ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུའི་སྐོར་གླེང་བ།
ཟླ10ཚེས16ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་འགོ་བརྩམས། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཁྲིན་ཡེ་ཧྭ་ཡིས་པར་བླངས།
འདི་ནི་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་གི་བརྗིད་ཉམས་ལྡན་པའི་བསྒྲགས་གཏམ་ཞིག་ཡིན།
“བཀག་སྡོམ་མཁྲེགས་འཛིན་གྱི་ལམ་རྙིང་དུ་མི་བསྐྱོད་པ་དང་དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུ་ཡང་མི་བསྐྱོད་པར་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་སྟེང་འཇོག་པ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས”
འདི་ནི་བློ་སྟོབས་ཆེར་བསྐྱེད་ཀྱིས་སྐྱོད་ལམ་གསར་པར་སྐྱོད་པའི་རླབས་ཆེན་གྱི་སྐུལ་སློང་ཞིག་ཡིན།
“དུས་ད་ལྟ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་རེད”།
བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་བསྐྱོད་བྱེད་པའི་གནད་འགག་གི་དུས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དར་ཆ་སྒྲེང་ནས་ཁ་ཕྱོགས་གཏན་འཁེལ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་ཏང་ཡོངས་ཀྱི་བློ་མཐུན་ཚོར་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་སྔར་ལས་བཀྲག་མདངས་འཚེར་བའི་ལེའུ་ཞིག་རྩོམ་དགོས་པའི་འབོད་སྐུལ་གནང་བ་རེད།
ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་ཡང་དག་པ་དང་གེགས་མེད་ཡིན་པར་མ་ཟད། བརྟན་ཞིང་བགྲོད་བདེ་བ་ཞིག་ཀྱང་ཡིན།
ཁ་ཕྱོགས་ཀྱིས་བགྲོད་ལམ་ཐག་གཅོད་པ་དང་བགྲོད་ལམ་གྱིས་ལས་དབང་ཐག་གཅོད་ངེས།
ཚེས17ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ནང་ཞུགས་སྐབས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་དང་བྱ་བའི་བཀོད་སྒྲིག་ནི་རྦད་དེ་ཡང་དག་ཞིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་ཀྲུང་གོའི་དོན་དངོས་དང་མཐུན་པ་དང་། ཀྲུང་གོ་མི་དམངས་ཀྱི་བསམ་འདུན་མཚོན་པ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་བཅས་ཡིན་པས། བགྲོད་ལམ་ཡང་དག་པ་དང་གེགས་མེད་ཡིན་པར་མ་ཟད། བརྟན་ཞིང་བགྲོད་བདེ་བ་ཞིག་ཀྱང་ཡིན་པར་ལག་ལེན་ལས་ར་འཕྲོད་བྱུང་ཡོད།
ལམ་བུ་འདིས་མི་དམངས་དུང་ཕྱུར་མང་པོར་བདེ་སྐྱིད་བསྐྲུན་ཡོད།
5Gཡི་བརྡ་རྟགས་བཀོལ་བ་དང་། གཞུང་ལམ་གྱི་ཕུག་ལམ་ཤར་གཏོང་བྱས་པ། ལྷོ་རྒྱུད་ཀྱི་གློག་དྲ་ཆེན་མོ་དང་སྦྲེལ་མཐུད་བྱས་པ་སོགས་ཡུན་ནན་གྱི་ཏུའུ་ལུང་གཙང་བོའི་རི་ཁུལ་གྱི་གྲོང་གསེབ་ལ་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་ནས། ཏུའུ་ལུང་རིགས་དབུལ་ཐར་གྱི“སྣེ་ཁྲིད་མཁན” ཀའོ་ཏེ་རོང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད་རྒྱུར“དུས་རབས་གསར་པར་སླེབས་རྗེས།ཏུའུ་ལུང་རིགས་ཁྱོན་ཡོངས་ནས་དབུལ་ཐར་བྱས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་སྤུན་ཟླ་གཞན་དག་དང་མཉམ་དུ་འབྱོར་འབྲིང་གི་འཚོ་བ་སྐྱེལ་བའི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། ‘ཐད་བརྒལ་མི་རིགས’ཀྱི་གོམས་སྟབས་གཅིག་གིས་ལོ་ངོ་སྟོང་གི་ཕུགས་འདུན་མངོན་འགྱུར་བྱུང་ཡོད །” ཏུའུ་ལུང་གཙང་པོའི་གྲོག་རོང་གི་རླབས་ཕྲེང་དྲག་པོ་སྟོབས་ཀྱིས་འབབ་པས་འཇིགས་རུང་གི་འགག་འཕྲེང་ཐུར་དུ་གཤགས་ཤིང་། “གཅོང་རོང་གི་གནས”དེ་ནི་སྔོན་ཆད་མི་མེད་ཁེར་རྐྱང་གི “གླིང་ཕྲན”ཞིག་ཡིན།
