ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་གྲོས་ཆོད།
(2022ལོའི་ཟླ10ཚེས22ཉིན་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གྲོས་འཆམ་བྱུང་།)
ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་བཏོན་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་པར་མ་ཟད་གྲོས་འཆམ་བྱུང་ནས། བཟོ་བཅོས་འཆར་ཟིན་དེ་གྲོས་འཆམ་བྱུང་བའི་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུའི་ཐག་བཅད།
ཚོགས་ཆེན་ནས་བལྟས་ན། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་བདེན་དོན་བརྩོན་གཉེར་དང་། བདེན་དོན་གསལ་སྟོན། བདེན་དོན་ལག་བསྟར་བཅས་བྱེད་པའི་བརྒྱུད་རིམ་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས། རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་སྟེ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་། དུས་རབས་ཅན་དུ་འགྱུར་བའི་གོ་རྟོགས་གསར་བ་བཏོད་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སིའི་རིང་ལུགས་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཡིན། ཚོགས་ཆེན་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་པའི་ཚུན་ལ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཕེལ་རྒྱས་གསར་པ་དེ་ཏང་གི་སྒྲིག་ཡིག་ནང་འགོད་པར་གཅིག་གྱུར་གྱིས་འཐད་པ་བྱུང་སྟེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་སྔར་ལས་ལེགས་པའི་སྒོ་ནས་མཚོན་ཡོད། ཚོགས་ཆེན་ནས་ཏང་ཡོངས་ལ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། དགོངས་པ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཕྱོགས་སོ་སོའི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཚོགས་ཆེན་ནས་བལྟས་ན། ལོ་ངོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་ནང་ཏང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་ཐོག་མའི་བསམ་འདུན་གྱི་འགན་འཁྲི་ལག་ལེན་བསྟར་བ་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཐོག་གི་ཆེས་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཀྱི་སྙན་ངག་བརྩམས་པ་དང་། རླབས་ཆེན་གྱི་གྲུབ་འབྲས་རབ་དང་རིམ་པ་གསར་གཏོད་བྱས་ཤིང་། རྩ་ཆེའི་ལོ་རྒྱུས་ཀྱི་ཉམས་མྱོང་བསགས་པ་བཅས་རེད། ཚོགས་ཆེན་ནས་ཏང་གི་ཐོག་མའི་བསམ་འདུན་གྱི་འགན་འཁྲི་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན། ལོ་རྒྱུས་ཀྱི་ཉམས་མྱོང་བཅས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འགོད་རྒྱུར་འཐད་པ་བྱུང་། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་ནི་ཏང་དང་མི་དམངས་ཀྱི་འགྲན་ཟླ་བྲལ་བའི་བསམ་བློའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། ཏང་དང་མི་དམངས་ལ་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་འཐབ་རྩོད་ལ་བརྟེན་ནས་ཐོབ་པ་ཡིན། ཚོགས་ཆེན་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་ནང་དོན་དེ་ཏང་གི་སྒྲིག་ཡིག་ནང་འགོད་རྒྱུར་འཐད་པ་བྱུང་། ནང་དོན་དེ་དག་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ནི་ཏང་ཡོངས་ཀྱི་ལོ་རྒྱུས་ཀྱི་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་རང་འགུལ་རང་བཞིན་ཆེ་རུ་གཏོང་བ། ཐོག་མའི་བསམ་འདུན་གྱི་འགན་འཁྲི་བརྟན་སྲུང་བྱེད་པ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། རླབས་ཆེན་གྱི་འཐབ་རྩོད་གསར་པའི་ལོ་རྒྱུས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
