ཏང་གི་གཞུང་ལུགས་གསར་གཏོད་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་བློ་རུ་བརྟན་པོར་ངེས་དགོས།
2022.10.21 ཁུངས། ཀློག་གྲངས། 73

“དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་བློ་རུ་བརྟན་པོར་ངེས་དགོས།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀོང་ཞིའི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས་སྐབས་ནན་གྱིས་བསྟན་དོན།ཏང་གི་གསར་གཏོད་གཞུང་ལུགས་ལ་སློབ་སྦྱོང་དོན་འཁྱོལ་བྱས་ཏེ། དེའི་ནང་གི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་དགོས་པ་དང་། དེའི་ནང་དུ་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། ཐབས་ཤེས་བཅས་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་དགོས།

བླང་བྱ་གལ་ཆེན་དེ་ལས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་བྱེད་པ་དང་། དུས་རབས་གསར་བའི་རླབས་ཆེན་ལག་ལེན་ཁྲོད། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གོ་རྟོགས་གསར་བ་བསྐྲུན་པར་ཁ་ཕྱོགས་གསལ་བོ་བསྟན་ཡོད།

ཀྲུང་གོ་གུང་ཁྲན་ཏང་ཅིའི་ཕྱིར་འཇོན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་ཡག་པོ་ཡིན་དགོས་དོན་དེ། མཐར་གཏུགས་ན་མར་ཁེ་སི་རིང་ལུགས་ཡང་དག་པ་དང་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སི་རིང་ལུགས་ཡང་དག་པའི་རྐྱེན་རེད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཀྱི་འགྱུར་ལྡོག་གསར་པ་དང་ལག་ལེན་གྱི་བླང་བྱ་གསར་པའི་མདུན་དུ། ང་ཚོའི་ཏང་གིས་རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པ་དང་། མཐོང་རྒྱ་གསར་རྐྱང་གིས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ནས། གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་བླངས་པ་དང་། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལས་གཅིག་བསྡུས་ཀྱིས་མཚོན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་པ་དང་། དེ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཉིང་བཅུད་ཡིན་པས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་འཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་ཡོད་པས། ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱ་དགོས་པར་མ་ཟད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་ནན་གྱིས་བསྟན་དོན། ངེས་པར་དུ་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང་། ངེས་པར་དུ་རང་རྟོན་རང་ཚུགས་རྒྱུན་འཁྱོངས། ངེས་པར་དུ་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས། ངེས་པར་དུ་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས། ངེས་པར་དུ་མ་ལག་འདུ་ཤེས་རྒྱུན་འཁྱོངས། ངེས་པར་དུ་ཡིད་ལ་གནམ་འོག་འཆིང་བ་རྒྱུན་འཁྱོངས་བཅས་བྱེད་པ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བསམ་བློའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་ཡོད།

