--ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གླེང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“དུས་ད་ལྟ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་པ་དེ་ཡིན”ཞེས་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་གནང་བ་རེད།
བཞུད་ལམ་ལ་ཕྱིར་ལྟ་བྱས་ཚེ། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་ བཅོས་སྒྱུར་སྒོ་འབྱེད་བྱས་ཚུན། ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱས་པའི་རྨང་གཞིའི་ཐོག ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཐོད་བརྒལ་གསར་པ་བྱུང་ནས། ང་ཚོའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བདེ་བླག་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད།
འགྲོ་ལམ་ཆེན་པོའི་སྟེང་བསྐྱོད་པ་ནི་ཆེས་བརྗིད་ཉམས་ལྡན་པ་ཞིག་རེད།
མདུན་སྐྱོད་ཀྱི་ལམ་བུར་ཕྱིར་ལྟ་བྱས་ན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ འགན་འཁྲི་དང་ལས་འགན་ཁོང་དུ་དམ་པོ་ཆུད་པ་དང་། རང་རྟོན་རང་བརྩོན་དང་དྲང་བདེན་གསར་སྐྲུན། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ཚེ། ང་ཚོའི་ཏང་གིས་མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་ཐུབ་ངེས་རེད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བདེ་བླག་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་།
རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུར་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་གྱི་བཀོད་པ་སྔར་ལས་ཇེ་གསལ་དུ་གྱུར།
ཐེངས་དང་པོའི་ཏང་གི་འཐུས་མིའི་བགྲོད་ལམ་སྟེང་དབྱིན་ཇིའི《དཔལ་འབྱོར་རིག་པ་བ》ཞེས་པའི་དུས་དེབ་ཀྱི་གསར་འགོད་པས“ལོ་རྒྱུས་ཀྱིས་ད་ལོའིཚོགས་ཆེན་ཐེངས་ཉི་ཤུ་པ་ཇི་ལྟར་བྱས་ནས་བློ་ལ་ངེས་སམ”ཞེས་དྲི་བ་བཏོན་པར།
ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)རྒྱུན་གཏན་ལས་དོན་གྱི་ལས་བགོས་འགན་འཁུར་པ། སློབ་གཙོ་གཞོན་པའམ་འཐུས་མི་ཞེ་ཁྲུང་ཐའོ་ཡིས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་ཀྲུང་གོའི་མ་འོངས་བའི་ལོ་ལྔ་དང་ཐ་ན་དུས་ཡུན་དེ་ལས་རིང་བའི་འཕེལ་རྒྱས་ཐད་འཆར་འགོད་དང་བཀོད་སྒྲིག་བྱས་ཡོད། “མ་འོངས་པར་ཀྲུང་གོའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ངེས་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྔར་ལས་བརྟན་ཞིང་མགྱོགས་པ་དང་། སྔར་ལས་བཟང་བོའི་སྒོ་ནས་འཕེལ་རྒྱས་འགྲོ་ངེས་ཡིན་ཞེས་འདི་ལྟར་ལན་བསྐྱོན་པ་རེད།
འབད་འཐབ་དམིགས་འབེན་ལ་བརྟེན་ནས་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་འགོད་དགོས།
དེང་གི་ཀྲུང་གོས་ཕུགས་འདུན་བསྐྲུན་པའི་སྐྱོད་ལམ་གསར་པའི་མགོ་བརྩམས་ཡོད།
ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་བལྟས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་ལྗོངས་ཡག་པོ་དེར་མི་རྣམས་ཀྱིས་ཡིད་སྨོན་བྱེད་ཀྱིན་ཡོད།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྤྱིའི་འཐབ་ཇུས་ཀྱི་བཀོད་སྒྲིག་བྱེད་པ་ནི་གོམ་རིམ་གཉིས་སུ་ཕྱེ་ནས་བསྐྱོད་དགོས་པ་སྟེ།
2020ལོ་ནས2035ལོའི་བར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་དགོས་པ་དང་།
2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་བསྐྲུན་དགོས་པ་དེ་རེད།
སྙན་ཞུ་ལས2035ལོར་སླེབས་སྐབས་རང་རྒྱལ་འཕེལ་རྒྱས་ཀྱི་སྤྱིའི་དམིགས་འབེན་གསལ་བོར་བཏོན་ཡོད་པ་སྟེ། “དཔལ་འབྱོར་གྱི་དངོས་ཤུགས་དང་། ཚན་རྩལ་གྱི་དངོས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས་བཅས་ཆེས་ཆེར་འཕེལ་བ”དང་།“ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མངོན་འགྱུར་བྱས་ནས། གསར་སྐྲུན་རྣམ་པའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་།”“དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་བྱེད་པ།” “བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ།”“མིའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་དང་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྔར་ལས་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་པར་བྱ་དགོས་བ་བཅས་རེད།”
ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའམ་ཅི་ལིན་སློབ་ཆེན་རྫས་འགྱུར་སློབ་གླིང་གི་དགེ་རྒན་ཆེན་མོ། འཐུས་མི་ཡུས་ཅིས་ཧུང་གིས་བཤད་རྒྱུས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱ་རྒྱུར་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཡོད། སྙན་ཞུའི་ནང་དོན་གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་འཕེལ་རྒྱས་ཀྱང་བྱུང་ཡོད་ཟེར།
སྙན་ཞུ་ལས་ནན་གྱིས་བསྟན་དོན། མ་འོངས་པའི་ལོ་ལྔ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་འགོ་རྩོམ་པའི་འགག་རྩའི་དུས་སྐབས་ཤིག་རེད།
ཀྲུང་གོ་འཛུགས་སྐྲུན་ཅུས་ལྔ་པའི་ཏང་ཨུའི་ཧྲུའུ་ཅིའམ་འཐུས་མི་ཐེན་བིས་གོ་ཡིས་བཤད་རྒྱུར། “འགོ་རྩོམ་རྒྱུ་དེ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པས། ང་ཚོས་སེམས་པ་ཕྱོགས་གཅིག་ཏུ་འཁོར་བ་དང་སྟོབས་ཤུགས་ཕྱོགས་གཅིག་ཏུ་བཏོན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་ཧུར་ཐག་གཏོང་དགོས”ཟེར།
བརྗིད་ཉམས་ཆེ་བའི་འཆར་འགོད་ཀྱིས་ཐོག་མའི་བསམ་འདུན་མཚོན་པར་བྱས།
ལོ་ངོ་བརྒྱ་ལྷག་གི་སྔོན་དུ། སྐུ་ཞབས་སུང་ཀྲུང་ཧྲན་གྱིས《རྒྱལ་འཛུགས་ཇུས་གཞི་》ཞེས་པའི་ནང་དུ་ཀྲུང་གོའི་དེང་རབས་ཅན་དུ་འགྱུར་བའི་འཆར་འགོད་དང་པོ་བཀོད་ཡོད་པ་སྟེ། སྤྱི་ལེ་ས་ཡ་གཅིག་དང་འབུམ་དྲུག་གི་གཞུང་ལམ་དང་། སྤྱི་ལེ་འབུམ་གཅིག་དང་ཁྲི་དྲུག་ཙམ་ཡོད་པའི་ལྕགས་ལམ། འཛམ་གླིང་རིམ་པའི་རྒྱ་མཚོའི་གྲུ་ཁ་ཆེན་པོ་གསུམ་དང་། འབྲི་ཆུའི་འགག་གསུམ་གྱི་ཆུ་རགས་ཆེན་པོ་བཅས་འཛུགས་སྐྲུན་བྱེད་རྒྱུ་དེ་རེད།
ད་ལྟ་ལྕགས་ལམ་མཚོ་བོད་མཐོ་སྒང་དུ་བསྐྱོད་པ་དང་། གཞུང་ལམ་དྲ་རྒྱ་ལྟར་སྦྲེལ་བ། གྲུ་ཁ་རྒྱ་མཚོ་ལྔར་འབྲེལ་མཐུད་བྱེད་པ། ཐེན་ཧི་རྟགས་ཅན་བར་སྣང་དུ་སྡོད་པ། སྐར་མ་མིག་དམར་ལ་འཚོལ་ཞིབ་བྱེད་པ་སོགས་ཀྲུང་གོའི་དེང་རབས་ཅན་གྱི་ཆུ་ཚད་དེ་སྐུ་ཞབས་སུང་ཀྲུང་ཧྲན་གྱི་ཐོག་མའི་བསམ་གཞིགས་ལས་ཆེས་ཆེར་བརྒལ་ཡོད།
རླབས་ཆེན་གྱི་འཕོ་འགྱུར་གྱིས་ཕུགས་འདུན་གྱི་རྨང་གཞི་སྲ་བརྟན་དུ་བཏང་།
ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཤིན་ཏུ་དབུལ་བའི་གནད་དོན་ཐག་གཅོད་བྱས་པ་དང་། དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་བརྟན་པོར་གནས་པ། བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་དང་ཕྱི་དངུལ་གསོག་འཇོག་བྱེད་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ནས། གསར་སྐྲུན་རྣམ་པའི་རྒྱལ་ཁབ་ཀྱི་གྲས་སུ་སླེབས་པ་དང་། དངོས་ཟོག་ཉོ་ཚོང་གི་སྤྱི་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་པ། ཕྱི་ཕྱོགས་མ་དངུལ་དང་ཕྱི་ཕྱོགས་མ་འཇོག་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ཐད་གོམ་སྟབས་གལ་ཆེན་སྤོས་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། འཕོ་འགྱུར་རང་བཞིན་གྱི་ལག་ལེན་རབ་དང་རིམ་པར་སྐུལ་འདེད་བཏང་ཞིང་། ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་རབ་དང་རིམ་པ་མངོན་འགྱུར་བྱུང་བ་དང་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཀྲུང་གོའི་ ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་ཞིང་། རྒྱལ་ཁབ་སོ་སོའི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ཡོད་ལ། རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་པའི་ཀྲུང་གོའི་ཁྱད་ཆོས་ཀྱང་ཡོད”ཅེས་རྒྱས་བཤད་གཏིང་ཟབ་གནང་ཡོད།
ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱས་བཤད་གནང་ཡོད་པ་སྟེ། མི་གྲངས་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་དེང་རབས་ཅན་དང་། དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན། ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི་དེང་རབས་ཅན་བཅས་རེད།
