ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འགོ་ཁྲིད་སྲོག་ཤིང་བརྟན་པོ་ཞིག་ཏུ་འགྱུར་བར་ཁག་ཐེག་བྱེད་དགོས།
2022.10.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 59

—ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་གཏོང་དགོས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་བྱེད་པ་དང་། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པ། ལོ་རྒྱུས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མཛེས་སྡུག་གི་ལེའུ་ཞིག་འབྲི་དགོས”ཞེས་གསུངས།

དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་། དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་མོའི་དམིགས་བསལ་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་གསལ་པོ་དང་བློ་རྩ་བརྟན་པོ་སྲུང་འཛིན་བྱས་ནས། ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་མུ་མཐུད་དུ་སྐུལ་འདེད་ནན་མོ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་རླབས་ཆེན་གྱི་རང་ངོས་གསར་བརྗེ་ཡིས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ལ་ཁྲིད་སྟོན་བྱས་ཚེ། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་དེ་རླབས་ཆེན་གྱི་འབད་འཐབ་ལ་བརྟེན་ནས་རླབས་ཆེན་གྱི་ལས་དོན་གསར་པ་བསྐྲུན་ཐུབ་ངེས་རེད།

ཀྲུང་གོ་གུང་ཁྲན་ཏང་ཉིད་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་སྔར་ལས་ཞུམ་མེད་སྟོབས་ལྡན་དུ་གྱུར་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་བཟོ་སྐྲུན། རླབས་ཆེན་གྱི་ལས་དོན། རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཅུག་ནས། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ་དེ་དུས་མཚམས་གསར་པར་སྐུལ་འདེད་བཏང་ཡོད། ལོ་ངོ་བརྒྱ་ཡི་འབད་འཐབ་ལོ་རྒྱུས་ཀྱི་ལམ་བུར་བསྐྱོད་པའི་ཀྲུང་གོ་གུང་ཁྲན་ཏང་ལ་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་སྔར་ལས་ཞུམ་མེད་སྟོབས་དང་ལྡན་ཡོད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ཡིས་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ལ་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་པ་དང་། དུས་རབས་གསར་པར་ཏང་འཛུགས་སྐྲུན་གྱི་རླབས་ཆེན་འཕོ་འགྱུར་གསར་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ལ་སྤྱི་བསྡོམས་ཞིབ་མོ་བྱས་ཡོད།

ཕྱོགས་ཡོངས་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། “ཏང་ཀྲུང་དབྱང་གི་དབང་ཐང་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཁག་ཐེག་བྱས་ནས། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱ་རྒྱུའི་ཁག་ཐེག་བྱེད་དགོས་པ་དང་། ཏང་ཡོན་བྱེ་བ་དགུ་དང་ས་ཡ་དྲུག་ལྷག་ཙམ་ཡོད་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འདི་སྔར་ལས་མཐུན་སྒྲིལ་གཅིག་གྱུར་ཡོང་བ་བྱེད་དགོས།”

ཚོགས་རའི་ཡུལ་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་ཉན་རྗེས། ཀོས་ཀྲིག་ཞིང་ཆེན་ཕན་ཀྲིག་གྲོང་ཁྱེར་ཡུས་ཉི་ཡུལ་ཚོ་ཡན་པོ་ལེན་སྡེ་བའི་ཏང་ཨུའི་ཧྲུའུ་ཅི། འཐུས་མི་ཡུས་ལིག་ཧྥིན་ལ་སེམས་འགུལ་ཆེན་པོ་ཐེབས།

ཐེངས་འདིར་བརྩིས་ན་ཡུས་ལིག་ཧྥིན་ཏང་གི་འཐུས་མིའི་ངོས་ནས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ལ་ཞུགས་ཐེངས་བཞི་པ་རེད། ལོ་མང་པོའི་རིང་ལ། ཁོ་མོ་ནི་ཡན་པོ་ལེན་སྡེ་བའི་འཕེལ་རྒྱས་ཀྱི་གཙོ་ཁྲིད་ནུས་པ་འདོན་མཁན་ཡིན་ལ། སྡེ་བའི་ཏང་ཡོན་ཡོངས་ཀྱི་སྣེ་ཁྲིད་དེ་དཀའ་ངལ་ཁྱད་བསད་དང་དཀའ་སྤྱད་དངོས་སྒྲུབ་བྱས་པས་དེ་སྔོན་དབུལ་ཕོངས་ཀྱི་སྡེ་བ་དེ་མཛེས་སྡུག་གི“འགྱུར་ལྡོག”མངོན་འགྱུར་བྱུང་ཡོད།