ངེས་པར་དུ་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་ན་མི་དམངས་ཀྱི་ལངས་ཕྱོགས་ནས་བརྟན་པོར་ལངས་དགོས་པ་དང་མི་དམངས་ཀྱི་རེ་འདུན་ཁོང་དུ་ཆུད་པ། མི་དམངས་ཀྱི་གསར་སྐྲུན་ལ་བརྩི་འཇོག མི་དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ་བཅས་བྱས་ཏེ། མི་དམངས་དགའ་བ་དང་མི་དམངས་ཀྱིས་ཁས་ལེན་པ། མི་དམངས་རང་ལ་དབང་བ་ཡིན་པ་བཅས་ཀྱི་རིགས་པའི་གཞུང་ལུགས་ཆགས་པར་བྱེད་དགོས། ངེས་པར་དུ་རང་རྟོན་རང་ཚུགས་རྒྱུན་འཁྱོངས་བྱེད་ན་ཀྲུང་གོའི་གནད་དོན་ནི་ངེས་པར་དུ་ཀྲུང་གོའི་གཞི་རྩའི་གནས་ཚུལ་གཞིར་བཟུང་ནས་ཀྲུང་གོ་བ་རང་ཉིད་ཀྱིས་ལན་འདེབས་དགོས་པ་དེ་རེད། མར་ཁེ་སི་རིང་ལུགས་ལ་དད་སེམས་བརྟན་པོ་ཡོད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་དད་སེམས་བརྟན་པོ་ཡོད་པ་རྒྱུན་འཁྱོངས་བྱེད་དགོས་ལ། བགྲོད་ལམ་གྱི་ཡིད་རྟོན་དང་རིགས་པའི་གཞུང་ལུགས་ཀྱི་ཡིད་རྟོན། ལམ་ལུགས་ཀྱི་ཡིད་རྟོན། རིག་གནས་ཀྱི་ཡིད་རྟོན་བཅས་རྒྱུན་འཁྱོངས་བྱས་ཏེ། དགེ་མཚན་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ་དང་གསར་གཏོད་སྙིང་སྟོབས་ལ་བརྟེན་ནས་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་ཆེད་བྱས་རྗེས་གསར་པ་འཇོག་དགོས། ངེས་པར་དུ་དྲང་བདེན་གསར་སྐྲུན་རྒྱུན་འཁྱོངས་བྱེད་ན། ཚན་རིག་གི་རྣམ་འགྱུར་གྱིས་ཚན་རིག་ལ་ལྟ་སྟངས་འཛིན་པ་དང་། བདེན་དོན་གྱི་སྙིང་སྟོབས་ལ་བརྟེན་ནས་བདེན་དོན་དོན་གཉེར་བྱེད་དགོས་ལ། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་རྒྱུན་འཁྱོངས་བྱེད་པར་གཡོ་འགུལ་མེད་པ་དང་། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་གཡོ་འགུལ་མེད་པ།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པར་གཡོ་འགུལ་མེད་པ་བཅས་རྒྱུན་འཁྱོངས་བཅས་བྱས་ཏེ། ལྷག་བསམ་འཁོལ་བའི་ངང་གསར་བྱུང་བྱ་དངོས་ཡོད་ཚད་ལ་ལྟ་སྟངས་བཟུང་སྟེ། ཤེས་རྟོགས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། སྔོན་རབས་པས་བཤད་མ་མྱོང་བའི་སྐད་ཆ་གསར་པ་བཤད་ཕོད་པ་དང་། སྔོན་རབས་པས་བསྒྲུབ་མ་མྱོང་བའི་བྱ་བ་སྒྲུབ་ཕོད་པ་བྱས་ཏེ་རིགས་པའི་གཞུང་ལུགས་གསར་པར་མཛུབ་སྟོན་བྱེད་དགོས། ངེས་པར་དུ་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་ན་ལག་ལེན་ཁྲོད་འཕྲད་པའི་གནད་དོན་གསར་པ་དང་། བཅོས་སྒྱུར་དང་འཕེལ་རྒྱས་བརྟན་འཇགས་བཅས་ཀྱི་ཁྲོད་གནས་པའི་གཏིང་རིམ་གྱི་གནད་དོན་དང་མི་དམངས་མང་ཚོགས་ཀྱི་བྲེལ་ཞིང་དཀའ་ཁག་ཆེ་ལ་སེམས་ཁུར་རེ་ལྟོས་བཅས་ཀྱི་གནད་དོན་རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་ཁྲོད་ཀྱི་གནད་དོན་ཆེན་པོ། ཏང་འཛུགས་སྐྲུན་ལ་འཕྲད་པའི་གནད་དོན་འབུར་ཐོན་བཅས་ལ་དམིགས་ནས། གནད་དོན་ཐག་གཅོད་ངོ་མ་བྱེད་པའི་འདུ་ཤེས་གསར་པ་དང་བསམ་ཕྱོགས་གསར་པ། ཐབས་ཤེས་གསར་པ་བཅས་རྒྱུན་ཆད་མེད་པར་འདོན་དགོས། ངེས་པར་དུ་མ་ལག་འདུ་ཤེས་ རྒྱུན་འཁྱོངས་བྱེད་ན། འཐབ་ཇུས་ཀྱི་བསམ་གཞིགས་དང་ལོ་རྒྱུས་ཀྱི་བསམ་གཞིགས། རྩོད་སྒྲུབ་ཀྱི་བསམ་གཞིགས། མ་ལག་གི་བསམ་གཞིགས། གསར་གཏོད་ཀྱི་བསམ་གཞིགས་དང་ཁྲིམས་སྐྱོང་བསམ་གཞིགས། མཐའ་ཚད་ཀྱི་བསམ་གཞིགས་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ལ་སྔོན་མཐོང་རང་བཞིན་གྱི་བསམ་བློ་གཏོང་བ་དང་། ཕྱོགས་ཡོངས་རང་བཞིན་གྱི་ཇུས་འགོད་བྱེད་པ། སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་གཏོང་བ་བཅས་ལ་ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་འདོན་སྤྲོད་བྱེད་དགོས། ངེས་པར་དུ་ཡིད་ལ་གནམ་འོག་འཆིང་བ་རྒྱུན་འཁྱོངས་བྱེད་ན་འཛམ་གླིང་གི་མིག་རྒྱ་ཆེ་རུ་བསྐྱེད་དེ། མིའི་རིགས་ཡར་རྒྱས་གོང་འཕེལ་འགྲོ་བའི་རླབས་རྒྱུན་མཐའ་གསལ་མཐིལ་རྟོགས་བྱེད་པ་དང་། རྒྱལ་ཁབ་སོ་སོའི་མི་དམངས་ཡོངས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གནད་དོན་ལ་ཧུར་ཐག་གིས་ལན་བཏབ་ནས། འགྲོ་བ་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་གནད་དོན་ཐག་གཅོད་བྱེད་པར་བྱས་རྗེས་འཇོག་དགོས། རྒྱ་མཚོའི་ཆུ་ཕྲན་ཐམས་ཅད་བསྡུ་བའི་བློ་རྒྱ་ཆེན་པོ་བཅངས་ནས་མིའི་རིགས་ཀྱི་དཔལ་ཡོན་གྲུབ་འབྲས་ཕུལ་བྱུང་མཐའ་དག་ལ་དཔེ་ལྟ་དང་དེ་བསྡུ་ལེན་བྱས་ཏེ། སྔར་ལས་མཛེས་སྡུག་ཡིད་དུ་འོང་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