སྙན་ཞུའི་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་གསལ་བོར་བཏོན་ཡོད་པ་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད། མིའི་རིགས་ཀྱི་དཔལ་ཡོན་རྣམ་པ་གསར་པ་གསར་གཏོད་བཅས་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཟུར་པ་ཧྥིན་ཅུན་གྱིས་བཤད་རྒྱུར། ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་སྔར་ལས་རྒྱས་བཤད་གཏིང་ཟབ་བྱས་པ་དང་ཆབས་ཅིག ངོ་བོའི་བླང་བྱ་དགུ་ཐོག་མར་བཏོན་པ་དེ་ནི། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚན་རིག་གི་དོན་སྙིང་དང་། དམིགས་བྱའི་དོན་སྙིང་། དམིགས་འབེན་ལས་འགན། མངོན་འགྱུར་ཐབས་ལམ་སོགས་ལ་གོ་བ་ཟབ་མོ་ལེན་པ་དང་ངོས་འཛིན་བྱ་རྒྱུར་རིན་ཐང་གལ་ཆེན་ལྡན་ཡོད་ཟེར།
ཀྲུང་གོའི་ས་གཞི་ཆེན་མོར་གཞི་བཙུགས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མཚོན་པ་དེ་ཐོག་ནས། འོད་སྟོང་འཕྲོ་བའི་མདུན་ལྗོངས་དང་སྐྱེ་སྟོབས་ཀྱི་དཔལ་འབར་བ་མངོན་ཡོད།
མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་གསར་གཏོད་བྱེད་དགོས།
མིའི་རིགས་ཀྱིས་དེང་རབས་ཅན་མངོན་འགྱུར་བྱ་ཆེད་གདམ་ག་གསར་པ་མཁོ་འདོན་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་སྔར་ལས་ཡངས་ཤིང་རྒྱ་ཆེ་བ་རེད།
ད་ལྟའི་བར་དུ། གོ་ལ་ཧྲིལ་པོར་བཟོ་ལས་ཅན་ལེགས་འགྲུབ་བྱུང་བའི་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་ས་ཁུལ་གྱི་མི་གྲངས་བསྡོམས་འབོར་མི་ཐེར་འབུམ་གཅིག་ལས་བརྒལ་མེད། ཀྲུང་གོའི་མི་གྲངས་དུང་ཕྱུར14ལྷག་ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་སྤྱི་ཚོགས་སུ་བསྐྱོད་བཞིན་པ་དེ་ནི། མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཤུགས་རྐྱེན་ཟབ་མོ་ལྡན་པའི་དོན་ཆེན་ཞིག་རེད།
དུས་རབས་ཀྱི་མདུན་གྲལ་དུ་ལངས་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་བོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་དཔེ་རིས་ཆེན་པོ་རིས་སུ་བཀོད་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་ཞུའི་ནང“སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ”དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་སྤྱིའི་ལས་འགན་དུ་བརྩིས་ཡོད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་གོམ་རིམ་གཉིས་སུ་ཕྱེ་ནས་དུས་རབས་འདིའི་དུས་དཀྱིལ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཐུབ་པར་བྱ་རྒྱུའི་འཐབ་ཇུས་བཀོད་སྒྲིག་བྱས་ཤིང་།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གོམ་རིམ་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྤྱི་ཁོག་ནས་རྒྱང་ལྟ་བྱས་ཏེ། མ་འོངས་པའི་ལོ་ལྔའི་དམིགས་འབེན་དང་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ཡོད།
ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དགེ་རྒན་ཆེན་མོ་ཞིན་མེན་གྱིས་བཤད་རྒྱུར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དྲང་བདེན་གསར་སྐྲུན་བྱས་ནས་བསྐྱོད་པའི་ལམ་བུ་གསར་བ་ཞིག་ཡིན་པས། མིའི་རིགས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་སྟངས་འཛིན་བྱེད་པ་དང་། ཀྲུང་གོའི་ས་གཞི་ཆེན་པོར་གཞི་བཙུགས་ནས་མིའི་རིགས་ཀྱི་སྤྱི་ཚོགས་ཕྱོགས་ཡོངས་ནས་དེང་རབས་ཅན་ཏུ་མངོན་འགྱུར་ཡོང་ཆེད་ལམ་བུ་གསར་པ་གསར་བཏོད་བྱས་ཡོད།
ཐེངས་གཉིས་ལ་ཀྲུང་གུང་ཏང་གི་འཐུས་མི་ཚོགས་ཆེན་གྱི་གནས་ཚུལ་སྤེལ་བར་ཞུགས་པའི་ཨེ་སེ་ཨི་པིས་ཡའི་གསར་འགྱུར་ཁང་གི་གསར་འགོད་པ་པེ་ལེ་ཁི་ཐི·ཞིས་སའེ་ཡིས་མྱོང་ཚོར་ཟབ་མོའི་ངང་བཤད་རྒྱུར། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཧ་ཅང་མཐོ་ལ་ བདེ་འཇགས་ཀྱང་ཡིན་པ་རེད། སྐྱེ་ཁམས་ཁོར་ཡུག་ཧ་ཅང་བཟང་བས་རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་དེ་ནི་དུས་རབས21པའི་འཚོ་བ་སྐྱེལ་སྟངས་ཤིག་ཡིན་ལ། ཀྲུང་གོས་ལོ་བཅུ་ཕྲག་ཁ་ཤས་ཀྱི་དུས་ཡུན་སྤྱད་དེ་ནུབ་ཕྱོགས་ཀྱི་ལོ200ལྷག་གི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་བསྐྱོད་པས་མི་རྣམས་ཧ་ལས་དགོས་པ་ཞིག་རེད་ཟེར།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས“དེང་རབས་ཅན་ནི་ནུབ་ཕྱོགས་ཅན”དུ་འགྱུར་བའི་ལམ་བུ་ལས་བརྒལ་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་དེང་རབས་ཅན་དུ་སྐྱོད་པའི་ལམ་བུ་གསར་པ་ཞིག་གསར་བཏོད་བྱས་ཡོད།
