ང་ཚོའི་སེམས་ཀྱི་སྐད་ཆ་འདི་དག་ཚོགས་ཆེན་ཐོག་འཁྱེར་རོགས།
2022.10.22 ཁུངས། ཀློག་གྲངས། 56

“ང་རང་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིར་བདམས་པར་མ་ཟད། ད་དུང་པེ་ཅིང་དུ་འགྲོ་དགོས་པ་ཤེས་རྗེས། ངའི་སློབ་མ་དང་ལས་གྲོགས། ཡུལ་མི་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་རྟེན་འབྲེལ་ཞུས་པ་དང་ལྕག་སྐུལ་བྱས་ནས། ཉེ་འཁོར་གྱི་འགྱུར་ལྡོག་དང་མཛེས་སྡུག་ལྡན་པའི་འཚོ་བའི་འདུན་པ་ང་ལ་བཤད།  སློབ་མ་ཚོས་གཅིག་རྗེས་གཉིས་མཐུད་ངང་ང་ལ་ཁ་པར་གཏོང་བ་དང་སྐད་འཕྲིན་བསྐུར་ནས་བཤད་རྒྱུར། དགེ་རྒན་ཨ་མ་འབད་པ་བྱོས། ང་ཚོའི་སེམས་ཀྱི་སྐད་ཆ་འདི་དག་ཚོགས་འདུའི་སྟེང་འཁྱེར་རོགས་ཟེར།” ཟླ10པའི་ཚེས17ཉིན། མཚོ་སྔོན་འཐུས་མིའི་ཚོགས་པའི་གྲོས་བསྡུར་ཁྲོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ཐུན་ཏེ་རྫོང་ཀ་པ་སུམ་མདོ་གྲོང་རྡལ་གོང་མ་བཅའ་སྡོད་སློབ་ཆུང་གི་དགེ་རྒན་ལིས་ཞུག་ཆིན་གྱིས་རྩྭ་ཐང་ནས་འཁྱེར་ཡོང་བའི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་རེད།

1994ལོར། ལིས་ཞུག་ཆིན་སློབ་མཐར་ཕྱིན་རྗེས་ཐུན་ཏེ་རྩྭ་ཐང་དུ་ཡོང་ནས་ཞོལ་མ་ཡུལ་ཚོའི་སྟག་གསོད་བཅའ་སྡོད་སློབ་ཆུང་གི་བུད་མེད་དགེ་རྒན་དང་པོར་གྱུར། སྐབས་དེ་དུས་མོའི་མིག་མདུན་གྱི་སློབ་གྲྭ་ནི་སོ་ཕག་གི་རྩིག་གྱང་གིས་མཐའ་ནས་བསྐོར་ཞིང་། སྒོ་སམ་གྱི་མཐའ་འཁོར་ཨར་འདམ་གྱིས་བཟོས་པ་སོགས་ཆ་རྐྱེན་ཧ་ཅང་ཞན།

ལིས་ཞུག་ཆིན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད་རྒྱུར། “ཉིན་ཞིག་བུ་མོ་ཆུང་ཆུང་ཞིག་གིས་ངའི་སྒོ་བརྡུངས་ནས་བལྟས་པས། སྒོ་འགྲམ་དུ་གཡག་རྒན་ཞིག་ལ་བུ་མོ་དེའི་གཅུང་པོ་དང་ནུ་མོ་ཞོན་ནས་ཡོད་པ་མཐོང་བྱུང་། བྱིས་པ་གསུམ་ཀའི་གདོང་ལ་སློབ་གྲྭར་སྐྱོད་པའི་ལམ་བུར་དུ་སྡོང་བོའི་ཡག་གར་དྲུད་པའི་ཤུལ་སྔོན་པོ་དང་སྨུག་པོར་གྱུར་འདུག་ལ། ཆུར་བརྒལ་སྐབས་ནུ་བོའི་ལྷམ་ཡང་ཆུས་ཁུར་ཟིན་འདུག” དེ་དུས་འགྲིམ་འགྲུལ་སྟབས་བདེ་མིན་པའི་རྐྱེན་གྱིས་རྩྭ་ཐང་གི་འབྲོག་པའི་བྱིས་པ་རྣམས་སློབ་གྲྭར་བསྐྱོད་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན།

གམ་གྱི་བྱིས་པ་ཚོར་ངེས་པར་དུ་བདག་སྐྱོང་བྱེད་དགོས་པས་ལིས་ཞུག་ཆིན་གྱིས་རང་འགུལ་ངང་བྱིས་པར་བདག་སྐྱོང་བྱེད་པའི་འགན་དང་དུ་བླངས་ནས། བྱིས་པ་ཚོར་གྱོན་ཆས་བཟོ་བ་དང་སྐྲ་བཞར་བར་མ་ཟད། ད་དུང་རང་ཉིད་ཀྱི་ཕོགས་དངུལ་གྱིས་བྱིས་པ་ཚོར་འཚོ་བའི་མཁོ་ཆས་ཀྱང་ཉོས་པ་རེད། མོས་ཕྱིར་དྲན་བྱས་ཏེ་བཤད་རྒྱུར། “བྱིས་པ་ཞིག་གི་ཁྱིམ་མིར་ཟས་དུག་ཕོག་ནས་དུས་ཐོག་ཏུ་སྐྱོབ་བཅོས་མ་ཐུབ་པས་བྱིས་པ་དེ་དྭ་ཕྲུག་ཏུ་གྱུར་ཡོད། ཁོའི་གཟུགས་པོ་ཧ་ཅང་ཞན་པས་ངས་ཁོ་རང་ཉིད་ཀྱི་བྱིས་པ་ལྟར་བདག་སྐྱོང་བྱས་པ་ཡིན། ཁོས་ང་ལ‘དགེ་རྒན་ཨ་མ’ཞེས་བོས་པས། བྱིས་པ་གཞན་དག་གིས་ཀྱང་དེ་བཞིན་འབོད་པ་ཡིན།”