ཡུས་ལིག་ཧྥིན་གྱིས་བཤད་རྒྱུར། “སྡེ་བའི་ཏང་རྩ་འཛུགས་དབུལ་ཐར་མཁྲེགས་གཏོར་གྱི་ལས་ཡུལ་དང་པོར་གནས་པ་དང་། དབུལ་ཕོངས་སྡེ་བའི་དབུལ་ཐར་ཕྱུག་འགྱུར་གྱི་བརྒྱུད་རིམ་ལ་སྡེ་བའི་ཏང་རྩ་འཛུགས་ཀྱིས་ཡུལ་མི་ཚོའི་སྣེ་ཁྲིད་དེ་འབད་འཐབ་བྱེད་པའི་གསོན་ཉམས་དོད་པའི་གཏམ་རྒྱུད་ཡོད།” གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ནི་རྒྱ་ཆེའི་ཞིང་སྡེའི་དབུལ་ཐར་ཕྱུག་འགྱུར་དང་གྲོང་གསེབ་དར་སྤེལ་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བའི་སྲ་ཞིང་བརྟན་པའི་ཁག་ཐེག་ཞིག་རེད་ཟེར།

མེ་ལྕེས་བཞུས་པའི་ངར་ལྕགས་སྲ་མཁྲེགས་ཀྱི། སྙིང་སྟོབས་དགུ་འགྱུར་ཏང་དར་མཐོ་རུ་འདེགས།

དཔལ་འབྱོར་བརྟན་བརླིང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དབུལ་ཕོངས་དང་འབྱོར་འབྲིང་བརྩོན་ལེན་བྱེད་པ། རིམས་ནད་ཚོད་འཛིན་བྱེད་པ། གནོད་པ་ཆེན་པོ་འགོག་པ། འགྱུར་ལྡོག་དང་ཉམས་ཉེན་ལ་ཁ་གཏད་འཇལ་བ་སོགས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཆབ་སྲིད་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཚེ། ང་ཚོའི་ཏང་གིས་གཞི་ནས་མི་དམངས་ཀྱི་སྣེ་ཁྲིད་དེ་བྱས་རྗེས་ངོ་མཚར་ཅན་མང་པོ་བསྐྲུན་ཐུབ།

ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་སྐུལ་འདེད་ནན་མོ་བྱེད་དགོས། “རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་གོང་སྤེལ་བཅས་ཀྱི་ནུས་པ་མངོན་གསལ་སྒོས་ཆེ་རུ་གཏོང་བ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ལྷོད་ཡང་མཉེན་གསུམ་གྱི་གནས་ཚུལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་གཏོང་བ། སྤྱོད་གཙང་གཞུང་དྲང་གི་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་རྒྱུན་ཆད་མེད་པར་གྲུབ་པ་དང་འཕེལ་རྒྱས་སུ་གཏོང་དགོས།”

ཚོགས་ཆེན་ཐེངས་ཉི་ཤུ་པའི་མགོ་རྩོམ་མཛད་སྒོའི་བརྙན་འཕྲིན་ཐད་གཏོང་ལ་བལྟས་རྗེས། ཅང་སུའུ་ཞིང་ཆེན་ཀྲིན་ཅང་གྲོང་ཁྱེར་ཏན་ཐུའུ་ཆུའུ་ཧྲི་ཡེ་གྲོང་རྡལ་གྱི་ཏང་ཡོན་རྒན་པ་ཚོས་རུང་ཧའེ་ཡིས་རང་དབང་མེད་པར་ཐལ་མོ་རྡེབ།

2014ལོའི་ཟླ12པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲི་ཡེ་གྲོང་རྡལ་དུ་རྟོག་ཞིབ་གནང་སྐབས། ཚོས་རུང་ཧའེ་འཚང་ཁ་བྱས་ནས་མི་ཚོགས་ཀྱི་མདུན་དུ་ཐོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་ཕྱག་ནས་འཇུས་ཏེ“ཁྱེད་ནི་རུལ་སུངས་པ་མེད་པར་གཏོང་མཁན་ཡིན་པས། འདི་ནི་རྒྱལ་ཡོངས་མི་དམངས་ཀྱི་བསོད་ནམས་ཤིག་རེད”ཅེས་བཤད།