“ང་ཚོའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་འཛམ་གླིང་ཐོག་མཐོང་དཀོན་པའི་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་གི་ངོ་མཚར་ཆེན་པོ་གཉིས་བསྐྲུན་པར་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཐོག་རྒྱལ་ཁའི་ངང་བསྐྱོད་དེ། མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་གསར་བཏོད་བྱས་ཡོད།
2021ལོའི་ཟླ11ཚེས11ཉིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། སྔར་བྱུང་མ་མྱོང་བའི་གསར་གཏོད་བྱེད་ཐབས་དེ་དག་གིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དཀའ་གནད་མང་པོ་སེལ་བ་དང་། ནུབ་ཕྱོགས་ཀྱི་མ་རྩ་ལྟེ་བར་བྱེད་པའི་དེང་རབས་ཅན་དང་། མཐའ་གཉིས་སུ་གྱེས་པའི་དེང་རབས་ཅན། དངོས་པོའི་རིང་ལུགས་ཆེ་རུ་འགྲོ་བའི་དེང་རབས་ཅན། ཕྱི་ཕྱོགས་སུ་རྒྱ་སྐྱེད་འཕྲོག་བཅོམ་བྱེད་པའི་དེང་རབས་ཅན་བཅས་ཀྱི་ལམ་བུ་རྙིང་པ་དོར་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ཐབས་ལམ་རྒྱ་ཆེར་བཏང་སྟེ། མིའི་རིགས་ཀྱིས་སྔར་ལས་ལེགས་པའི་སྤྱི་ཚོགས་ལམ་ལུགས་འཚོལ་ཞིབ་བྱེད་པར་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད།
ཁིན་ནི་ཡའི་རྒྱལ་སྤྱིའི་གནད་དོན་གྱི་མཁས་དབང་ཁ་ཝུན་སི·ཨ་ཏི་ཞི་ཨར་གྱིས་བསྟན་དོན། “མི་གྲངས་དུང་ཕྱུར་བཅུ་ལྷག་ཡོད་པའི་རྒྱལ་ཁབ་ཏུ་དེང་རབས་ཅན་མངོན་འགྱུར་བྱེད་ཐུབ་པ་དེ་ནི། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་བྱས་རྗེས་ཧ་ཅང་ཆེན་པོ་ཕུལ་བ་ཞིག་ཡིན་པ་སྨོས་ཅི་དགོས།” ཀྲུང་གོའི་ལེགས་འགྲུབ་ལག་ལེན་གྱིས་ཧྥེ་གླིང་རྒྱལ་ཁབ་ཚུད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མིག་དཔེ་བསྟན་པ་སྟེ། རྒྱལ་ཁབ་སོ་སོས་རང་ངོས་ཀྱི་དོན་དངོས་དང་འཚམ་པའི་དེང་རབས་ཅན་གྱི་འཕེལ་རྒྱས་ལམ་བུ་ཞིག་འཚོལ་ཞིབ་བྱེད་དགོས།
ཧྥུའུ་ཧྲིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའམ་འཐུས་མི་ལའེ་ཧི་ཡིས་བཤད་རྒྱུར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ལ་མིག་མཐོང་ལག་ཟིན་ཐུབ་པ་དང་། དེང་ལ་ཕན་ཞིང་ཕུགས་ལ་ཕན་པའི་བདེ་སྐྱིད་བསྐྲུན་ཡོད་ཟེར།
དེང་སྐབས། འཛམ་གླིང་གི་འཕོ་འགྱུར་དང་། དུས་རབས་ཀྱི་འཕོ་འགྱུར། ལོ་རྒྱུས་ཀྱི་འཕོ་འགྱུར་བཅས་སྔར་བྱུང་མ་མྱོང་བའི་བྱེད་ཐབས་ཐོག་ནས་སྤེལ་བཞིན་ཡོད། ཞི་བདེའི་མཚལ་ཡིག་དང་། འཕེལ་རྒྱས་ཀྱི་མཚལ་ཡིག བདེ་འཇགས་ཀྱི་མཚལ་ཡིག བཅོས་སྐྱོང་གི་མཚལ་ཡིག་བཅས་ཇེ་མང་དུ་སོང་ནས། མིའི་རིགས་ཀྱི་སྤྱི་ཚོགས་ལ་སྔར་བྱུང་མ་མྱོང་བའི་འགྲན་སློང་འཕྲད་ཅིང་། འཛམ་གླིང་ཡང་བསྐྱར་ལོ་རྒྱུས་ཀྱི་བཞི་མདོ་རུ་ལངས་པ་རེད།
“འཛམ་གླིང་ལ་ཅི་ཞིག་བྱུང་བ་དང་མིའི་རིགས་ཀྱིས་ཇི་ལྟར་བྱ་དགོས་པའི”དུས་རབས་ཀྱི་དྲི་བ་དེ་འཛམ་གླིང་ཡོངས་སུ་ཁྱབ་བཞིན་ཡོད་པས། ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་མིའི་རིགས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོ་དང་འཛམ་གླིང་འཕོ་འགྱུར་གྱི་གནས་སྟངས་ཆེན་པོའི་མཐོ་ཚད་ནས། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པའི་དེང་རབས་ཅན་ཡིན”ཞེས་སྔར་ལས་འགྲེལ་བཤད་ལེགས་པོ་བརྒྱབ་ཡོད།
“རང་རྒྱལ་ནི་རྒྱལ་ཁབ་ཁ་ཤས་ཀྱིས་དམག་འཁྲུག་དང་། མི་སེར་སྤེལ་བ། འཕྲོག་བཅོམ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དེང་རབས་ཅན་མངོན་འགྱུར་བྱེད་པའི་ལམ་བུ་རྙིང་པར་གཏན་ནས་འགྲོ་མི་སྲིད།”
“ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བར་འབད་བརྩོན་བྱས།”
“ཀྲུང་གོའི་འཕེལ་རྒྱས་གསར་པས་འཛམ་གླིང་ལ་མུ་མཐུད་གོ་སྐབས་གསར་པ་འདོན་སྤྲོད་བྱས་ནས་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སོ་སོའི་མི་དམངས་ལ་ཁེ་ཕན་སྔར་ལས་བཟང་པོ་སྐྲུན།”
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་སྔར་ལས་ཇེ་ཡངས་སུ་སོང་ནས་རང་སྟེང་གི་འཕེལ་རྒྱས་དང་འཛམ་གླིང་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་ཐུབ་རྒྱུ་རེད།