ཀའོ་ཏེ་རོང་གིས་བཤད་རྒྱུར། “སྔོན་ཆད་ང་རང་ཁུལ་ཐོག་ཏུ་སློབ་གྲྭར་འགྲོ་དུས། འདྲེད་ཐག་ལ་བརྟེན་ནས་ཕྱིན་ན་ཉིན་མཚན་དྲུག་གི་དུས་ཡུན་གྱིས་ད་གཟོད་ཏུའུ་ལུང་གཙང་བོ་བརྒལ་ཐུབ་པ་དང་།” “ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ལ་བརྟེན་ནས་ཏུང་ལུང་གཙང་བོའི་གཞུང་ལམ་སྔར་ལས་ཤར་གཏོང་བྱེད་ཐུབ་སོང་བ་ཡིན།”
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱུན་ཆད་མེད་པར་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་གནང་བ་དང་། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་མཁྲེགས་གཏོར་དང་གསར་འབྱེད་ཡར་བརྩོན་བྱས་པས། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེས་ཆེ་བའི་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། ཀྲུང་ཧྭའི་ས་གཞི་ཆེན་མོའི་སྟེང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱུང་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བུའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད།
ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས་དབྱར་མཚོ་རྒྱས་པ་ལྟ་བུའི་གསོན་ཤུགས་མངོན་ཡོད།
ལམ་འདི་ནི་ཀྲུང་ཧྭའི་ས་གཞི་ཆེན་པོར་གཞི་བཙུགས་པ་སྟེ།
འདས་མ་ཐག་པའི་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས། “དུས་རབས་གསར་པར་འབད་པས་བསྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་དེ་ཀུན་གྱིས་དོ་སྣང་བྱ་ཡུལ་དུ་གྱུར་ཡོད།
མེས་རྒྱལ་འཕེལ་རྒྱས་ཆེན་པོའི་འཕོ་འགྱུར་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ལྟ་སྐོར་བ་ཚོས་ཟིན་བྲིས་སྟེང“ང་ཚོ་འགྲོ་སའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་འོད་སྣང་གི་ལམ་བུ་ཞིག་དང་རེ་བའི་ལམ་བུ་ཡིན་ཞིག་ཡིན་ལ། ‘མི་ཡུལ་གྱི་བགྲོད་ལམ་ཡང་དག་པ་ཞིག’ཀྱང་ཡིན”ཞེས་བྲིས་ཡོད།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་གནམ་ནས་ལྷུང་བ་ཞིག་མིན་པར། ཏང་དང་མི་དམངས་ཀྱིས་དཀའ་སྡུག་ཚད་མེད་དང་རིན་དོད་སྣ་ཚོགས་བཏང་སྟེ་ཐོབ་པའི་གྲུབ་འབྲས་རྩ་ཆེན་ཞིག་ཡིན་པས། གྲུབ་འབྲས་འདི་ཐོབ་པ་ནི་ལས་སླ་མོ་ཞིག་གཏན་ནས་མིན།
“ཀྲུང་གོར་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་དང་། ལོ་རྒྱུས་ཀྱི་ལས་དབང་། རྒྱལ་ཁབ་ཀྱི་དངོས་ཡོད་གནས་ཚུལ་བཅས་ཡོད་པས། ཀྲུང་གོས་རང་ཉིད་ཀྱི་ཁྱད་ཆོས་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་ནི་ལྡོག་ཏུ་མེད་པ་ཞིག་རེད།”ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གི་གླིང་གཙོ་ཆུས་ཆིན་ཧྲན་གྱིས་བལྟས་ན། ང་ཚོའི་བགྲོལ་ལམ་གྱི་ཡིད་རྟོན་དང་རིགས་པའི་གཞུང་ལུགས་ཀྱི་ཡིད་རྟོན། ལམ་ལུགས་ཀྱི་ཡིད་རྟོན། རིག་གནས་ཀྱི་ཡིད་རྟོན་བཅས་ནི་ལག་ལེན་ལས་