ཚོས་རུང་ཧའེ་ཡིས་བཤད་རྒྱུར། “ཏང་ཡོན་རྒན་པ་ཞིག་ཡིན་པའི་ཆ་ནས། ངས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ཆད་གཅོད་བྱེད་པའི་ཆོད་སེམས་དང་རྒྱལ་ཁབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་བདེན་དཔང་བྱས་ཡོད། ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་མུ་མཐུད་དུ་སྐུལ་འདེད་གཏོང་ངེས་ཡིན་ལ་མཚམས་མི་འཇོག་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད” ཟེར།

“ལོ་ངོ་བཅུའི་རིང་ལ། ཏང་འཛུགས་སྐྲུན་ལ་མཆོང་སྐྱོད་གསར་པ་བྱུང་བ་དང་། ཏང་གི་སྲིད་འཛིན་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཡོད།” ཆིན་ཧྭ་སློབ་ཆེན་སྲིད་གཙང་དང་བཅོས་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཀའོ་ཡུང་གིས་བཤད་རྒྱུར། གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་བྱས་པ་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་དང་མི་དམངས་ཀྱིས་སྙིང་དབུས་ནས་བརྩི་བཀུར་ཞུ་བའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་པ་དང་། ཏང་ཡོངས་ཀྱིས་ཚད་མཐོའི་མཐུན་སྒྲིལ་གཅིག་གྱུར་དང་། དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ། མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བཅས་ཀྱི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་ཡོད་ཟེར།

དུས་རབས་གསར་པའི་ལོ་བཅུའི་ནང་གསར་སྐྲུན་བྱས་བའི་རླབས་ཆེན་གྱི་གྲུབ་འབྲས་དང་མངོན་འགྱུར་བྱུང་བའི་རླབས་ཆེན་གྱི་འཕོ་འགྱུར་གྱི་ཆེས་རྩ་བར་གྱུར་པའི་རྒྱུ་རྐྱེན་ནི་ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་། ཏང་ཡོངས་ཀྱི་སྲོག་ཤིང་དུ་གྱུར་པའི་ཕྱོགས་སྟོན་སྣེ་ཁྲིད་མཁན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ངང་མཛུབ་ཁྲིད་བྱས་པས་རེད།

ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་ཐན་ཕེ་ཡན་གྱིས་བཤད་རྒྱུར། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་དེ་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ཁྲོད་མཚོན་པ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱི་སེམས་སུ་ཟུག་ཡོད་ལ། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལེའུ་གསར་པའི་ཁྲོད་མཚོན་ངེས་རེད་ཟེར།

ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་བརྒལ་བའི་དྲིས་ལན་གཉིས་པ་རྙེད།

“འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཏང་གིས་རང་ངོས་གསར་བརྗེ་ཞེས་པའི་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་བརྒལ་བའི་དྲིས་ལན་གཉིས་པ་དེ་རྙེད་ནས་ཏང་གི་ངོ་བོ་ནམ་ཡང་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ཁག་ཐེག་བྱས་ཡོད།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་གནང་སྐབས་ཀྱི་བརྗིད་ཆེའི་གསུང་བཤད་ལ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐལ་མོའི་རྡེབ་སྒྲའི་ཡོངས་སུ་ཁེངས།

ལོ་བཅུར་དཀའ་སྤྱད་སྡུག་རུས་བྱས་པ་བརྒྱུད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྔར་བྱུང་མ་མྱོང་བའི་བློ་སྟོབས་དང་ངེས་ཤུགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་བ་དང་། རང་ངོས་གསར་བརྗེ་བྱེད་པའི་མཉམ་ཤུགས་ལ་བརྟེན་ནས། ཏང་ཡོངས་ཀྱི་སྣེ་ཁྲིད་དེ་ཡུན་རིང་སྲིད་འཛིན་པའི་ཆ་རྐྱེན་འོག་རང་ངོས་ཀྱི་གནད་དོན་ཐག་གཅོད་དང་། ལོ་རྒྱུས་དུས་འཁོར་བརྒལ་བའི་ལེགས་འགྲུབ་ལམ་བུ་འཚོལ་ཞིབ་བྱས་ཤིང་། དུས་ཡུན་རིང་པོར་སྲིད་དབང་སྐྱོང་བཞིན་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་དང་། ཡུན་རིང་སྲིད་དབང་ཇི་ལྟར་སྐྱོང་དགོས་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྲུན་བྱ་རྒྱུའི་དུས་རབས་ཀྱི་ཞིབ་འཇུག་བྱ་ཡུལ་གལ་ཆེན་ལ་སྔར་ལས་ལྷག་པའི་སྒོ་ནས་ལན་བཏབ་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་ཏང་འཛུགས་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་། “ཏང་གི་ཆབ་སྲིད་འཛུགས་སྐྲུན་ཨང་དང་པོར་འཇོག་དགོས”ཞེས་བཏོན་རྗེས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་ཏང་འཛུགས་སྐྲུན་གྱི་བྱ་བ་སོ་སོར་སྤྱི་འདོམས་བྱེད་དགོས”ཞེས་བླང་བྱ་གསལ་བོ་རབ་དང་རིམ་པ་བཏོན་ཡོད་པ་སྟེ།

ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་གཟབ་ནན་དུ་གཏོང་བ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་བྱེ་བྲག་ཅན་དང་གནད་འཁེལ་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས་ལ། ཆབ་སྲིད་སྐོར་གཟིགས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་བྱེད་དགོས།

“དུས་རབས་གསར་པར་སླེབས་སྐབས་ཆབ་སྲིད་འཛུགས་སྐྲུན་གྱི་རྐང་བཟུང་ནས་རང་ངོས་གསར་བརྗེ་བྱེད་པའི་ཐད་རྩ་བའི་ཆབ་སྲིད་ཁ་ཕྱོགས་གཏན་འཁེལ་བྱས་ཡོད།” ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི། ཀོས་ཀྲིག་ཞིང་ཆེན་ཐུང་རིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིས་ཙའོ་ཞོན་གྱིས་བཤད་རྒྱུར། ཆབ་སྲིད་ལ་སྣང་ཆེན་བྱེད་པ་ནི་ཞིབ་ཕྲ་དང་ལག་ལེན་ཞིག་ཡིན་པས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་རང་འགུལ་ངང་ཚད་གཞི་དང་འགན་འཁྲི་གཙང་སྒྲུབ་བྱ་རྒྱུར་ལྟ་སྐུལ་བྱས་ཚེ། གཞི་ནས་ཏང་ཀྲུང་དབྱང་གི་དགོངས་དོན་ཇི་མ་ཇི་བཞིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་ཐུབ་ཟེར།

ལོ་ངོ་བཅུ་ཡི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འཁེལ་དོན་ཚན་བརྒྱད་གཏན་འབེབས་དང་དོན་འཁྱོལ་བྱས་པ་ནས་བཟུང་གོང་གིས་འོག་ལ་སྣེ་ཁྲིད་དེ་སྤྱོད་ཚུལ་འཛུགས་སྐྲུན་ལ་དམ་འཛིན་བྱས།

ཟས་རིགས་ཀྱི་ཆུད་ཟོས་བཀག་འགོག་བྱེད་པ་ནས་འཁོར་ལོའི་རིགས་ཀྱི་རུལ་སུངས་ལ་བཀག་འགོག་བྱེད་པའི་བར་དང་། དེ་ནས་རོལ་རྩེད་ཁང་སོགས་ཀྱི་སྤྱོད་ངན་དག་ཐེར་བྱེད་པ་ནས་ཕྱི་ཚུལ་རིང་ལུགས་ཀྱི་འབུར་ཐོན་གནད་དོན་མུ་མཐུད་དུ་ཐག་གཅོད་བྱེད་པའི་བར། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བ་ནན་ཏན་སྒོས་སྤེལ་བའི་བར་དང་། གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་བར་བཅས་རེད།