ཚོགས་ཆེན་ནས་བལྟས་ན། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག ཏང་དང་མི་དམངས་ཀྱི་ཚབ་མཛད་དེ་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད་པ་བཅས་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་གནང་བ་དང་། ཏང་གི་སྒྲིག་ཡིག་གིས་དེར་བསྟུན་གྱིས་བཟོ་བཅོས་བརྒྱབ་ཡོད། ནང་དོན་དེ་དག་ལེགས་སྒྲིག་བྱས་ཚེ་ཏང་ཡོངས་ཀྱིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་ཕྱོགས་ཡོངས་དང་ཡང་དག་པར་ཁོང་དུ་ཆུད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་དམིགས་པ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་འབད་འཐབ་བྱེད་པའི་བློ་སྟོབས་དང་སྟོབས་ཤུགས་གཅིག་བསྡུས་བྱེད་པ་བཅས་ལ་ཕན་པ་ཡོད།
ཚོགས་ཆེན་ནས་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་བཏོན་པར་མ་ཟད། དེ་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་དུ་གཏན་འཁེལ་བྱས་པ་རེད། སྤྱི་ལ་དབང་བའི་ལམ་ལུགས་ཀྱིས་གྲུབ་ཆ་གཙོ་བོ་བྱེད་ཅིང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བ་དང་། རྩོལ་བསྟུན་ཐོབ་སྤྲོད་ཀྱིས་གྲུབ་ཆ་གཙོ་བོ་བྱེད་ཅིང་བགོ་བཤའ་རྒྱག་སྟངས་སྣ་ཚོགས་མཉམ་དུ་གནས་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་སོགས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་རྒྱབ་རྟེན་གལ་ཆེན་ཞིག་ཡིན། ཚོགས་ཆེན་ནས་གོང་གསལ་གྱི་ནང་དོན་རྣམས་ཏང་གི་སྒྲིག་ཡིག་ནང་དུ་འགོད་རྒྱུར་འཐད་པ་བྱུང་། དམངས་ཡོངས་རིམ་བཞིན་མཉམ་དུ་ཕྱུག་པོར་འགྱུར་བར་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ། གསར་སྐྲུན་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་སྤེལ་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐོན་ཁུངས་དང་པོ་ཡིན་པའི་ཤེས་ལྡན་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས། རྒྱལ་དམངས་དཔལ་འབྱོར་སྤུས་ཚད་སྔར་ལས་མཐོ་བ་དང་། ཕན་འབྲས་སྔར་ལས་ཆེ་བ། སྔར་ལས་དྲང་སྙོམས། སྔར་ལས་རྒྱུན་མཐུད། སྔར་ལས་བདེ་འཇགས་དང་འཕེལ་རྒྱས་གཏོང་བ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འགོད་རྒྱུར་འཐད་པ་བྱུང་། བཟོ་བཅོས་འདི་དག་བརྒྱབ་ནས་འཐུས་ཚང་དུ་བཏང་ན། ཏང་ཡོངས་ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་འཐབ་ཇུས་ཀྱི་བཀོད་སྒྲིག་སྟེང་དུ་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་སྟེ། སྔར་ལས་རང་རྟོགས་ཀྱིས་ཏང་གི་གཞི་རྩའི་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པས་དུས་རབས་གསར་པའི་ཀྲུང་གོ་འཕེལ་རྒྱས་འགྲོ་བའི་རླབས་ཆེན་གྱི་ལོ་རྒྱུས་རྒྱུན་ཆད་མེད་པར་འབྲི་བ་བཅས་ལ་ཕན་པ་ཡོད།
ཚོགས་ཆེན་ནས་བལྟས་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་ནི་རླབས་ཆེ་ཞིང་དཀའ་ཚེགས་ཆེ་བའི་ལས་དོན་ཞིག་ཡིན་པས། མདུན་ལམ་འོད་སྟོང་ལྡན་ཞིང་ལས་འགན་ལྗིད་ལ་ལམ་ཐག་རིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྤྱིའི་འཐབ་ཇུས་ཀྱི་བཀོད་སྒྲིག་ནི་སྤྱིའི་འཐབ་ཇུས་ཀྱི་བཀོད་སྒྲིག་ནི། གོམ་རིམ་གཉིས་སུ་བགར་ནས་བསྐྱོད་རྒྱུ་སྟེ། 2020ལོ་ནས2035ལོའི་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན། ཏང་གི་སྒྲིག་ཡིག་ལ་དེ་བསྟུན་གྱིས་བཟོ་བཅོས་བྱེད་དགོས་པར་འདོད། ཏང་ཡོངས་ལ་ཡིད་ཆེས་བརྟན་པོ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། གཏན་འཁེལ་གྱི་འབད་འཐབ་དམིགས་འབེན་ཕྱོགས་སུ་ཞུམ་མེད་མདུན་སྐྱོད་བྱེད་རྒྱུར་ཕན་པ་ཡོད།