འཐུས་མི་ལིས་ཞུག་ཆིན་གྱི་དུས་རབས་གསར་པའི་ལོ་བཅུའི་ནང་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། མི་རིགས་ས་ཁུལ་གྱི་རྨང་གཞིའི་སློབ་གསོ་ཡང་འཕེལ་རྒྱས་མགྱོགས་པོ་བྱུང་སྟེ། སློབ་གྲྭ་ནི་རྩྭ་ཐང་གི་མཛེས་སྡུག་ལྡན་པའི་འཛུགས་སྐྲུན་ཞིག་ཏུ་གྱུར་བས། བྱིས་པ་ཚོ“སློབ་གྲྭར་འགྲོ་ས་ཡོད་པ”ནས“སློབ་གྲྭ་བཟང་བོར་འགྲོ་ས་ཡོད་པ”འི་བར་འགྱུར་ལྡོག་མངོན་འགྱུར་བྱུང་ཡོད།

“སྐབས་དེ་དུས་ཀྱི་གཟུགས་པོ་ཞན་པའི་བུ་ཆུང་དེ་ད་ལྟ་སྟོབས་པོ་ཆེ་ཞིག་ཏུ་གྱུར་ནས་ཁྱིམ་ཐབས་བཟུང་སྟེ་བྱ་བཞག་ཡོད་པར་གྱུར་ཡོད། ཐེངས་ཤིག་ཁོས་ང་དང་བརྙན་ལམ་ནས་ཁ་བརྡ་བྱེད་སྐབས་བཤད་རྒྱུར། ད་ལྟ་གྲོང་ཚོར་གློག་ཤར་གཏོང་ཐུབ་ཡོད་པར་མ་ཟད། ད་དུང་རླངས་འཁོར་དང་ཁ་པར་ཡང་ཡོད་པས། གལ་ཏེ་ཁོའི་ཁྱིམ་མི་ཚོས་ཀྱང་འདི་འདྲའི་འཚོ་བ་ཡག་པོ་སྐྱེལ་ཐུབ་ཡོད་ཚེ་ཅི་མ་རུང་ཟེར།” ཞེས་བཤད་ཞོར་ལིས་ཞུག་ཆིན་གྱི་མགྲིན་པ་བརྣངས་བར་གྱུར་བ་དང་འཐུས་མི་གཞན་དག་ཀྱང་སེམས་འགུལ་ཚད་མེད་ཐེབས།

འཐུས་མི་ལིས་ཞུག་ཆིན་གྱིས་བཤད་རྒྱུར། ཏང་གི་སྲིད་ཇུས་བཟང་པོའི་མཛུབ་ཁྲིད་འོག སྤྱི་ཚོགས་འཚོ་བའི་འགྱུར་ལྡོག་དེ་ཕྱོགས་གང་ཅིའི་ཐད་དུ་མངོན་པ་དང་ལྷག་པར་དུ་འབྲོག་པ་ཚོའི་སློབ་གསོའི་འདུ་ཤེས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་པ་དང་། ཡུལ་མི་ཚོས་བྱིས་པའི་སློབ་གསོར་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད་ལ་དགེ་རྒན་ཡང་རྩྭ་ཐང་སྟེང་ཆེས་བརྩི་བཀུར་ཐོབ་མཁན་མི་རུ་གྱུར་ཡོད།

“ད་ལྟ། བྱིས་པ་ཚོ་གུང་གསེང་སྐབས་ཁྱིམ་དུ་ལོག་རྗེས་ཀྱང་ཕྱིར་དགེ་རྒན་ཚོར་ཁ་པར་བརྒྱབ་སྟེ། སློབ་གྲྭའི་ཉལ་ཁང་དྲོ་སྐྱིད་ལྡན་པ་དང་ཁ་ཟས་ཞིམ་པོ་འདུག་པས་ད་རུང་སློབ་གྲྭར་སྡོད་འདོད་ཆེ་ཟེར”ཞེས་འཐུས་མི་ལིས་ཞུག་ཆིན་གྱིས་རང་ཉིད་ཀྱི་མྱོང་བ་དངོས་བརྒྱུད་ཀྱི་གཏམ་རྒྱུད་གླེང་བཞིན་ཡོད་པ་དང་། འདི་ལས་རྩྭ་ཐང་གི་འཕོ་འགྱུར་ཆེན་པོ་ཞིག་ཀྱང་གསལ་པོར་རྟོགས་ཐུབ།

ཡིག་སྒྱུར་བ། རྟ་མགྲིན་སྐྱབས།