“གཟེར་བརྡབ་སྙིང་སྟོབས་ལ་བརྟེན་ནས‘སྤྱོད་ཚུལ་བཞི’ཡོ་བསྲང་དང་། ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་སྣང་ཚུལ་ལ་ངོ་རྒོལ་བྱེད་པ། མང་ཚོགས་ཀྱི་ཉེ་འགྲམ་དུ་གནས་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྐྱོང་མཐའ་གཅིག་ཏུ་བྱས་ནས། ཡུན་རིང་འགོག་མི་ཐུབ་པའི་སྤྱོད་ངན་འགའ་ཤས་བཀག་འགོག་བྱས་པ་དང་། ལོ་མང་པོའི་རིང་སེལ་མ་ཐུབ་པའི་ནད་རྙིང་ལྟ་བུའི་རྒྱུན་འབྱམས་གནད་དོན་ཡོ་བསྲང་བྱས་པ་རེད།” ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན། རུལ་སུངས་ནི་ཏང་གི་སྐྱེ་སྟོབས་དང་འཐབ་འཛིང་ནུས་ཤུགས་ལ་གནོད་འཚེ་གཏོང་བའི་དུག་སྐྲན་ཆེ་ཤོས་ཡིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་རང་ངོས་གསར་བརྗེ་བྱེད་པའི་ཆེས་རྩ་བ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས“མི་སྟོང་ཕྲག་མང་པོར་ཕོག་ཐུག་གཏོང་དགོས་རུང་། མི་དམངས་དུང་ཕྱུར་བཅུ་བཞི་བོར་རྒྱབ་འགལ་མི་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་ནས་ལོ་རྒྱུས་སྟེང་སྔར་བྱུང་མ་མྱོང་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་པར་སྐུལ་འདེད་བཏང་བ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པར་གཅིག་གྱུར་སྒོས་སྐུལ་འདེད་བཏང་སྟེ།“སྟག་རྡུང་”དང་།“སྦྲང་གསོད” “ཝ་རྔོན”བཅས་ཐབས་མང་མཉམ་སྤྱོད་བྱས་ནས་རུལ་སུངས་ངོ་རྒོལ་གྱི་འཐབ་རྩོད་སྤེལ་པར་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པར་མ་ཟད་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་ཡོད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གྱིས་ཡར་ཞུ་བྱས་པའི་གྲངས་ཀ་ལས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ཇུས་གལ་ཆེན་གྱི་གྲུབ་འབྲས་ཐད་ཀར་གསལ་བཤད་བྱས་པ་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་བསྡོམས་གྱོད་གཞི་ས་ཡ་བཞི་དང་འབུམ་དྲུག་ཁྲི་བཞི་སྟོང་བརྒྱད་ལྷག་ཐོ་འགོད་བྱས་པ་དང་། དེའི་ཁྲོད་པུའུ་རིམ་པ་གཞོན་པའི་འགོ་ཁྲིད་ལས་བྱེད་པ་ལྔ་བརྒྱ་དང་ང་གསུམ་ལ་ཞིབ་བཤེར་བྱས་པ་དང་། ཐིན་དང་ཅུའུ་རིམ་པའི་ལས་བྱེད་པ་ཁྲི་གཉིས་སྟོང་ལྔ་དང་། རྫོང་རིམ་པའི་ལས་བྱེད་པ་འབུམ་གཅིག་དང་ཁྲི་བརྒྱད་སྟོང་གཉིས་ལྷག་ལ་ཆད་པ་བཅད།

ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ནམ་འཐུས་མི་ཧྥང་ལིན་མའེ་ཡིས་བཤད་རྒྱུར།“བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་ཆེ་རུ་གཏོང་བ་དང་། རུལ་སུངས་བྱེད་མི་ཐུབ་པའི་གཟེབ་ཇེ་དམ་དུ་གཏོང་བ། རུལ་སུངས་བྱེད་མི་འདོད་པའི་ཆུ་རགས་བརྟན་པོར་བཟོས་ཏེ། དེ་གསུམ་གྱི་ནང་གནས་འབྲེལ་བ་ཤེས་པར་བྱས་ནས་དུས་མཉམ་དུ་ཤུགས་རྒྱག་པ་དང་། ཕྱོགས་གཅིག་ཏུ་ཤུགས་འདོན་པ། ཕྱོགས་བསྡུས་ཤུགས་སྣོན་བྱས་པས་མ་ལག་བཅོས་སྐྱོང་བྱེད་པ་དང་རྩ་ལག་མཉམ་བཅོས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཉིན་རེ་བཞིན་འབུར་དུ་ཐོན་པར་བྱེད་རྒྱུ་ཡིན”ཟེར།

ཏང་བཅོས་སྐྱོང་བྱེད་ན་ངེས་པར་དུ་ནན་མོ་ཡིན་དགོས་པ་དང་། ཁྲིམས་ལྟར་ཚད་ངེས་པར་དུ་ནན་མོ་ཡིན་དགོས། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པ་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པ་ནི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རྩ་བཅོས་ཐབས་ཇུས་ཤིག་རེད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“ཏང་གི་རང་ངོས་གསར་བརྗེ་ཡི་ལམ་ལུགས་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་དགོས”ཞེས་གསལ་པོར་བཏོན་པ་དང་། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པ་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཡིག་རྩ་བར་འཛིན་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལྟེ་བར་འཛིན་པ། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། ཏང་ནང་གི་ཁྲིམས་སྲོལ་གྱི་དབང་ཐང་རང་བཞིན་དང་ལག་བསྟར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། བདེན་དོན་རྒྱུན་འཁྱོངས་དང་། ནོར་འཁྲུལ་ཡོ་བསྲང་། གནད་དོན་ཤེས་རྟོགས། ནོར་འཛོལ་ཡོ་བསྲང་བྱེད་པའི་རྐྱེན་སྲོལ་ཞིག་གྲུབ་པར་བྱས་ཡོད་ཅེས་ནན་གྱིས་བསྟན།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། ང་ཚོ་ཏང་གིས་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་ཚད་མཐོན་པོས་མཐོང་ཆེན་བྱས་ནས་ད་ལྟ་ཏང་ནང་དུ་ཕན་འབྲས་ལྡན་པའི་ཁྲིམས་སྲོལ་སྟོང་བཞི་ལྷག་ཙམ་ལག་བསྟར་བྱས་པ་དང་། ལོ་བཅུ་ཙམ་གྱི་རིང་གསར་དུ་གཏན་འབེབས་བྱས་པ་དེས70%ཡན་ཟིན་ཡོད།