ཏང་གི་འཐུས་མིའི་བགྲོད་ལམ་སྟེང་། ལོ་བརྒྱད་ཅུ་ཙམ་ལ་སླེབས་པའི་ཤ་མོའི་རིགས་ཀྱི་ཆེད་མཁས་པའམ་འཐུས་མི་ལིན་ཀྲན་ཞི་ཡིས་ཤ་མོའི་རིགས་ཀྲུང་གོ་ནས་འཛམ་གླིང་དུ་བསྐྱོད་དེ། གོ་ལ་ཧྲིལ་པོ་ནས་དབུལ་པོ་ཇེ་ཉུང་དུ་གཏོང་བའི་ལས་དོན་ཐད་ལ་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བའི་གཏམ་རྒྱུད་རོལ་མྱོང་ བྱས།
“ཤ་མོའི་རིགས་ཀྱིས་ཕྱི་ཕྱོགས་ལ་རོགས་སྐྱོར་བྱས་པའི་བྱ་བ་དེ་ཆུང་ཡང་ལེགས་པ་དང་། ཕན་འབྲས་མགྱོགས་ཤིང་། དམངས་ལ་ཕན་པ་ཞིག་རེད།” ལིན་ཀྲན་ཞི་ཡིས་བཤད་རྒྱུར། ཞི་བདེ་རྒྱ་མཚོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་ནས་ཧྥེ་གླིང་དང་། ལ་ཏིན་མེ་གླིང་སོགས་རྒྱལ་ཁབ་མང་པོས་ཤ་མོའི་རིགས་འདེབས་འཛུགས་བྱས་པ་བརྒྱུད་དབུལ་ཕོངས་ལས་ཐར་བ་དང་། ལས་དབང་ལ་འགྱུར་ལྡོག་བྱུང་ཡོད་ཟེར།
དབྱིན་ཇིའི་ཆེད་མཁས་པ་མ་ཏིན·ཡ་ཁི་ཡིས་ལྟོས་ན། ཀྲུང་གོས“རེ་ལྟོས་གསར་བ”ཞིག་འདོན་སྤྲོད་བྱས་ནས་མཉམ་ལས་མཉམ་རྒྱལ་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་ཞིག་གསར་གཏོད་བྱས་ཡོད་པར་འདོད། འདི་ནི་སྔར་བྱུང་མ་མྱོང་བའི་གསར་གཏོད་རླབས་ཆེན་ཞིག་ཡིན་ལ། འཛམ་གླིང་ལ་འགྱུར་ལྡོག་གཏོང་བའི་རླབས་ཆེན་གསར་གཏོད་ཞིག་ཀྱང་རེད།
དེ་ནི་ལོ་རྒྱུས་ཀྱི་སྟེས་དབང་ཡིན་ལ་ལྡོག་ཐབས་མེད་པའི་འཕེལ་རྒྱས་ཞིག་ཀྱང་ཡིན་པ་རེད།
པེ་ཅིན་པ་ཏ་ལིན་ལྕགས་རི་རིང་པོའི་འདབས་སུ། ལྕགས་ལམ་གཉིས་བསྣོལ་མར་ཡོད་པ་སྟེ། གཅིག་ནི་ལོ་ངོ་བརྒྱ་ལྷག་གི་སྔོན་ལ་ཀྲན་ཐེན་ཡུག་གིས་གཙོ་སྐྱོང་གནང་ནས་འཛུགས་སྐྲུན་བྱས་པའི་ཅིན་ཀྲང་ལྕགས་ལམ་ཡིན་པ་དང་། གཞན་ཞིག་ནི2022ལོའི་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཆ་ཚང་སྒྲིག་ཆས་བཟོ་སྐྲུན་གྱི་ཅིན་ཀྲང་མྱུར་བགྲོད་ལྕགས་ལམ་རེད།
“ཀྲུང་གོ་བས་རང་གིས་ལྕགས་ལམ་བསྐྲུན་མི་ཐུབ”ཅེས་ཚིག་ཐག་བཅད་ནས་བཤད་པའི“རྩོད་གླེང་”ནས་རིག་ནུས་མྱུར་བགྲོད་ལྕགས་ལམ་གྱི“སྔོན་བསྐྱོད”སྣེ་ཁྲིད་པར་གྱུར་བའི་བར། ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ35བགྲོད་པ་ནས་སྤྱི་ལེ350བར་བསྐྱོད་ཐུབ་པ་བྱུང་། ལྕགས་ལམ་དེ་གཉིས་ཀྱིས་རྒྱལ་ཁབ་ཞིག་གི་འཕེལ་རྒྱས་བདེན་དཔང་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་མངོན་མཚོན་བྱེད་བཞིན་ཡོད།
“ལོ་རྒྱུས་ཀྱིས་དོན་དངོས་དེ་རི་མོར་བཀོད་པ་དང་། འཛམ་གླིང་གིས་ཀྲུང་གོའི་བགྲོད་ལམ་ལ་ཕྱོགས་ཡོངས་ནས་ངོས་འཛིན་གསར་བ་བྱེད་རྒྱུ་རེད།” 2022ལོའི་ལོ་གསར་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བར་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་ལ་དོན་སྙིང་ཟབ་མོ་ལྡན་ཡོད།
ཕུ་ཐུང་བརྫེས་ནས་འབད་པས་སྒྲུབ།
--ངེས་པར་བགྲོད་དགོས་པའི་ལམ་དུ་ལེགས་པོར་བསྐྱོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་དགོས།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་རྒྱུ་དེ་ནི་རླབས་ཆེ་ཞིང་དཀའ་ཚེགས་ཆེ་བའི་བྱ་གཞག་ཅིག་ཡིན་ཞིང་། མདུན་ལམ་འོད་སྟོང་ལྡན་པ་དང་། ལས་འགན་ལྗིད་ཅིང་བགྲོད་ལམ་རིང་བ་རེད།
མ་འོངས་པའི་ལོ་ལྔ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་རྩོམ་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བ་རེད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་ཁ་ཕྱེས་པ་ན། མ་འོངས་པའི་ལོ་ལྔའི་རིང་གི་དམིགས་འབེན་ལས་འགན་གསལ་བོར་ཤེས་ཐུབ་སྟེ། “དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་ཐོད་བརྒལ་གསར་པ་བྱུང་བ”དང་།“བཅོས་སྒྱུར་སྒོ་འབྱེད་ཀྱི་གོམ་སྟབས་གསར་པ་སྤོས་པ།”“བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་བཏང་།”“སྡོད་དམངས་ཀྱི་ཡོང་སྒོའི་འཕར་ཚད་དང་དཔལ་འབྱོར་འཕར་ཚད་གཉིས་གཞི་རྩའི་ཆ་ནས་གོམ་རིམ་གཅིག་ཡིན།”“མཁར་གྲོང་གི་མི་སྡོད་ཁོར་ཡུག་མངོན་གསལ་གྱིས་ལེགས་བཅོས་བྱུང་”ཡོད་པ་རེད།
