རླབས་ཆེན་གྱི་རང་ངོས་གསར་བརྗེ་ཡིས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་པའི་བླང་བྱ་གལ་ཆེན་བློ་ལ་བརྟན་པོར་ངེས་དགོས།
2022.10.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

         ཞིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཏམ།

“ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ནི་དུས་ནམ་ཡང་བྱེད་བཞིན་པའི་ལམ་དུ་ཡོད་པ་དང་།   ཏང་གི་རང་ངོས་གསར་བརྗེ་ནི་དུས་ནམ་ཡང་བྱེད་བཞིན་པའི་ལམ་དུ་ཡོད་པས། ང་ཚོས་རྒྱུན་སྲིང་ལྷོད་མེད་སྒོས་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་བཏང་སྟེ། ཏང་གི་ངོ་བོ་ནམ་ཡང་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ཀྱི་འགན་ལེན་བྱས་ནས། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་བྱེད་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀོང་ཞིའི་འཐུས་མིའི་ཚོགས་པའི་གྲོས་བསྡུར་ལ་ཞུགས་སྐབས། རླབས་ཆེན་གྱི་རང་ངོས་གསར་བརྗེ་ཡིས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་པའི་བླང་བྱ་གལ་ཆེན་བློ་ལ་བརྟན་པོར་ངེས་པར་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏིང་ཟབ་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་བ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལོ་བཅུར་དཀའ་སྤྱད་སྡུག་རུས་བྱེད་པའི་ངེས་ཤུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། “མི་སྟོང་ཕྲག་མང་པོར་ཕོག་ཐུག་གཏོང་དགོས་རུང་།  མི་དམངས་དུང་ཕྱུར་བཅུ་བཞིར་རྒྱབ་འགལ་མི་བྱེད་པའི་འགན་འཁྲི་ཕྲག་ཏུ་འཁུར་ནས།  སྔར་བྱུང་མ་མྱོང་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་སྟེ།  རང་ངོས་གསར་བརྗེ་བྱེད་པའི“མཉམ་ཤུགས”ཆ་ཚང་ཞིག་ཆགས་པར་བྱས་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པར་མ་ཟད་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་ཞིང་།    ཏང་དང་། རྒྱལ་ཁབ།  དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་མེད་པར་བཟོས་ཡོད།   ལོ་ངོ་བཅུའི་འབད་བརྩོན་ཁྲོད་ནས་སྦྱོང་བརྡར་ཆེན་པོ་ཐོབ་ཅིང་།  རྒྱུན་འཁྱོངས་ལྷོད་མེད་བྱས་བ་བརྒྱུད། ཏང་གིས་རང་ངོས་གསར་བརྗེ་ཞེས་པའི་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་ཐར་བར་བྱེད་པའི་དྲིས་ལན་གཉིས་པ་དེ་རྙེད་ཅིང་།  རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་མཐོར་འདེགས་བཅས་ཀྱི་ནུས་པ་མངོན་གསལ་སྒོས་ཇེ་ཆེར་སོང་བ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལྷོད་ཡང་མཉེན་གསུམ་གྱི་གནས་ཚུལ་ལ་རྩ་བ་ནས་འགྱུར་ལྡོག་བྱུང་སྟེ། སྤྱོད་གཙང་གཞུང་དྲང་གི་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་རྒྱུན་ཆད་མེད་པར་ཆགས་པ་དང་འཕེལ་རྒྱས་སུ་སོང་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་པ་བརྒྱུད། ང་ཚོས་ཏང་ནང་གི་མངོན་གསལ་དོད་པའི་གནད་དོན་མང་པོ་ཞིག་ཐག་གཅོད་བྱས་པས་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ཁྲོད་ཏང་སྔར་ལས་འགྱུར་མེད་སྟོབས་ལྡན་དུ་གྱུར་ཡོད། དུས་མཚུངས་སུ་ཏང་གི་མདུན་དུ་ལྷགས་པའི་སྲིད་སྐྱོང་གི་ཉམས་སད་དང་།  བཅོས་སྒྱུར་སྒོ་འབྱེད་ཀྱི་ཉམས་སད། ཁྲོམ་རའི་དཔལ་འབྱོར་གྱི་ཉམས་སད། ཕྱི་ཕྱོགས་ཁོར་ཡུག་གི་ཉམས་སད་བཅས་དུས་ཡུན་རིང་པོར་གནས་ཡོད་པ་དང་། བསམ་བློ་སྒྱིད་ལུག་གི་ཉེན་ཁ་དང་། འཇོན་ནུས་མི་འདང་བའི་ཉེན་ཁ། མང་ཚོགས་དང་ཁ་བྲལ་བའི་ཉེན་ཁ། སྒྱིད་ལུག་རུལ་སུངས་ཀྱི་ཉེན་ཁ་བཅས་དུས་ཡུན་རིང་པོར་གནས་ཡོད་པ་རིག་པ་དྭངས་གསལ་གྱིས་ཤེས་དགོས།  ནམ་ཡང་འགྲོ་ལམ་ཐོག་ཏུ་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད། རྒྱུན་འཁྱོངས་ལྷོད་མེད་བཅས་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དེ་གཏིང་ཟབ་ཏུ་སྤེལ་ན། ད་གཟོད་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་གནས་ཐུབ་པར་བྱེད་པ་དང་། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་བརྟན་པོ་ཞིག་ཏུ་འགྱུར་བའི་འགན་ལེན་བྱེད་ཐུབ།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཀྱི་རྒྱལ་ཁབ་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩ་ནི་ཏང་ལ་ཐུག་ཡོད། ང་ཚོའི་ཏང་ནི་འཛམ་གླིང་ཐོག་གི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཆེ་ཤོས་ཤིག་ཡིན་པས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་གོང་བཀུར་ཐོབ་པ་དང་། ཡུན་རིང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏོང་དགོས་ན། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱེད་དགོས།  