སྒྲིག་ཁྲིམས་ལྟ་སྐུལ་དང་། ལྟ་ཞིབ་ལྟ་སྐུལ། མངགས་གཏོང་ལྟ་སྐུལ། སྐོར་སྐྱོད་ལྟ་སྐུལ་སོགས“ལྟ་སྐུལ་བཞི”སྤྱི་འདོམས་འབྲེལ་མཐུད་བྱེད་པ། ཕྱོགས་ཡོངས་ལ་ཁྱབ་པར་སྐུལ་འདེད་བཏང་བ་དང་། ཏང་ནང་ཁུལ་དུ་ལྟ་སྐུལ་བྱེད་པ་གཙོ་བོར་བཟུང་ནས་ལྟ་སྐུལ་སྣ་ཚོགས་འབྲེལ་མཐུད་དང་ཕན་ཚུན་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་གི་གཅིག་གྱུར་འགོ་ཁྲིད་དང་། ཕྱོགས་ཡོངས་ལ་ཁྱབ་པ། དབང་ཐང་ཆེ་ལ་ཕན་འབྲས་མཐོ་བ་བཅས་ཀྱི་ལྟ་སྐུལ་མ་ལག་ཅིག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། ཏང་གིས་རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ཉིད་གསར་བསྒྱུར། རང་ངོས་གོང་སྤེལ་གཏོང་བའི་ནུས་པ་མངོན་གསལ་གྱིས་ཇེ་དྲག་ཏུ་བཏང་།

ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་ནམ་ཡང་བྱེད་བཞིན་པའི་ལམ་དུ་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེ་དེ་ནམ་ཡང་བྱེད་བཞིན་པའི་ལམ་དུ་ཡོད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོའི་ཏང་ནི་འཛམ་གླིང་སྟེང་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཆེ་ཤོས་ཤིག་ཡིན་པས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་བརྩི་བཀུར་ཐོབ་པ་དང་། ཡུན་རིང་སྲིད་སྐྱོང་གི་གོ་གནས་སྲ་བརྟན་དུ་གཏོང་དགོས་ན། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱ་རྒྱུའི་ཀླད་པ་གསལ་བོ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱེད་དགོས་”ཞེས་བསྟན་ཡོད།

རྒྱུགས་སྤྲོད་སྐབས་ནམ་ཡང་བྱེད་བཞིན་པའི་ལམ་དུ་ཡོད་པ་དང་། དུས་རབས་ཀྱིས་མུ་མཐུད་དུ་རྒྱུགས་གཞི་གསར་པ་འདོན་བཞིན་ཡོད།