ཚོགས་ཆེན་ནས་བལྟས་ན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་བཏང་པ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན། ཚོགས་ཆེན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད་པ་དང་། སྔར་ལས་རྒྱ་ཁྱབ་དང་སྔར་ལས་ཕུན་ཚོགས། སྔར་ལས་འཐུས་ཚང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་བཏང་སྟེ། དམངས་གཙོའི་འདེམས་བསྐོ་དང་དམངས་གཙོའི་གྲོས་མོལ། དམངས་གཙོའི་ཇུས་ཆོད། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་ཀྱི་ལམ་ལུགས་དང་གོ་རིམ་འཐུས་ཚང་དུ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འགོད་རྒྱུར་འཐད་པ་བྱུང་། དེ་དག་ཕུན་སུམ་ཚོགས་པར་བཏང་ན། ཏང་ཡོངས་ཀྱིས་སྔར་ལས་རང་རྟོགས་དང་སྔར་ལས་བློ་རྩ་བརྟན་པོས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་མོ་བཅས་ལག་ལེན་མཐར་ཕྱིན་བྱས་ན། ཕྱོགས་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བར་ནུས་པ་ཧ་ཅང་གལ་ཆེན་ལྡན།
ཚོགས་ཆེན་ནས་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་དང་། བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། མི་དམངས་དམག་དཔུང་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲར་འཛུགས་སྐྲུན་བྱ་རྒྱུ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞེས་པའི་བྱེད་ཕྱོགས་འདི་ཆ་ཚང་ཞིང་ཡང་དག་ལ། བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བྱས་ཏེ། “ཐའེ་ཝན་རང་བཙན”ལ་མཐའ་གཅིག་ཏུ་ངོ་རྒོལ་དང་བཀག་འགོག་བྱེད་པ། ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བྱས་ཏེ། ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་འབྱེད་དཀྱེལ་ཡངས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འབྲི་རྒྱུར་འཐད་པ་བྱུང། ནང་དོན་དེ་དག་ཕུན་སུམ་ཇེ་ཚོགས་སུ་བཏང་ཚེ། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལམ་བུའི་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུར་ཕན་པ་དང་།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་རྒྱུར་སྐུལ་འདེད། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་ཕན་པ་དང་མིའི་རིགས་ཀྱི་ཡར་ཐོན་ལ་སྣེ་ཁྲིད་བྱེད་རྒྱུར་ཕན་པ་ཡོད།
ཚོགས་ཆེན་ནས་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་ལ། ཏང་གིས་ལྕགས་རྡུང་ན་ཐོ་བ་མཁྲེགས་དགོས་པ་རྒྱུན་འཁྱོངས་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བ་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ལ། ཏང་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་དང་ལེགས་འགྲུབ་ཉམས་མྱོང་གསར་པ་མང་པོ་ཐོབ་ཡོད་པས། དུས་ཐོག་ཏུ་ཏང་གི་སྒྲིག་ཡིག་ནང་མངོན་པར་བྱས་ནས་དེ་ཏང་ཡོངས་ཀྱི་ཐུན་མོང་གི་བསམ་བློར་འགྱུར་བ་དང་ཐུན་མོང་གི་བརྩི་སྲུང་བྱེད་དགོས་པར་འདོད། གྲོས་ཚོགས་ནས་བདེན་ལུགས་རྒྱུན་འཁྱོངས་དང་ཕུགས་བསམ་བརྟན་སྲུང་བྱེད་པ། ཐོག་མའི་བསམ་མདུན་ལག་བསྟར་དང་འགན་འཁྲི་ཁག་ཁུར་བྱེད་པ། བློས་གཏོང་ཕོད་པ་དང་དཔའ་སྐྱེད་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་བ་དང་མི་དམངས་ཀྱི་རླབས་ཆེན་ཏང་འཛུགས་སྙིང་སྟོབས་སྟོང་ཟད་དུ་མི་གཏོང་བ། རླབས་ཆེན་རང་ངོས་གསར་བརྗེས་རླབས་ཆེན་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱེད་པ་སོགས་ཀྱི་བླང་བྱ་ཏང་གི་སྒྲིག་ཡིག་ནང་འབྲི་བ་དང་། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་། ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ངེས་པར་དུ་མཐོར་འདེགས་གཏོང་བ་དང་། ཏང་གི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་མཐའ་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཇེ་དྲག་ཏུ་གཏོང་བ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་དུ་ཡོད་པ། ཏང་ནང་གི་སྒྲིག་སྲོལ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཉན་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འབྲི་བ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཏང་འཛུགས་སྐྲུན་གྱི་གཞི་རྩའི་བླང་བྱ་ཞིག་ཏུ་བརྩི་རྒྱུ་དེ་ཏང་གི་སྒྲིག་ཡིག་ནང་འབྲི་བ་བཅས་ལ་འཐད་པ་བྱུང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་དེ་ཏང་འཛུགས་སྐྲུན་བྱེད་པའི་གཞི་རྩའི་བླང་བྱ་ཞིག་ཏུ་བརྩིས་ནས་ཏང་གི་སྒྲིག་ཡིག་ནང་བཀོད། ནང་དོན་དེ་དག་ཕུན་སུམ་ཇེ་ཚོགས་སུ་བཏང་ཚེ། ཏང་ཡོངས་ཀྱིས་རང་ངོས་གསར་བརྗེའི་སྙིང་སྟོབས་ནམ་ཡང་མི་ཉམས་པར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་ནན་མོ་གཏོང་བ་བཅས་བྱས་ནས། གསར་བརྗེའི་རང་བཞིན་གྱི་ཏང་འཛུགས་སྐྲུན་ཁྲོད་སྔར་ལས་འགྱུར་མེད་སྟོབས་ལྡན་དང་ནུས་པ་ལྡན་པ་ཁག་ཐེག་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་བྱེད་དགོས།
གྲོས་ཚོགས་ནས་བལྟས་ན། ཀྲུང་གོ་གུང་ཁྲན་ཏང་ནི་ང་ཚོའི་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྲོག་ཤིང་སྟོབས་ཤུགས་ཡིན་ལ། ཏང་གི་འགོ་ཁྲིད་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་རྩ་བའི་ཁག་ཐེག་ཡིན་པར་འདོད། གྲོས་ཚོགས་ནས་ཏང་ནི་ཆེས་མཐོའི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་ཡིན་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འབྲི་བར་འཐད་པ་བྱུང་། དེ་ནི་ཏང་གིས་ཁྱོན་ཡོངས་སྤྱི་འཛིན་དང་ཕྱོགས་སོ་སོའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཏང་གི་འགོ་ཁྲིད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱབ་ཁོངས་སོ་སོའི་རིམ་པ་སོ་སོར་དོན་འཁྱོལ་བྱེད་པར་ཕན་ཐོགས་ཡོད།
ཚོགས་ཆེན་ནས་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚོགས་པའི་ཚུན་ལ་ཏང་གི་ལས་དོན་དང་ཏང་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་ཉམས་མྱོང་ཕྱོགས་བསྡོམས་དང་བསྡུ་ལེན་བྱས་པ་མ་ཟད། སྤྱིའི་རྩ་འཛིན་ཁ་ཤས་དག་བཅོས་དང་སྦྲེལ་མཐུད་བྱས་ཡོད་པས། ཏང་གི་སྒྲིག་ཡིག་གི་དོན་ཚན་ཁ་ཤས་ལ་བཟོ་བཅོས་འོས་འཚམ་རྒྱག་རྒྱུ་ནི་ཧ་ཅང་དགོས་ངེས་ཤིག་རེད། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ལེགས་པོར་བསྒྲུབ་ཐུབ་པ་བྱ་རྒྱུ་ནི་རྒྱ་ཆེའི་ཏང་ཡོན་གྱིས་འཁུར་དགོས་པའི་འོས་འགན་ཡིན་པ་རེད། སྨན་ཁང་གི་ཏང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྲང་ལམ་དང་། ཡུལ་ཚོ། གྲོང་རྡལ་དང་སྡེ་བ། སྡེ་ཁུལ་བཅས་ཀྱི་ཏང་རྩ་འཛུགས་ཀྱི་གོ་གནས་དང་ནུས་པ་གཏན་འཁེལ་གསལ་བོ་བྱས་པ་དང་། རྒྱལ་དབང་ཁེ་ལས་ཀྱི་ཏང་ཨུས(ཏང་ཙུའུ)ཏང་རྩ་འཛུགས་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་འགན་འཁྲིའི་ལས་འགན་འཐུས་ཚང་དུ་བཏང་བ་དེ་ནི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཡིན་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས་ཏང་གི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པའི་དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་ཀྱི་འབྲེལ་ཡོད་ནང་དོན་འཐུས་ཚང་དུ་བཏང་ཞིང་། སྒྲིག་ཁྲིམས་ཞིབ་བཤེར་ཚན་ཆུང་མངགས་གཏོང་བྱེད་པའི་ཁྱབ་ཁོངས་གཏན་འཁེལ་གསལ་བོ་བྱས་ནས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་འགན་གཙོ་བོ་འཐུས་ཚང་དུ་བཏང་ལ། ཏང་ཙུའུ་ཡི་འགན་འཁྲིའི་ངེས་གནས་ལེགས་སྒྲིག་གང་ལེགས་བྱས་པ་སོགས་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚོགས་པའི་ཚུན་གྱི་ཏང་གི་ལས་དོན་དང་ཏང་གི་འཛུགས་སྐྲུན་གྲུབ་འབྲས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་རེད། ནང་དོན་དེ་དག་ཏང་གི་སྒྲིག་ཡིག་ནང་བཀོད་ཚེ། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་པ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ནུས་པ་ཇེ་དྲག་ཏུ་གཏོང་བར་ཕན་པ་དང་། དགོངས་གཞི་ནན་མོས་སྤྱོད་བཟང་དང་སྒྲིག་ཁྲིམས་ནན་མོ་ཇེ་དྲག་ཏུ་གཏོང་བ་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་ཡོད།
ཚོགས་ཆེན་ནས་བལྟས་ན། དུས་རབས་གསར་པར་སླེབས་རྗེས། ཏང་དང་རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་གནས་བབ་རྙོག་འཛིང་ཆེ་བ་དང་། འཐབ་རྩོད་ཛ་དྲག་ཡིན་པ། བཅོས་བསྒྱུར་འཕེལ་རྒྱས་ཀྱི་བརྟན་འཇགས་ལས་འགན་དཀའ་ཚེགས་ཆེ་བ་དེ་ནི་འཛམ་གླིང་དང་ལོ་རྒྱུས་སྟེང་མཐོང་དཀོན་པ་ཞིག་ཡིན་པ་དང་། དེ་ནི་བློ་མཐུན་ཞི་ཅིན་ཕིང་་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་སུ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་གྱི་གོ་གནས་གཏན་འཁེལ་བྱས་པ་ཡིན་པས། ཏང་གིས་ད་གཟོད་ཏང་གི་ཡུན་རིང་སྲིད་སྐྱོང་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་དམངས་བདེ་སྐྱིད་བདེ་ཐང་ལ་ཤན་ཤུགས་ཡོད་པའི་འབུར་ཐོན་འགལ་བ་དང་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་དང་། ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་མེད་པར་བཟོས་ཤིང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པར་རྩ་བའི་ཐོག་ནས་འགན་སྲུང་བྱས་ཡོད། “གཏན་ཁེལ་གཉིས”ནི་དུས་རབས་གསར་པའི་ནང་ཏང་ལ་ཐོབ་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱིས་འཕོ་འགྱུར་བྱུང་བའི་ཐག་གཅོད་རང་བཞིན་ལྡན་པའི་རྒྱུ་རྐྱེན་ཞིག་རེད། ཏང་ཡོངས་ཀྱིས་ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ། སྔར་ལས་རང་རྟོགས་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་ལ་སྲུང་སྐྱོང་བྱས་པ་དང་། སྔར་ལས་རང་རྟོགས་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བསམ་བློའི་སྟེང་དང་། ཆབ་སྲིད་ཀྱི་སྟེང་། བྱ་སྤྱོད་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས།
ཚོགས་ཆེན་གྱི་སྟེང་། ཏང་གི་རིམ་པ་སོ་སོའི་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་གཏོང་བ།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་ཐུབ་པ་བཅས་བྱས་ཏེ། སྔར་ལས་རང་རྟོགས་ཀྱི་སྒོ་ནས་ཏང་གི་སྒྲིག་ཡིག་ལ་སློབ་སྦྱོང་དང་། ཏང་གི་སྒྲིག་ཡིག་བརྩི་སྲུང་། ཏང་གི་སྒྲིག་ཡིག་ལག་བསྟར། ཏང་གི་སྒྲིག་ཡིག་སྲུང་སྐྱོང་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་བླང་བྱ་བཏོན།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད། ཤ་བོ་རིན་མཚོ། ཚེ་རིང་སྒྲོལ་མ།