འཆར་འགོད་དཔེ་རིས་དོན་དངོས་སུ་བསྒྱུར་རྒྱུ་ནི་རྒྱང་སྐྱོད་གསར་པ་ཞིག་རེད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མིག་སྔའི་ཆེས་གལ་ཆེ་བའི་ལས་འགན་ནི་ཕུ་ཐུང་བརྫེས་ནས་འབད་པས་སྒྲུབ་པ་དང་། གོམ་པ་རེ་རེར་རྐང་རྗེས་ཕབ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དང་ཕན་འབྲས་དངོས་ཐོན་པར་བྱེད་དགོས”ཞེས་ནན་གྱིས་བསྟན།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་ངེས་པར་ཁོང་དུ་བརྟན་པོར་ཆུད་དགོས་པའི་རྩ་དོན་གལ་ཆེན་ཞིག་ནི། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་ཟབ་མོར་སྤེལ་བ་རྒྱུན་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་ཡིན།
རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ལུང་ཧའེ་པའོ་ཡིས་བཤད་རྒྱུར། ང་ཚོ་ཏང་གིས་བཏོན་པའི་རྩ་དོན་གལ་ཆེན་འདི་དག་ནི་སྔོན་ཆད་འཚོལ་ཞིབ་བྱས་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་ཡིན་ལ། དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞུང་ལུགས་ཀྱི་ཡུལ་ཁམས་གསར་པ་ཕྱོགས་ཡོངས་ནས་གསར་གཏོད་བྱས་པ་ཞིག་ཡིན་ཞིང་། ང་ཚོ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་བསྐྱོད་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྟེང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་པར་ཁྲིད་སྟོན་གནང་ཡོད་ཟེར།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་བ་འབྲི་ན། ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་དགོས།
དུས་རབས་གསར་པའི་ལོ་བཅུའི་རིང་གི་རླབས་ཆེན་གསར་གཏོད་དང་རླབས་ཆེན་འཕོ་འགྱུར་མངོན་འགྱུར་བྱུང་བའི་ཆེས་རྩ་བའི་རྒྱུ་རྐྱེན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་ཕྱོགས་སྟོན་སྣེ་ཁྲིད་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཚན་རིག་དང་མཐུན་པར་ཁྲིད་སྟོན་བྱས་པས་རེད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། ཏང་གི་འགོ་ཁྲིད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོར་དོན་འཁྱོལ་བྱེད་དགོས་པ་དང་། དེ་ཡིས་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཆར་རླུང་གིས་འཇབ་རྒོལ་ཐེབས་སྐབས་མི་དམངས་ཡོངས་ཀྱི་རྒྱབ་རྟེན་བཅོལ་ས་གཙོ་བོར་འགྱུར་བར་བྱས་ཏེ། རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཡང་དག་པའི་ཁ་ཕྱོགས་ལ་འགན་སྲུང་དང་། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཆབ་སྲིད་ཀྱི་གོང་བུ་འགྲིལ་ཤུགས་དང་། ཡིད་ཆེས་ཆེན་པོས་འཕེལ་རྒྱས་གཏོང་བར་འགན་སྲུང་བྱས་ཏེ། མི་ཁྲི་སེམས་པ་གཅིག་དང་། མཉམ་དུ་དཀའ་ངལ་ལས་བརྒལ་བའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱེད་དགོས།
“ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ངེས་པར་དུ་ཁག་ཐེག་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་སྡེབ་འཛིན་འདོན་སྤེལ་དང་། ཕྱོགས་སོ་སོའི་འགོ་ཁྲིད་སྲོག་ཤིང་ནུས་པར་མཐུན་སྦྱོར་བྱེད་པར་ཁག་ཐེག་བྱེད་དགོས།” ནན་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅིའམ་འཐུས་མི་ཞུའུ་ཁྲོན་གྱིས་བཤད་རྒྱུར། རང་རྟོགས་སྒོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲ་བ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་དགོས་པ་དང་།“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་སྲུང་སྐྱོབ་དང་། “སྲུང་སྐྱོང་གཉིས”ལག་བསྟར་བྱས་ནས་ང་ཚོ་ཏང་གི་སྐྱེ་སྟོབས་ཀྱི་གསོན་ཤུགས་སྲུང་འཛིན་དང་རྒྱུགས་སྤྲོད་ཀྱི་ལམ་བུ་གསར་བའི་སྟེང་ལེགས་པོར་བསྐྱོད་དགོས།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་བ་འབྲི་ན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས།
ལོ་བཅུའི་རིང་ལ་འབད་འབུངས་ཡར་བརྩོན་བྱས། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་རྒྱལ་ཁའི་ངང་བགྲོད་དེ། མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་གསར་སྐྲུན་བྱས།