བྱུང་བ་དང་མི་དམངས་ལས་བྱུང་བ། བདེན་དོན་བཅས་ལས་བྱུང་བ་ཞིག་ཡིན་པར་འདོད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ཨན་ཧུའེ་དགེ་ཐོན་སློབ་ཆེན་གྱི་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་ལུའུ་པིང་ཧུའེ་ཡིས་བཤད་རྒྱུར། “ལོ་རྒྱུས་དང་ལག་ལེན་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་གོའི་ས་གཞི་ཆེན་མོར་རྩ་བ་ཚུགས་པ་དང་། ཀྲུང་གོའི་མི་དམངས་ཀྱི་བསམ་འདུན་མཚོན་པ། ཀྲུང་གོ་དང་དུས་རབས་འཕེལ་རྒྱས་ཀྱི་ཡར་ཐོན་བླང་བྱར་འཚམ་ཞིང་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཤིག་ཡིན་པ་ར་འཕྲོད་བྱུང་ཡོད”ཟེར།
འདི་ནི་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་སྐྱོད་པའི་ལམ་བུ་ཞིག་ཡིན་ཏེ།
དེང་སྐབས། འཛམ་གླིང་ཐོག་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་ངང་རིམ་འགྱུར་བྱུང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་དམིགས་འབེན་སྔར་ལས་ཉེ་བར་བཅར་བ་དང་སྔར་ལས་ཡིད་ཆེས་ཡོད་པ། སྔར་ལས་ནུས་པ་ལྡན་ལ། དུས་མཚུངས་སུ་སྔར་ལས་དཀའ་ཚེགས་ཆེ་བ་དང་སྔར་ལས་དཀའ་སྡུག་ཆེ་བར་འབད་བརྩོན་བྱ་རྒྱུར་གྲ་སྒྲིག་བྱེད་དགོས།
“མ་འོངས་པའི་ལོ་ལྔ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་འགོ་རྩོམ་པ་དང་ལམ་ལ་ཆས་པའི་གནད་འགག་གི་དུས་སྐབས་ཤིག་ཡིན།”
རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་འགྲན་སློང་ མཉམ་གནས་དང་། ངེས་གཏན་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་ཤིག་ཏུ་སླེབས་ཡོད་ལ། “ངང་བ་ནག་པོ”དང“བསེ་རུ་སྐྱ་བོ”དོན་རྐྱེན་སྣ་ཚོགས་དུས་དང་རྣམ་པ་ཀུན་ཏུ་ཐོན་ཉེན་ཡོད། ང་ཚོས་ངེས་པར་དུ་ཉམས་ཉེན་དྲན་པའི་འདུ་ཤེས་ཆེ་རུ་གཏོང་བ་དང་མཐའ་ཚད་ཀྱི་བསམ་གཞིགས་རྒྱུན་འཁྱོངས། བདེ་སྡོད་ཉེན་བསམ་དང་ཆུ་མ་ཡོང་གི་རགས་རྒྱག་པ་བཅས་བྱས་ཏེ། རླུང་འཚུབ་རླབས་འཕྱོ་དང་ཐ་ན་འཇིགས་རུང་དྲག་རླབས་ཀྱི་ཉམས་སད་ཆེན་པོ་མྱོང་བའི་གྲ་སྒྲིག་བྱེད་དགོས།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་དེང་སྐབས་ཀྱི་འཛམ་གླིང་དང་དེང་རབས་ཀྲུང་གོའི་འཕེལ་ཕྱོགས་ཆེན་མོ་ཚན་རིག་ལྟར་ཞིབ་ལྟ་དང་། ང་ཚོའི་མདུན་དུ་ལྷགས་པའི་འཐབ་ཇུས་ཀྱི་གོ་སྐབས་དང་། ཉེན་ཁའི་འགྲན་སློང་སྣ་ཚོགས་ཚན་རིག་དང་མཐུན་པའི་སྒོ་ནས་བློ་རུ་ངེས་པར་བྱེད་པ། ཕྱོགས་ཡོངས་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་བླང་བྱ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་བློ་རུ་ངེས་པར་བྱས་ནས། འཐབ་ཇུས་ཀྱི་ཁྱོན་ཡོངས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་ཀྱི་ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དང་། ལོ་རྒྱུས་ཀྱི་རང་འགུལ་ཇེ་དྲག་གཏོང་བར་ཁྲིད་སྟོན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་ནས། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས།
ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ཞུང་ཨན་ཁུལ་གསར་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་། དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཐན་ཅིན་ཁྲང་གིས་བཤད་རྒྱུར། “ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་མཐུན་སྒྲིལ་གྱི་དར་ཆ་དང་། འབད་འབུངས་ཡར་བརྩོན་གྱི་དར་ཆ། རྒྱལ་ཁའི་དར་ཆ་བཅས་ཡིན། ང་ཚོས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་ཏན་ཏིག་བྱས་ནས། བགྲོད་ལམ་ཡིད་རྟོན་ཇེ་བརྟན་དང་བརྩོན་པ་ཕུར་ཚུགས་སུ་བསྟེན་པ། ཧུར་ཐག་སྒོས་ཞུང་ཨན་ཁུལ་གསར་ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དགོས།”
དཀའ་ངལ་ཁྱད་བསལ་གྱིས་རྒྱལ་ཁའི་གླུ་དབྱངས་ལེན་བཞིན་མདུན་དུ་སྐྱོད་དགོས།
ང་ཚོ་རང་ཉིད་ཀྱི་ལམ་བུར་བསྐྱོད་པར་གར་སྟེགས་ཧ་ཅང་རྒྱ་ཆེན་པོ་དང་། ལོ་རྒྱུས་ཀྱི་ནང་དོན་ཕུན་སུམ་ཚོགས་པ། མདུན་སྐྱོད་ཀྱི་བརྟན་ཤུགས་འགྲན་ཟླ་བྲལ་བ་བཅས་ལྡན་ཡོད།
ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་ངེས་པར་དུ་བརྒྱུད་དགོས་པའི་བགྲོད་ལམ་ཞིག་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་གསལ་པོར་བཏོན་ཡོད་པ་དང་། དེའི་ཁྲོད་ཀྱི་དོན་ཚན་གཉིས་པ་ནི“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས”བྱེད་རྒྱུ་དེ་རེད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ་དང་། འཕེལ་ཕྱོགས་ཆེན་མོ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆའི་ཁ་ཕྱོགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས་ཀྲུང་གོའི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ཀྲུང་ཁྲེ་ཆིན་ཏའོ་ཕྱོགས་བཞིའི་འཕྲུལ་འཁོར་མ་རྐང་ཚད་ཡོད་ཀུང་ཟིའི་སྐམ་འཛིན་བཟོ་བའི་ལག་རྩལ་པ་ཀོ་རེས་ཚང་གི་མི་རབས་གསུམ་ཚང་མ་ལྕགས་ལམ་ལས་བཟོ་བ་ཡིན་པ་དང་། ཁོས་བཤད་རྒྱུར། “ཨ་མྱེས་ཀྱི་རིང་ལ་རླངས་སྒུལ་རླངས་འཁོར་བཟོས་པ་དང་། ཨ་ཕའི་རིང་ལ་མེ་འཁོར་བཟོས་ཤིང་། ངས་མྱུར་བགྲོད་ཤུགས་སྒུལ་མེ་འཁོར་བཟོ་བཞིན་ཡོད”ཟེར།
ཀྲུང་གོའི་མི་རབས་དང་པོའི་མྱུར་བགྲོད་ལྕགས་ལམ་ཀྱི་ལས་བཟོ་བ་ཞིག་ཡིན་པའི་ཆ་ནས་ཀོ་རོས་དང་ཁོ་རང་སྡོད་སའི་ཚོགས་པ་ཡིས་མྱུར་བགྲོད་ཤུགས་སྒུལ་མེ་འཁོར1600ལྷག་སྒྲིག་སྦྱོར་བྱས་ཡོད། ད་ལྟ། མེ་འཁོར་དེ་དག་བདེ་འཇགས་ཀྱི་ངང་ནས་སྤྱི་ལེ་ཐེར་འབུམ་ལྷག་ལ་འཁོར་བསྐྱོད་བྱས་ཡོད།
ཀོ་རོས་ཡིས་བཤད་རྒྱུར།“འགྲིམ་འགྲུལ་ལ་འགྱུར་ལྡོག་བྱུང་བ་དེས་རྒྱལ་ཁབ་དང་མི་རིགས་ཤིག་ལོ་རྒྱུས་སྙན་ངག་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བ་མཚོན་གྱིན་ཡོད།”“ལྕགས་ལམ་དྲ་བ་སྐྲུན་ཚད་ཇེ་མང་དུ་སོང་བ་དང་། མྱུར་བགྲོད་ལྕགས་ལམ་གྱི་མྱུར་ཚད་སྔར་ལས་ཇེ་མགྱོགས་སུ་ཕྱིན་ཡོད་པ་དེས་ང་ལ་ཀྲུང་གོའི་ས་གཞི་ཆེན་མོར་རྒྱུན་མཐུད་འཕེལ་རྒྱས་ཀྱི་གསོན་ཤུགས་དང་སྤྲོ་སེམས་འཕེལ་ཡོད་པ་ཚོར་དུ་བཅུག”ཟེར།
ལམ་བུར་སྐྱོད་པར་འགྲིག་ཚེ། ལམ་ཐག་ཇི་འདྲ་རིང་ཡང་སྐྲག་མི་དགོས། དུས་རབས་གསར་པས་ཟིལ་རླབས་དགུང་དུ་འཕྱུར་བའི་དུས་རབས་ཀྱི་རི་མོ་ཞིག་བྲིས་ཡོད་པ་སྟེ། དཔལ་འབྱོར་དངོས་ཤུགས་དང་། ཚན་རྩལ་དངོས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཏེ། འཛམ་གླིང་གི་དཔལ་འབྱོར་ཕུང་བོ་ཆེན་པོ་གཉིས་པ་རུ་བརྟན་པོའི་ངང་གནས་པ་དང་། “ཟླ་བའི་ལྷ་མོ”རྟགས་ཅན་གྱི་འཁོར་སྐར་ཟླ་བའི་གོ་ལའི་སྟེང་བབས་པ་དང་།“མཁའ་འདྲི”རྟགས་ཅན་གྱི་སྐར་མ་མིག་དམར་ལ་འཚོལ་ཞིབ་དང་། ལྷ་གྲུ་མཁའ་དབྱིངས་སུ་བཏང་བ་སོགས་བཟོ་སྐྲུན་གལ་ཆེན་རེ་རེས་རང་རྒྱལ་གྱི་སྟོབས་ཤུགས་ངོ་མ་མཚོན་ཡོད།
ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་གྱིས་ཧུར་བརྩོན་འབད་འབུངས་བྱས་པ་བརྒྱུད་ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་ཐོག་མཐོང་དཀོན་པའི་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་འཇགས་ཡོང་བའི་ངོ་མཚར་ཆེན་པོ་གཉིས་གསར་གཏོད་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ཡང་དག་པའི་བགྲོད་ལམ་ཉག་ཅིག་ཡིན་པར་ལག་ལེན་ལས་ར་སྤྲོད་གང་ལེགས་བྱས་ཡོད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ཧྥུའུ་ཅན་ཞིང་ནགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལིན་ཀྲན་ཞི་ཡིས་བཤད་རྒྱུར། “ལོ་ངོ30ལྷག་གི་རིང་ཤ་མོའི་རིགས་ལ་ཞིབ་འཇུག་བྱས་པ་དང་། ངས་ཤ་མོར་ཞིབ་འཇུག་བྱེད་པའི་ཕུགས་འདུན་དེ་དོན་ངོ་མར་བཤད་ན་དབུལ་ཐར་གྱི་ཕུགས་འདུན་ཞིག་དང་སྐྱེ་ཁམས་ཀྱི་ཕུགས་འདུན་ཞིག་ཡིན།” “‘རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི’འདུ་ཤེས་དེ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ངོས་ཟིན་དུ་གྱུར་བ་དང་། ལྗང་མདོག་དེ་མཛེས་པའི་ཀྲུང་གོར་སྔར་ལས་བཀྲག་མདངས་འཚེར་བའི་རང་མདངས་སུ་གྱུར་ཡོད”ཟེར།
དུས་རབས་ཀྱི་རྨང་གཞིར་རྐང་ཚུགས་པ་དང་། དུས་རབས་ཀྱི་དྲི་བར་ལན་འདེབས་པ། དུས་རབས་ཀྱི་འགྱུར་ལྡོག་ལ་སྣེ་ཁྲིད་བྱས་ནས་ང་ཚོ་ཏང་གིས་ཏང་དབུ་བརྙེས་པའི་ཚུན་གྱི་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་ཟབ་མོ་དང་བེད་སྤྱོད་གང་ལེགས་བྱས་ཏེ། དོན་དངོས་གསར་པར་གཞིགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གསར་གཏོད་བྱས་པས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་ཡོད།
དུས་རབས་གསར་བར་རྣམ་པ་གསར་བ་དང་འཕེལ་རྒྱས་གསར་བ་བྱུང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་སྣེ་ཁྲིད་མཛད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བ་ལས་བྱུང་བ་ཞིག་རེད།
པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་ཚོགས་པ་དེས་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གཟབ་ནན་གྱིས་ཁས་ལེན་བྱས་པ་མངོན་འགྱུར་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཧུང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད་རྒྱུར།“པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱིས་འཛམ་གླིང་ཧ་ལས་སུ་བཅུག་པ་དང་། དེ་ནི་ཚང་མ་མཉམ་ཞུགས་དང་། ཇུས་ཤུགས་མཉམ་འདོན་བྱས་པ་ཞིག་ཡིན་ལ། དེ་ནི་སྟོབས་ཤུགས་གཅིག་སྡུད་བྱས་ནས་དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་དགེ་མཚན་ཞིག་ཡིན”ཟེར།
ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་རྩེ་རིམ་ཇུས་འགོད་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཕྱོགས་ཡོངས་ནས་ཁྲིམས་སྐྱོང་རྒྱལ་ཁབ་བཀོད་སྒྲིག་བྱས་པའི་བར་དང་། དེ་ནས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་ཕྱོགས་བཅུ་གསུམ་ཐད་ཀྱི་ལམ་ལུགས་བཀོད་སྒྲིག་བྱེད་པ་བཅས་ཀྱིས་མ་ལག་ལྡན་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དཔེ་རིས་ཤིག་བྲིས།
ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གཞི་རྩའི་ལམ་ལུགས་མུ་མཐུད་སྲ་བརྟན་དང་། གཞི་རྩའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། ལམ་ལུགས་གལ་ཆེན་མུ་མཐུད་དུ་གསར་སྐྲུན་བྱེད་པ། ཁྱབ་ཁོངས་སོ་སོའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་སྒྲོམ་གཞི་གཞི་རྩའི་ཆ་ནས་གཏན་འཁེལ་བྱེད་པར་འདེགས་སྐྱོར་དང་། མ་ལག་ཆ་ཚང་དང་། ཚན་རིག་ལྟར་ཚད་ལྡན་ཡིན་པ། འཁོར་སྐྱོད་ནུས་ལྡན་གྱི་ལམ་ལུགས་མ་ལག་ཉིན་རེ་བཞིན་ཆགས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་དུ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་དགོས་ཞེས་བསྟན་ཡོད། རང་རྒྱལ་དང་མི་རིགས་རང་ཉིད་ཀྱི་ལོ་རྒྱུས་རིག་གནས་གཤིན་སར་རྐང་ཚུགས་ན། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་ལ་ད་གཟོད་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཐུབ།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ཏུན་ཧོང་ཞིབ་འཇུག་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཀྲའོ་ཧྲིན་ལིང་གིས་བཤད་རྒྱུར།“ཀྲུང་ཧྭའི་དཔལ་ཡོན་རྒྱ་ཆེ་ཞིང་གཏིང་ལ།ལོ་རྒྱུས་ཡུན་རིང་ལྡན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལེགས་པོ་བྱེད་པ་དང་། མའོ་ཀའོ་བྲག་ཕུག་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ནི་ང་ཚོས་ངེས་པར་དུ་སྒྲུབ་དགོས་པའི་འགན་འཁྲི་དང་འོས་འགན་ཞིག་ཡིན”ཟེར། “ང་ཚོས་དུས་རབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ། མི་རིགས་བསྐྱར་དར་གྱི་སྐྱོད་ལམ་སྟེང་བསམ་པའི་སྟོབས་ཤུགས་སྔར་ལས་ཆེན་པོ་གསོག་འཇོག་བྱེད་རྒྱུ་ཡིན”ཟེར།
ཡུན་རིང་གི་ལོ་རྒྱུས་ལས་བྱུང་བའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་གཏོད་བྱས་པའི་གསར་བརྗེའི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཞུན་བརྡར་ལས་བྱུང་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ཁྲོད་རྩ་བ་ཚུགས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དེ་ཀྲུང་གོ་གུང་ཁྲན་ཏང་གི་བསམ་པའི་ཁྲག་རྒྱུན་དང་འདྲེས་ཟིན་པ་དེས། ཀྲུང་གོ་པ་དུང་ཕྱུར་མང་པོའི་བསམ་པའི་ཉམས་འགྱུར་ཞིག་བཞེངས་བསྐྲུན་བྱས་ཡོད།
བསྐྱར་དར་གྱི་ལམ་དུ་བསམ་བློ་ནི་སྒྲོན་མེ་བཞིན་གསལ་ཞིང་། དད་སེམས་ནི་རི་རབ་ལས་བརྟན།
སྙིང་སྟོབས་ཆེར་སྐྱེད་ཀྱི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་དགོས།
སྐྱོད་ལམ་གསར་པའི་སྟེང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། བློ་བརྟན་འགྱུར་མེད་དང་དུས་བསྟུན་མདུན་སྐྱོད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལག་བསྟར་དང་རྒྱ་སྐྱེད་དུ་གཏོང་བར་ཡང་དག་པའི་ལམ་བུ་དེ་ངེས་པར་དུ་བརྒྱུད་དགོས་ཤིང་། ཇི་ཙམ་བརྒྱུད་ན་དེ་ཙམ་ཡངས་ཤིང་རྒྱ་ཆེ་ངེས།