“བྱ་དངོས་ཀུན་ལ་རྩ་བ་ཡོད་ཚེ་རྩེ་མོ་རྒྱས་ཐུབ་ཅིང་།  བྱ་གཞག་ཡོད་ཚད་ལུགས་མཐུན་ཡིན་ཚེ་གཞི་ནས་རྒྱལ་ཁ་ཐོབ་ངེས།” དོན་ཚན་དྲུག་པོ་འདིར་ང་ཚོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་སྐབས་གོ་བ་ནན་མོ་བླངས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་གནས་ལུགས་དང་ཚན་རིག་རིགས་པ། མཚན་ཉིད་རིགས་པ་བཅས་ལ་གོ་བ་ཟབ་མོར་བླངས་ནས།  གཏམ་གྱི་གོ་བ་ལོན་ཞིང་དོན་གྱི་སྙིང་བོ་རྟོགས་ལ། དེ་ནི་ཅི་འདྲ་ཞིག་དང་དེ་ནི་ཅིའི་ཕྱིར་ཡིན་པ་བཅས་ཤེས་པར་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་ཏན་ཏིག་བྱེད་དགོས།

ལག་ལེན་ལ་རྫོགས་མཐའ་མེད་ཅིང་། རིགས་པའི་གཞུང་ལུགས་གསར་སྐྲུན་ལའང་རྫོགས་མཐའ་མེད། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བའི་ལེའུ་གསར་པ་རྒྱུན་མི་ཆད་པར་རྩོམ་རྒྱུ་ནི་དེང་རབས་ཀྲུང་གོ་གུང་ཁྲན་ཏང་མིའི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་དུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཡག་པོ་ཆུད་པ་དང་། དེའི་ནང་དུ་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། ཐབས་ཤེས་བཅས་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱས་ནས། ལག་ལེན་གྱི་རྨང་གཞིའི་སྟེང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ན། ང་ཚོས་རྒྱུན་ཆད་མེད་པར་དུས་རབས་གསར་པའི་རླབས་ཆེན་ལག་ལེན་ཁྲོད་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གོ་རྟོགས་གསར་པ་བསྐྲུན་ཐུབ།

ཡིག་སྒྱུར་བ། རྟ་མགྲིན་སྐྱབས།