ལག་ལེན་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཏང་དང་མི་དམངས་ཀྱིས་དཀའ་སྡུག་ཚད་མེད་མྱངས་བ་དང་རིན་དོད་ཆེན་པོ་ཕུལ་བ་ལས་ཐོབ་པའི་རྩ་བའི་གྲུབ་འབྲས་ཡིན་པ་དང་། དེ་ནི་མི་དམངས་ཀྱིས་མཛེས་སྡུག་འཚོ་བ་གསར་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བགྲོད་ལམ་ཆེན་མོ་མངོན་འགྱུར་བྱས་པ་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་།“བགྲོད་ལམ་མི་འགྱུར་བ་དང་། ཕུགས་འདུན་མི་འགྱུར་བར་བཀག་སྡོམ་གྱི་ལམ་རྙིང་སྟེང་མི་བགྲོད་པ་དང་། དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུའང་མི་སྐྱོད་པར་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་དེ་རང་ཉིད་སྟོབས་ཤུགས་ཀྱི་གཞི་འཛིན་སར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས”ཞེས་བཏོན་ཡོད།
“ལྷམ་རྐང་པར་འཚམ་མིན་དེ་ལྷམ་གྱོན་མཁན་གྱིས་ད་གཟོད་ཤེས་ཐུབ།”ཧུའུ་ནན་ཞིང་ཆེན་ཁྲིན་ཀྲིག་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའམ་འཐུས་མི་བོ་ཅུའུ་ཕེ་ཡིས་བཤད་རྒྱུར། ལོ་ངོ་བཅུའི་རིང་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་མཛུབ་སྟོན་འོག ས་གནས་དེ་གས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་རི་སྔོ་ཆུ་དྭངས་དེ་དོན་ངོ་མའི་སྟེང་གསེར་རི་དངུལ་རིར་གྱུར་ཡོད། ལག་ལེན་ལས་བགྲོད་ལམ་འདི་ནི་ཀྲུང་གོའི་གནས་ཚུལ་དང་འཚམ་པ་དང་། ཀྲུང་གོ་མི་དམངས་ཀྱི་འདོད་བློ་མཚོན་ཐུབ་པ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པ་ར་སྤྲོད་བྱས་ཡོད་པས། བགྲོད་ལམ་ཡང་དག་པ་དང་གེགས་མེད་ཡིན་དགོས་པར་མ་ཟད། ད་དུང་བརྟན་ཞིང་བཟང་པོར་སྐྱོད་ཐུབ་ངེས་ཡིན།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་བ་འབྲི་ན། ངེས་པར་དུ་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“མི་དམངས”ནི་དེའི་ཁྲོད་ཁྱབ་པའི་ལྟེ་བའི་གནད་འགག་གི་མིང་ཚིག་ཅིག་ཡིན་པ་རེད།
“མི་དམངས་ཀྱིས་ཆེས་སེམས་ཁུར་དང་། ཆེས་ཐད་ཀར། ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ནས་དམ་འཛིན་བྱེད་པ”དང་།“མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བ།”“སྤུས་ཚད་མཐོན་པོས་ལས་ཞུགས་གང་ལེགས་བྱེད་པར་ཡར་སྐུལ་བྱེད་པ།”“གཞི་རྩའི་རྒན་གསོ་ཉེན་ཚབ་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ།”“མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་གནས་སྟེང་འཇོག་པ”སོགས་སྙན་ཞུའི་ནང་སྔར་ལས་མང་པོའི་དམངས་ཚིས་དང་། དམངས་ཀྱི་སེམས་པ་དྲོ་བའི་བྱེད་ཐབས་མང་པོ་མངོན་ཡོད་པ་དེས་མི་དམངས་ཀྱིས་མཛེས་སྡུག་འཚོ་བའི་རེ་སྨོན་ལ་འབོད་སྐུལ་བཏང་ཡོད།
ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་སྲིད་དབང་འཕྲོག་ལེན་དང་སྲིད་དབང་བརྟན་སྲུང་བྱས་པ་ནི་མི་དམངས་ཀྱི་སེམས་པ་སྲུང་བ་ཡིན།
“གྲུ་གཟིངས་དམར་པོ་ཤར་སྐྱོད་བྱེད་ཡུལ”ཏེ། ཀྲེ་ཅང་ཅ་ཞིན་ནན་ཧུའུ་ཆུའུ་རུ། འདས་ཟིན་པའི་ལོ་བཅུ་དགུའི་རིང་ལ། 96345ཞབས་ཞུའི་ཁ་པར་གྱིས་དུས་ཚོད24རིང་ལ་ཞབས་ཞུ་སྒྲུབ་བཞིན་ཡོད་པ་དང་། སྡོམ་པས་ཁ་པར་ས་ཡ་བཞི་དང་འབུམ་བདུན་ལྷག་སྣེ་ལེན་བྱས་ཤིང་། མང་ཚོགས་ཡིད་ཚིམ་ཚད99%ལས་བརྒལ་ཡོད་པ་རེད།
96345སྡེ་ཁུལ་ཞབས་ཞུའི་རོགས་སྐྱོར་ལྟེ་གནས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་འཐུས་མི་ལའོ་ཡའེ་ཆིན་གྱིས་བཤད་རྒྱུར། “གྲུ་གཟིངས་དམར་པོས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་དད་སེམས་གཅིག་ཏུ་བསྡུས་པ་དང་། ཐོག་མའི་བསམ་འདུན་དང་དད་སེམས་དེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ནས་མཚོན་ཡོད”ཟེར།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་འབྲི་ན། ངེས་པར་དུ་བཅོས་བསྒྱུར་སྒོ་འབྱེད་ཟབ་མོ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།
བཅོས་བསྒྱུར་སྒོ་འབྱེད་ནི་མདུན་སྐྱོད་ལམ་བུའི་སྟེང་གི་འཛད་མཐའ་མེད་པའི་སྒུལ་ཤུགས་ཤིག་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་བློ་བརྟན་འགྱུར་མེད་ཀྱིས་སྒོ་འབྱེད་རྒྱ་སྐྱེད་པ་དང་། གཏིང་རིམ་གྱི་སྒྲིག་སྲོལ་རྐྱེན་སྲོལ་གྱི་འགོག་རྐྱེན་ཤུགས་ཆེན་པོས་སེལ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་མུ་མཐུད་དུ་མངོན་པར་བྱེད་དགོས་ཞེས་བསྟན།