ཧྲན་ཞི་ཞིང་ཆེན་ཞིན་ཀྲིག་གྲོང་ཁྱེར་ཏའེ་རྫོང་ཡུས་ཁུག་གྲོང་རྡལ་ཏོན་ཅ་ཝན་སྡེ་བ་ནི་སྔོན་ཆད་ཐག་ཉེ་རིང་ཀུན་ལ་གྲགས་པའི་དབུལ་ཕོངས་སྡེ་བ་ཞིག་ཡིན་ཞིང་། ད་ལྟ་ཀུན་གྱིས་ཡིད་སྨོན་བྱེད་པའི་མཛེས་སྡུག་གྲོང་གསེབ་ཞིག་ཏུ་གྱུར་ཡོད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ཏོན་ཅ་ཝན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིག་ཀོས་ཀྲིན་གྱིས་བཤད་རྒྱུར། “ཚང་མས་བཤད་པ་ལྟར་ན་ལོ་འདི་དག་གི་རིང་ལ་སྡེ་བའི་ནང་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། དེ་ནི་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད་པ་དང་། ཏང་ཀྲུང་དབྱང་གི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད་པར་བརྗོད་བཞིན་ཡོད། ཏོན་ཅ་ཝན་ནམ་ཡང་ཏང་གི་རྗེས་སུ་འབྲངས་ནས་བསྐྱོད་རྒྱུ་ཡིན”ཟེར།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན་པར་བསྟན་ཡོད།
“ལོ་ངོ་མང་པོའི་རིང་ལ་ཕྱི་ཕྱོགས་སུ་ཀྲུང་གོ་གུང་ཁྲན་ཏང་དྲིལ་སྒྲོག་དང་མཚམས་སྦྱོར་བྱེད་པའི་བརྒྱུད་རིམ་ཁྲོད། ཕྱི་རྒྱལ་པས་དྲི་བ་བཏོན་པ་མང་ཆེ་བ་ནི‘ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་ཡོད་དགོས་དོན་ཅི་ཡིན’ཞེས་པ་དེ་རེད།”ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ཀྲུང་དབྱང་ཏང་གི་སློབ་གྲྭའི༼རྒྱལ་ཁབ་སྲིད་འཛིན་སློབ་གླིང་༽ཡན་ལག་དོ་དམ་ཉིན་རྒྱུན་བྱ་བའི་སློབ་གཙོ་གཞོན་པ་ཞོའེ་ཁྲུང་ཐའོ་ཡིས་བལྟས་ན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཤིག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆེས་ཆེ་བའི་དགེ་མཚན་ཡིན་པར་ངོས་འཛིན་བཞིན་ཡོད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་སུ། ཡིག་རིགས་མང་པོས་པར་སྐྲུན་བྱས་པའི《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དཔེ་དེབ་བསྒྲིགས་ཡོད་པ་དང་། དེ་ནི་ཕྱི་རྒྱལ་གྱི་གསར་འགོད་པས་དགའ་བསུ་ཐོབ་པའི་དཔེ་དེབ་ཞིག་ཏུ་གྱུར་ཡོད།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབང་གྲགས་ལྡན་པའི་གསུང་རྩོམ་དེ་འཛམ་གླིང་གིས་ཀྲུང་གོ་རྒྱུས་ལོན་བྱེད་པའི“བསམ་བློའི་སྒེའུ་ཁུང”གལ་ཆེན་ཞིག་ཏུ་གྱུར་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལེའུ་གསར་བ་ཞིག་བྲིས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་གསོན་ཤུགས་རྒྱུན་ཆད་མེད་པར་མངོན་པར་བྱས་ཡོད།
ལག་ལེན་དང་འཕེལ་རྒྱས་ལ་ནམ་ཡང་རྫོགས་མཐའ་མེད་པ་དང་། གཞུང་ལུགས་གསར་སྐྲུན་ལ་ནམ་ཡང་འཛད་མཐའ་མེད།
ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་ནི་རྩོམ་ཡིག་དོན་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོ་མི་རབས་འདིའི་གུང་ཁྲན་ཏང་མིའི་ལས་འགན་ནི་རྩོམ་ཡིག་རིང་མོ་འདི་མུ་མཐུད་དུ་འབྲི་དགོས་པ་དེ་རེད་ཅེས་ནན་གསུང་གནང་།