གོ་ལ་ཧྲིལ་པོར་རྒྱང་ལྟ་བྱས་ཚེ། ལོ་ངོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་མོ་ཞིག་མྱུར་མོར་བྱུང་ནས་འཛམ་གླིང་འདི་ཉིད་ཟང་ཟིང་གི་འཕོ་འགྱུར་གསར་པའི་དུས་སྐབས་ཤིག་ཏུ་སླེབས། གཞུང་ངོས་ནས་རྒྱལ་ནང་ལ་བལྟས་ན། རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་དུ་གནས་པ་དང་། ངེས་གཏན་མེད་པ་དང་བློ་ཡུལ་ལས་འདས་པའི་རྒྱུ་རྐྱེན་མང་པོའི་དུས་སྐབས་སུ་སླེབས་ཡོད་པ་དང་། རང་ངོས་ལ་ཞིབ་ལྟ་བྱས་ན། ཏང་གི་མདུན་དུ་ལྷགས་པའི“ཉམས་སད་ཆེན་མོ་བཞི་”དང་“ཉེན་ཁ་རིགས་བཞི”དུས་ཡུན་རིང་པོར་གནས་རྒྱུ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་ནམ་ཡང་བྱེད་བཞིན་པའི་ལམ་དུ་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་བྱེད་བཞིན་པའི་ལམ་དུ་ཡོད་པ་དེ་ཏང་ཡོངས་ཀྱིས་ངེས་པར་བློ་ལ་བརྟན་པོར་འཛིན་དགོས་པ་ལས་ལྷོད་གཡེང་དང་ངལ་དུབ་ཀྱིས་དམག་འཐབ་རྒྱག་མི་འདོད་པའི་སེམས་ཁམས་གཏན་ནས་ཡོད་མི་རུང་བར་ངེས་པར་དུ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་ཟབ་མོ་དང་ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་དགོས”ཞེས་བསྟན།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ཡིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་རྐང་བཙུགས་ཏེ། ཕྱོགས་བདུན་གྱི་ཐད་ནས་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་ཟབ་མོ་གཏོང་བའི་ལས་འགན་གལ་ཆེན་བཀོད་སྒྲིག་བྱས་པ་སྟེ། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མི་སེམས་གཅིག་ཏུ་སྒྲིལ་བ། ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཀྱི་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བ། མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་མོ་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས་པ། ཏང་གི་ཆབ་སྲིད་རྩ་འཛུགས་ནུས་པ་དང་རྩ་འཛུགས་བྱེད་ནུས་ཇེ་དྲག་ཏུ་གཏོང་བ། དགོངས་གཞི་ནན་མོས་སྤྱོད་ཚུལ་ལེགས་སྐྱོང་དང་སྒྲིག་ཁྲིམས་ལ་ཤུགས་སྣོན་རྒྱུ་རྒྱུན་འཁྱོངས་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་དང་ཡུན་རིང་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས།

རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ལས་འགོ་གསར་བ་རྩོམ་པ་དང་། རླབས་ཆེན་གྱི་རང་ངོས་གསར་བརྗེ་ལས་སྟོབས་ཆེར་གཏོང་།

ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་ཞིབ་འཇུག་པུའུ་གསུམ་པའི་ཀྲུའུ་རིན་གཞོན་པ་མུའུ་ཀྲའོ་ཡུང་གིས་བཤད་རྒྱུར། “དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་དང་དོད་དང་། ཏང་ཡོངས་ཀྱིས‘གཏན་འཁེལ་གཉིས’ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་བ་ཟབ་མོ་ལེན་རྒྱུར་སྐུལ་འདེད་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས‘འདུ་ཤེས་བཞི’ཇེ་དྲག་ཏུ་གཏོང་བ་དང་། ‘རང་རྟོན་བཞི’ཇེ་བརྟན་དུ་གཏོང་བ། ‘སྲུང་སྐྱོང་གཉིས’སྒྲུབ་ཐུབ་པ་བྱས་ཏེ། ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་། བྱ་སྤྱོད་གཅིག་གྱུར། གོམ་སྟབས་གཅིག་གྱུར་བཅས་ལ་འགན་སྲུང་བྱས་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་དར་ཆའི་འོག‘སྲ་ཞིང་མཁྲེགས་པའི་པའི་རྣོ་ལྕགས’བཞིན་མཐུན་སྒྲིལ་བྱས་ནས་སྐྱོད་ལམ་གསར་བའི་སྟེང་འབད་འབུངས་ཡར་བརྩོན་དང་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་རྒྱུ་ཡིན”ཟེར།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དུས་ཡུན་ཙམ་ལའང་མཚམས་འཇོག་མི་འཇོག་པར་ངེས་པར་དུ་ནམ་ཡང་གདོང་མཆོང་དུང་བརྡ་བསྒྲགས་དགོས།” “ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་ནི་ཏང་གི་སྐྱེ་སྟོབས་ནམ་ཡང་སྲུང་འཛིན་དང་། རྒྱུགས་སྤྲོད་ཀྱི་ལམ་བུ་གསར་བའི་སྟེང་བཟང་པོར་བསྐྱོད་དགོས”ཞེས་བསྟན་ཡོད།  ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ནང་ཞུགས་སྐབས“རླབས་ཆེན་གྱི་རང་ངོས་གསར་བརྗེ་ཡིས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པའི་བླང་བྱ་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པར་བྱེད་དགོས”ཞེས་ནན་བཤད་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྲག་རི་ལྟ་བུའི་ཆོད་སེམས་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ཁྱབ་བསྒྲགས་གནང་།

རྒྱུགས་སྤྲོད་ཀྱི་ལམ་བུ་གསར་བའི་སྟེང་ལེགས་པོར་བསྐྱོད་དེ། ངེས་པར་དུ་ཏང་གི་རྩ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་འཛིན་པ་དང་། མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་བྱས་ནས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་པ་གཏོད་དགོས།

“རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་། མི་དམངས་ནི་རྒྱལ་སྲིད་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་སྲིད་ཐོབ་པར་བྱེད་པ་དང་། རྒྱལ་སྲིད་སྐྱོང་བར་བྱས་པ་དེ་ནི་མི་དམངས་ཀྱི་སེམས་པ་སྲུང་བ་ཡིན།” ཟླ10ཚེས16ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བློ་རྩ་བརྟན་ལ་དུངས་པ་ཟབ་མོའི་གསུང་བཤད་ཀྱིས་ཚོགས་ར་ཡོངས་སུ་དུས་ཡུན་རིང་པོར་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།

དུས་རབས་ནི་རྒྱུགས་འདོན་མཁན་དང་། ང་ཚོ་ནི་རྒྱུགས་སྤྲོད་མཁན། མི་དམངས་ནི་རྒྱུགས་བཤེར་མཁན་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ཡང་བསྐྱར་ཏང་ཡོངས་ལ“ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་སྐྱོན་བརྗོད་དང་ལྟ་སྐུལ་དང་ལེན་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་བདེ་སྡུག་མཉམ་མྱོང་དང་གཅིག་སེམས་གཅིག་འབྲེལ་བྱེད་དགོས”ཞེས་བསླབ་བྱ་གནང་།

ཡུན་ནན་ཞིང་ཆེན་ཞིས་ཁྲིག་རྫོང་ནི་རང་རྒྱལ་གྱི་བྱེ་ཟེགས་ཅན་གྱི་ལྟེ་བའི་ཁུལ་དུ་གནས་པ་དང་། 75.4%ཡི་ས་ཞིང་བྱེ་ཟེགས་ཅན་དུ་གྱུར་ཡོད། ཞིས་ཁྲིག་རྫོང་དུ་ཀྱག་ཀྱོག་ངང་འཐེན་པའི་བྱེ་ཟེགས་ཀྱི་ལམ་དེ་ནི་རི་ཐང་དུ་འཐེན་པའི་མཛེས་སྡུག་གི་རྒྱུ་ལམ་ཞིག་ཡིན་པ་དང་། ལམ་དེ་དག་གི་ནང་དུ་པིན་ཀུའུ་ཡུལ་ཚོ་ཧའེ་ཙི་པཱ་སྡེ་བ་རུ་སྤྱི་ལེ་བརྒྱད་ཀྱི་གཞུང་ལམ་ཤར་གཏོང་བྱས་པ་དེ་ཡང་འདུས་ཡོད།

པིན་ཀུའུ་ཡུལ་ཚོ་ཧའེ་ཙི་པཱ་སྡེ་དམངས་ཚན་ཆུང་གི་སྔོན་ཆད་ཀྱི་ཚན་གཙོའམ་འཐུས་མི་ཞའེ་ཁྲིན་ཧྥུན་གྱིས་བཤད་རྒྱུར། ལོ་འདི་དག་གི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ“སའི་གོ་ལའི་འབྲས་སྐྲན”རུ་བརྗོད་པའི་བྱེ་ཟེགས་ཅན་བཅོས་སྐྱོང་བྱས་པ་དེས་སྡེ་བར་ལམ་ཤར་གཏོང་བྱེད་ཐུབ་པ་བྱུང་བ་དང་། གློག་འཐེན་ཐུབ་པ་བྱུང་ལ། སྟར་ཀར་འབྲས་བུ་སྨིན་ཐུབ་པ་བྱུང་ཡོད་ཟེར།

རྒྱུན་འཁྱོངས་ལྷོད་མེད་དང་བྱ་སྤྱོད་དངོས་ལས་ལྷོད་གཡེང་དུ་མི་གཏོང་བ་དང་། དུས་རབས་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ནམ་ཡང་བྱེད་བཞིན་པའི་ལམ་དུ་ཡོད་པའི་བློ་རྩ་བརྟན་པོས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་ལ་སྐུལ་འདེད་ཟབ་མོ་བཏང་ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱུགས་སྤྲོད་ལམ་བུ་གསར་བའི་སྟེང་ལོ་རྒྱུས་དང་མི་དམངས་ལ་ཕུལ་དུ་བྱུང་བའི་རྒྱུགས་སྤྲོད་ཐུབ་པ་ཁོ་ཐག་ཡིན།

ཡིག་སྒྱུར་བ། ཤ་བོ་རིན་མཚོ། ཚེ་རིང་སྒྲོལ་མ།