ལ་བརྟེན་ནས་དོས་སྒམ་བཀོལ་སྤྱོད་བྱེད་དགོས།

ལས་རིགས་ལག་རྩལ་འཕེལ་རྒྱས་ཀྱི་སློབ་གསོར་མཐོང་ཆེན་བྱེད་དགོས། ཐོན་ལས་བཟོ་བར་མཐོང་ཆུང་བྱེད་མི་རུང་ལ། ངེས་པར་དུ་དོན་དངོས་བྱས་རྗེས་ལ་བལྟ་དགོས། ང་ཚོ་ལོ་འདི་འགའི་རིང་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འདོན་མཁན་ཡིན། ཁོ་ཚོ་ནི་ང་ཚོའི་བཀུར་འོས་པའི་མི་ཡིན། དེ་མི་ཚད་ང་ཚོས་བཟོ་བ་དག་ཇི་ལྟར་སྐྱེད་སྲིང་བྱེད་པ་དང་ཁོ་ཚོས་ནུས་པ་འདོན་སྤེལ་བྱེད་དུ་འཇུག་པར་བསམ་གཞིགས་བཏང་སྟེ་ཞིབ་འཇུག་བྱེད་པ་དེ་ནི་ཧ་ཅང་གལ་ཆེན་ཡིན།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།