ལག་ལེན་གྱི་རྨང་གཞིའི་སྟེང་གཞུང་ལུགས་གསར་སྐྲུན་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་དགོས་ན། ཐོག་མར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་བློ་རུ་ངེས་དགོས་ཤིང་།དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་རྒྱུན་འཁྱོངས་དྲུག་གཏན་འཁེལ་གསལ་བོ་བྱས་ཡོད་པ་སྟེ། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང་། རང་རྟོན་རང་བརྩོན་རྒྱུན་འཁྱོངས། དྲང་བདེན་གསར་སྐྲུན་རྒྱུན་འཁྱོངས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས། ཡིད་ལ་གནམ་འོག་འཆང་བ་རྒྱུན་འཁྱོངས་བྱེད་པ་བཅས་ཡིན།
“ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡིན་དོན་དེ་མཐར་གཏུགས་ནས་བཤད་ན་མར་ཁེ་སི་རིང་ལུགས་ཡང་དག་པ་དང་། ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སི་རིང་ལུགས་ཡང་དག་པར་བརྟེན་ནས་བྱུང་བ་རེད།” ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ཀྲིན་ཀྲིག་སློབ་ཆེན་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ཀྲིག་རུང་ཧྥང་གི་ཟིན་བྲིས་ནང་དུ། སྙན་ཞུ་ལ་ཉན་རྗེས་མྱོང་ཚོར་ཟབ་མོ་ཞིག་འདི་ལྟར་བྲིས་ཡོད་དེ། བསམ་བློ་ཆབ་སྲིད་སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས་མུ་མཐུད་གཞི་རིམ་དུ་བསྐྱོད་དེ།“འཁོར་བསྐྱོད་བསམ་བློ་ཆབ་སྲིད་སློབ་ཁྲིད”བྱེད་པ་ལ་བརྟེན་ནས་ཏང་གི་གསར་སྐྲུན་གཞུང་ལུགས་དེ“མང་ཚོགས་དཀྱུས་མའི་ཁྱིམ་དུ”བསྐྱལ་རྒྱུ་ཡིན་ཞེས་བྲིས་འདུག
ཀོང་ཞི་ཚང་ཝུའུ་རྫོང་ཧྲན་ཕིན་སྡེ་བ་ནས་ཡོང་བའི་འཐུས་མི་ཀྲུའུ་ཞོའེ་ལན་གྱིས་ཐག་རིང་ཡའོ་རིགས་སྡེ་བས་ཇའི་ཐོན་ལས་འཕེལ་རྒྱས་བཏང་བ་ལས་བྱུང་བའི་འགྱུར་ལྡོག་ཆེན་པོའི་སྐོར་གླེང་སྐབས་སེམས་འགུལ་ཚད་མེད་ཐེབས་བཞིན་བཤད་རྒྱུར། “ཏང་གི་སྲིད་ཇུས་བཟང་པོས་ང་ཚོས‘ཟ་མ་ཞིམ་པོ་ཟ་ཐུབ་པར’གྱུར་ནས‘བདེ་སྐྱིད་ཀྱི་ལམ’དུ་བགྲོད་ཐུབ་པ་བྱུང་། ང་ཚོ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་རེ་བས་ཁེངས་ཡོད་ལ། ངར་ཤུགས་ཀྱང་འཕེལ་ཡོད”ཟེར།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་སྔར་ལས་མང་བ་དང་སྔར་ལས་འདྲ་མཉམ་གྱིས་མི་དམངས་ཡོངས་ལ་ཕན་པ་ཐོབ་དུ་འཇུག་དགོས་ཞེས་ནན་གྱིས་བསྟན་ཡོད།
སྙན་ཞུའི་ནང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་བརྗིད་ཆེའི་དཔེ་རིས་ཤིག་བཀོད་ཡོད། ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ཧྥུའུ་ཀྲིག་གྲོང་ཁྱེར་ཀུའུ་ལིག་ཆུས་ཅུན་མིན་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིན་ཏན་ཡིད་ཆེས་ཆེན་པོས་ཁེངས་བཞིན་བཤད་རྒྱུར། “ང་ཚོས་སེམས་པ་ཕྱོགས་གཅིག་ཏུ་འཁོར་བ་དང་སྟོབས་ཤུགས་ཕྱོགས་གཅིག་ཏུ་བཏོན་ཏེ་ཕུ་ཐུང་བརྫེས་ནས་འབད་བརྩོན་བྱས་ན། སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་ཞིག་གསར་གཏོད་བྱེད་ཐུབ་ངེས་རེད”ཟེར།
བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མི་དམངས་དུང་ཕྱུར་མང་པོ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ཆེན་མོའི་སྟེང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ན། དུས་རབས་གསར་པ་དང་སྐྱོད་ལམ་གསར་བའི་སྟེང་སྔར་ལས་རླབས་ཆེན་གྱི་རྒྱལ་ཁ་དང་གཟི་བརྗིད་ཐོབ་ངེས་ཡིན།
ཡིག་སྒྱུར་བ། རྟ་མགྲིན་སྐྱབས། ཚེ་རིང་སྒྲོལ་མ།