སྙན་ཞུའི་ནང་བཏོན་པའི་བཀོད་སྒྲིག་གསར་པ་རབ་དང་རིམ་པས་མ་འོངས་འཕེལ་རྒྱས་ཀྱི“བཟོ་སྐྲུན་ལས་རིས”ཤིག་བཀོད་ཡོད་པ་སྟེ། དཔལ་འབྱོར་ཐད་ནས“སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན”པ་གཏན་འཁེལ་བྱས་པ་དང་། ཚན་རིག་སློབ་གསོ་ཐད་ནས་“ངེས་པར་དུ་ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་དང་། ཤེས་ཡོན་ཅན་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ། གསར་སྐྲུན་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་བྱེད་དགོས”པར་བཏོན་པ་དང་། ཁྲིམས་སྐྱོང་ཐད་ནས“ཁྲིམས་སྐྱོང་བགྲོད་ལམ་སྟེང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར” བཀོད་སྒྲིག་བྱེས་ཤིང་། སྐྱེ་ཁམས་ཐད་ནས“ངེས་པར་དུ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་འཕེལ་རྒྱས་ལ་ཇུས་འགོད་བྱེད་དགོས་པར”བསྟན།
ལེའོ་ཉིང་ཞིང་ཆེན་ཧྥུའུ་ཞིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའམ་འཐུས་མི་ཧུའུ་ཐའོ་ཡིས་བཤད་རྒྱུར། “རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བར་བསྟུན་ན། གནད་འགག་ནི་སྔར་ལས་ལྷག་པའི་སྒོ་ནས་དོ་མཉམ་མིན་ཞིང་གང་ལེགས་མ་བྱུང་བའི་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད། སྙན་ཞུའི་ནང་རྙོག་འཛིང་གནས་བབ་ལ་ལྟ་སྟངས་གང་འདྲ་བཟུང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇི་ལྟར་སྒྲུབ་པའི་གནད་དོན་ཐད་ཚན་རིག་ལྟར་ལན་བཏབ་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་བགྲོད་ལམ་སྟེང་ཁ་ཕྱོགས་གསལ་སྟོན་བྱས་ཡོད”ཟེར།
རྒྱལ་ཡོངས་ཀྱི་ཐོན་ཁུངས་སྟོངས་ཟད་རྣམ་པའི་གྲོང་ཁྱེར་གྱི་དཔལ་འབྱོར་གཞན་སྒྱུར་ཚོད་ལྟའི་གྲོང་ཁྱེར་ཐོག་མ་ཡིན་པའི་ཆ་ནས་ཧྥུའུ་ཞིན་གྲོང་ཁྱེར་གྱིས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། རླུང་གློག་དང་། འོད་ནུས་སོགས་ནུས་ཁུངས་གསར་པའི་ཐོན་ལས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད།
སྙན་ཞུའི་ནང་དོན་ཡང་དང་བསྐྱར་དུ་ཀློག་ནས་ཞིབ་འཇུག་བྱས་པ་དང་། ཧྥུའུ་ཅན་ཞིང་ཆེན་ཅིན་ཅང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའམ་འཐུས་མི་ཀྲང་བུན་ཞན་གྱིས་སྔར་ལས་ཡིད་ཆེས་བརྟན་པའི་་སྒོ་ནས་བཤད་རྒྱུར། “ང་ཚོས་འགོ་འཛུགས་ས་གསར་བ་ནས་བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་ཟབ་མོ་བཏང་སྟེ། སྒོ་འབྱེད་རྣམ་པས་འཛམ་གླིང་ཡོངས་ཀྱི་ཚོང་རའི་ཐོག་བསྐྱོད་རྒྱུ་ཡིན”ཟེར།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་འབྲི་ན། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁ་ལེན་པར་ཐག་ཇི་ལྟར་ཉེ་ན། དེ་ཙམ་གྱིས་རླུང་འཚུབ་དྲག་རླབས་དང་ཐ་ན་རྦ་རླབས་འཇིགས་སུ་རུང་བའི་ཉམས་ཚོད་ཆེན་པོ་ཐེག་རྒྱུའི་གྲ་སྒྲིག་བྱ་དགོས།
མ་འོངས་པར་ཁ་ཕྱོགས་པ་ན་ཀྲུང་གོའི་གླིང་སྣེ་ཞིབ་འཇུག་ལྟེ་གནས“གངས་འབྲུག2”པ་རྟགས་ཅན་གྱི་གྲུ་དཔོན་ནམ་འཐུས་མི་ཀྲའོ་ཡན་ཕིན་སེམས་འགུལ་ཚད་མེད་ཐེབས་བཞིན་བཤད་རྒྱུར།“‘གངས་འབྲུག’རྟགས་ཅན་ནས‘གངས་འབྲུག2’པ་རྟགས་ཅན་བར་དང་། ‘འབྲུག་གཉིས་འཚོལ་ཞིབ་ལྟེ་གནས’ཀྱི་རྒྱབ་ཏུ་རང་རྒྱལ་གྱི་ཚན་རྩལ་གསར་སྐྲུན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ང་ཚོས་གླིང་སྣེའི་འཚོལ་ཞིབ་ཀྱི་སྤྲོ་སེམས་དང་བློ་སྤོབས་ལ་བརྟེན་ནས་ཚན་ཞིབ་འགག་སྒྲོལ་ཤུགས་ཚད་མུ་མཐུད་དུ་ཆེ་རུ་བཏང་བ་དང་། འཐབ་རྩོད་སྙིང་སྟོབས་དར་སྤེལ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ མཁྲེགས་གཏོར་དཀའ་སེལ་དང་འབད་པས་མདུན་སྐྱོད་བྱེད་པར་སྐུལ་འདེད་བཏང་།
ང་ཚོས་འབད་འཐབ་བྱས་པ་བརྒྱུད་འོད་སྟོང་འཕྲོ་བའི་ལམ་ཆེན་སྟེང་བསྐྱོད་ཡོད་པ་དང་། ང་ཚོ་ད་དུང་མུ་མཐུད་མདུན་སྐྱོད་བྱེད་དགོས།
བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མཛུབ་ཁྲིད་འོག་ཏུ། ཀྲུང་གོའི་མི་དམངས་དུང་ཕྱུར14ལྷག་གི་བརྗིད་ཆེའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་བྱས་ཡོད་པ་དང་། ང་ཚོས་རླབས་ཆེན་གྱི་འབད་འཐབ་གསར་པར་བརྟེན་ནས་རླབས་ཆེན་གྱི་བྱ་གཞག་གསར་པ་གཏོད་ཐུབ་ངེས་རེད།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད། ཚེ་རིང་སྒྲོལ་མ།