སྐྱོད་ལམ་གསར་པའི་ཐོག རླབས་ཆེན་གྱི་རང་ངོས་གསར་བརྗེ་ཡིས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱས་ཏེ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཏང་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་སྟེང་།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བར་འགན་ལེན་ཏན་ཏིག་བྱེད་པ་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་འགན་ལེན་ཏན་ཏིག་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མི་སེམས་གོང་བུར་འགྲིལ་བ་དང་། ཏང་གི་བསམ་བློ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བྱེད་པ། ཕུགས་བསམ་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་བྱེད་པ། ཏང་ཡོངས་ཀྱིས་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པར་ཁྲིད་སྟོན་བཅས་བྱས་ཏེ།  རང་འགུལ་ངང་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གྱི་བློ་བརྟན་འགྱུར་མེད་ཀྱི་དད་མོས་བྱེད་མཁན་དང་ལྷག་བསམ་རྣམ་དག་གི་ལག་ལེན་བྱེད་མཁན་ཞིག་ཏུ་འགྱུར་བར་བྱེད་དགོས། ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཀྱི་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས། ཏང་གི་གཅིག་གྱུར་འགོ་ཁྲིད་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་ཐང་དང་ལས་ཕྱོད་ཆེ་བ་བཅས་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ། ཆབ་སྲིད་སྐོར་གཟིགས་ཀྱི་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་བྱེད་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ། འགན་འདྲིའི་བྱེད་ཐབས་དྲག་པོ་སྤྱོད་པ་བཅས་བྱེད་དགོས། མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་མོ་འཁུར་ཐུབ་ཅིང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱས་ཏེ། སྤྱོད་ཡོན་གཉིས་ལྡན་དང་།  སྤྱོད་ལམ་གཙོ་བོར་འཛིན་པ། ཕྱོགས་བཞི་མཚམས་བརྒྱད་ཀྱི་མཛངས་མི་ཁོ་ན་བསྐོ་གཞག་བྱེད་པ་རྒྱུན་འཁྱོངས་བཅས་བྱས་ཏེ། མི་འདེམས་སྤྱོད་ཀྱི་ཁྲིད་ཕྱོགས་ཡང་དག་པ་བཙུགས་ནས། བློ་དཀར་སེམས་དཀར་དང་། སྤྱོད་པ་གཙང་བ། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པ་འདེམས་སྒྲུག་བྱེད་པ་དང་། རིམ་པ་སོ་སོའི་འགོ་ཁྲིད་ཚན་པ་ལེགས་འདེམས་ཧྲག་སྒྲུག་བྱེད་པ། ལས་བྱེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་གསོ་སྐྱོང་བྱེད་པར་ཤུགས་སྣོན་བྱེད་པ། ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་། ལས་དོན་ལྷུར་ལེན་བྱེད་པར་སྐུལ་ལྕག་གཏོང་བ་བཅས་བྱེད་དགོས། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་གསལ་པོ་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་འགོ་ཁྲིད་ནུས་ལྡན་མངོན་འགྱུར་བྱེད་པའི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འགྱུར་བར་བྱས་ནས། ཏང་ཡོན་ལ་སྐུལ་ལྕག་བཏང་ནས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་དང་། ཏང་ཡོན་དཔུང་སྡེའི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་དགོས།  ནན་མོ་བྱེད་པའི་དགོངས་གཞི་ལ་བརྟེན་ནས་སྤྱོད་ཚུལ་ལེགས་བཅོས་དང་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ་རྒྱུན་འཁྱོངས་དང་། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ།“སྤྱོད་ཚུལ་བཞི”ཡོ་བསྲང་དང་བཅོས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཙོ་གནད་དུ་བཟུང་ནས་ཡོ་བསྲང་དང་བཅོས་སྐྱོང་བྱེད་པ།  ཁྱད་དབང་བསམ་བློ་དང་ཁྱད་དབང་བྱ་སྤྱོད་མཐའ་གཅིག་ཏུ་མེད་པར་བཟོ་བ་བཅས་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་ཀྱི་རྒྱུན་སྲིང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱས་ནས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  བཟོད་སྒོམ་གཏན་ནས་མེད་པའི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་ལ་ཆད་པ་ནན་མོ་གཅོད་པ་ལས་གུ་ཡངས་གཏན་ནས་གཏོང་མི་རུང་།

ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་ནི་ཏང་ལ་ནམ་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པའི་སྟེང་ལེགས་པོར་སྐྱོད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་འོག  དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་རང་ངོས་གསར་བརྗེ་སྟོབས་ཆེར་གཏོང་བ་དང་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ལས་འགོ་གསར་པ་འཛུགས་པ་བཅས་བྱས་ཚེ། ང་ཚོའི་ཏང་གིས་མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་རྩོམ་ཐུབ་ངེས་ཡིན།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།