ཞིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཏམ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀོང་ཞིའི་འཐུས་མིའི་ཚོགས་པའི་གྲོས་བསྡུར་ལ་ཞུགས་སྐབས།“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་བློ་རུ་བརྟན་པོར་ངེས་དགོས།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འགན་འཁྲི་དང་ལས་འགན་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བསམ་བློ་དང་བྱ་སྤྱོད་ཀྱི་སྟོབས་ཤུགས་ཆེན་པོ་སྣོན་དགོས་པའི་ཐུགས་རེ་བཏོན་པ་རེད།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་ནི། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་བྱེད་པའི་རླབས་ཆེན་གྱི་ཕུགས་འདུན་ཡིན་པས། མི་རབས་ནས་མི་རབས་བར་མི་རྣམས་ཀྱིས་འབད་འཐབ་ལྷོད་མེད་བྱེད་དགོས། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱས་པའི་རྨང་གཞིའི་ཐོག ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་ལ་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་གསར་སྐྲུན་དང་ཐོད་བརྒལ་བྱུང་བ་བརྒྱུད་དེ། ང་ཚོའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བདེ་བླག་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་ཞིང་། དེ་ལ་རྒྱལ་ཁབ་སོ་སོའི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་པ་དང་། རྒྱལ་ཁབ་རང་གི་གནས་ཚུལ་གཞི་རྩར་བྱས་པའི་ཀྲུང་གོའི་ཁྱད་ཆོས་དེ་བས་ཀྱང་ལྡན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་གྲངས་ཀྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་དང་། དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན། ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པའི་དེང་རབས་ཅན་བཅས་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བའི་བླང་བྱ་ནི། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་གསར་གཏོད་བྱེད་པ་བཅས་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་དོན་དངོས་དང་ཧ་ཅང་མཐུན་པ་ཞིག་ཡིན་པས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཆོས་ཉིད་མངོན་ཡོད་ལ། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ཀྱང་མངོན་ཡོད་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་འདིར་བསྐྱོད་པ་ནི་ཡང་དག་ཅིང་གེགས་མེད་ཡིན་པར་མ་ཟད། མུ་མཐུད་དུ་ལམ་འདིར་བརྟན་ཞིང་བཟང་བོར་བསྐྱོད་ཐུབ་ངེས་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་ནན་གྱིས་བསྟན་དོན། དུས་ད་ལྟ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཕྲག་ཏུ་བླངས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འགན་འཁྲི་དང་ལས་འགན་ལ་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཏེ། ཏང་གི་འགོ་ཁྲིད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་བརྒྱུད་རིམ་ཁྲོད་དོན་འཁྱོལ་བྱས་ནས། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཆར་རླུང་དྲག་པོ་ལྡང་སྐབས་མི་དམངས་ཡོངས་ཀྱི་ཆེས་ཡིད་རྟོན་རུང་བའི་སྲོག་ཤིང་དུ་འགྱུར་བར་བྱ་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱས་ཏེ། བཀག་སྡོམ་མཁྲེགས་འཛིན་གྱི་ལམ་རྙིང་དུ་མི་སྐྱོད་པ་དང་དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུ་ཡང་མི་སྐྱོད་པར། རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་མངོན་འགྱུར་བྱས་ནས། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཐོགས་པར་བྱེད་དགོས། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་རྒྱུན་འཁྱོངས་བྱས་ནས། རྒྱུན་ཆད་མེད་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་མངོན་པར་བྱེད་པ་དང་། རྒྱུན་ཆད་མེད་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྒུལ་ཤུགས་དང་གསོན་ཤུགས་ཇེ་དྲག་ཏུ་བཏང་ནས། རང་རྒྱལ་གྱི་ལམ་ལུགས་ཀྱི་དགེ་མཚན་དེ་སྔར་ལས་བཟང་བོའི་སྒོ་ནས་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་བློ་སྟོབས་དང་། ལ་རྒྱ། གདེང་ཚོད་བཅས་ཆེ་རུ་གཏོང་བ་དང་། ལོག་བཤད་ལ་ཡིད་མི་ཆེས་བ་དང་། ངན་རེངས་ལ་དཔའ་མི་ཞུམ་པ། གནོན་ཤུགས་ལ་བློ་མི་འཇིགས་པ། དཀའ་ངལ་ལ་མི་འཛེམ་པར་གདོང་བསུས་ཏེ་མདུན་དུ་སྐྱོད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། ནུས་ཤུགས་ཡོད་རྒུས་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བར་བྱེད་པ། ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་ཡུལ་ཁམས་གསར་པ་གསར་གཏོད་བཅས་བྱེད་དགོས།
ད་ལྟ་ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་ཡོང་རྒྱུར་དེ་བས་ཉེ་བཅར་དང་དེ་བས་ཡིད་ཆེས་དང་ནུས་པ་ལྡན་པའི་དུས་མཚུངས་སུ། ངེས་པར་དུ་དཀའ་ཚེགས་སྔར་ལས་ཆེ་བའི་འབད་བརྩོན་བྱེད་རྒྱུའི་གྲ་སྒྲིག་ཀྱང་བྱེད་དགོས། མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས་ཡིད་ཆེས་བརྟན་པོ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་། རང་འགུལ་སྒོས་འགྱུར་ལྡོག་འབྱུང་ཚུལ་མཐོང་བ་དང་། རང་འགུལ་སྒོས་ཉེན་ཁ་འགོག་ཟོན་དང་དེ་སེལ་ཐབས་བྱས་ཚེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་ཐུབ་ངེས་ཡིན།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།