—ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་རང་ཞིང་གི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།
འཕེལ་རྒྱས་སུ་འགྲོ་བཞིན་པའི་གྲོང་ཁྱེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན། ད་ལྟ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་ལས་འགན་གཙོ་བོ་ནི་ཕྱོགས་ཡོངས་ནས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།
བརྗིད་རླབས་ཆེ་བའི་འཆར་འགོད་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་མཛེས་སྡུག་ལྡན་པའི་མདུན་ལམ་ལ་སྐུལ་མ་ཐེབས་ཡོད། བསྟུད་མར་ཉིན་འགའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཕུལ་བའི་སྙན་ཞུ་ལ་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་བསྟན་དོན། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུའི་སྟེང་བསྐྱོད་དེ་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཕྱོགས་ཡོངས་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ།“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ”འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།
དམིགས་འབེན་ཕུར་ཚུགས་སུ་བསྟེན་ནས། འབད་འབུངས་ཡར་བརྩོན་གྱིས་ལེའུ་གསར་པ་འབྲི་དགོས།
“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་ཞིང་། རྒྱལ་ཁབ་སོ་སོའི་དེང་རབས་ཅན་གྱི་ཐུན་མོང་ཁྱད་ཆོས་ཡོད་ལ་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་པའི་ཀྲུང་གོའི་ཁྱད་ཆོས་ཀྱང་ཡོད།”
མཚོ་སྔོན་ཞིང་ཆེན་ལས་ཞུགས་ཞབས་ཞུ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཡང་ཀྲི་ཧོང་གིས་བཤད་རྒྱུར། ལས་ཞུགས་ནི་དམངས་ཚིས་རྩ་བ་ཡིན། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བརྩིས་ནས། ལས་ཞུགས་སྔོན་ལ་འཛིན་པའི་འཐབ་ཇུས་རྒྱུན་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་ཞུགས་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ལ་དམིགས་ཏེ། ལས་ཞུགས་ལས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བའི་བཟོ་སྐྲུན་ལག་བསྟར་ཤུགས་ཆེན་བྱས་ནས། ངལ་རྩོལ་པའི་ལས་ཞུགས་ཀྱི་ཡོང་འབབ་འཕར་སྣོན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། སྤུས་ཚད་སྔར་ལས་མཐོ་བའི་ལས་ཞུགས་ཧུར་ཐག་གིས་མངོན་འགྱུར་བྱས་ནས། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ཟེར།
མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་ཕྱི་རྒྱལ་ཆེད་མཁས་ཅུའུ་ཡི་ཅུའུ་ཀྲང་མེའོ་ཧོན་གྱིས་བཤད་རྒྱུར། ཚན་རྩལ་གྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་བརྗོད་སྙིང་དང་། དགོངས་དོན་གྱི་ངོ་བོ། ནང་དོན་ཕུན་སུམ་ཚོགས་པ། ལག་ལེན་གྱི་བླང་བྱ་བཅས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། ཚན་རྩལ་གསར་སྐྲུན་གྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ཚན་རྩལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ། དུས་རབས་གསར་པའི་ཚན་རྩལ་ཁྱབ་གདལ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཧུར་ཐག་གིས་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཀྱི་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། འབད་འབུངས་ཡར་བརྩོན་དང་བྱ་སྤྱོད་ཏན་ཏིག་སྤེལ་བ་བཅས་བྱས་ནས་ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་དེ་ཞིབ་ཕྲའི་བྱ་བའི་ཁྲོད་ལག་བསྟར་དོན་འཁྱོལ་བྱེད་དགོས་ཟེར།
མཚོ་སྔོན་ཞིང་ཆེན་ལས་རིགས་སློབ་གསོ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ལིས་གོ་ལིན་གྱིས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། ལས་རིགས་སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ངས་བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ལྡན་པའི་ཤེས་ལྡན་མི་སྣ་དང་། བཟོ་རྩལ་མཁས་པ། རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་བཅས་གསོ་སྐྱོང་བྱེད་པའི་ཐད་ལ་བྱས་རྗེས་འཇོག་པར་འབད་བརྩོན་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད་སྤུས་ཚད་མཐོ་བའི་ལས་རིགས་རྩལ་ནུས་ཀྱི་ཤེས་ལྡན་པ་སྐྱེད་སྲིང་དང་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་དུས་རབས་གསར་པའི་ལས་རིགས་སློབ་གསོའི་ལས་དོན་ཐད་ཀྱི་མཚོ་སྔོན་གྱི་མིག་དཔེ་ཧུར་ཐག་སྒོས་བསྐྲུན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ལས་རིགས་སློབ་གསོའི་བྱས་རྗེས་གསར་བ་སྔར་ལས་ཆེ་བ་འབུལ་རྒྱུ་ཡིན་ཟེར།
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་རྒྱལ་རྗེ་ཕོ་བྲང་གྲོང་རྡལ་སྡེ་ཁུལ་གོང་མའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསམ་གྲུབ་དར་རྒྱས་ཀྱིས་བཤད་རྒྱུར། སྙན་ཞུ་ལས་བཀོད་སྒྲིག་བྱས་པའི་བྱེད་ཐབས་གསར་པ་དང་། ལས་འགན་གསར་པ། མཛེས་སྡུག་ལྡན་པའི་དམངས་ཚིས་འཆར་འགོད་བཅས་ཀྱིས་ལེ་བར་སྟོང་གིས་ཆོད་པའི་ང་ཚོར་སེམས་འགུལ་ཆེན་པོ་དང་སྐུལ་ལྕག་ཆེན་པོ་ཐེབས་ཏུ་བཅུག་བྱུང་། རྗེས་ཕྱོགས་ང་ཚོས་ངེས་པར་དུ་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམ་པོར་དམིགས་ནས། ཏང་འཛུགས་སྐྲུན་གྱི་ལས་དོན་སྡེ་ཁུལ་དུ་སྤེལ་ནས་གསར་བརྗེའི་བཙན་རྫོང་དེ་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྲུན་པ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ་གཞི་རིམ་བཅོས་སྐྱོང་ལེགས་པོ་བྱེད་དགོས་ཟེར།
ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་འབད་འབུངས་ཡར་བརྩོན་གྱིས་སྐྱོད་ལམ་གསར་པར་བསྐྱོད་དགོས།
“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ནི། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ དཔལ་ཡོན་གྱི་རྣམ་པ་གསར་པ་གསར་གཏོད་བཅས་བྱེད་དགོས་པ་དེ་རེད།”
མཚོ་སྔོན་སློབ་ཆེན་ཚན་རྩལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའམ་མཚོ་སྔོན་སློབ་ཆེན་ཟུར་གཏོགས་སྨན་ཁང་གི་ཡོན་ཀྲང་གི་ལས་རོགས་པ་མཱ་ཡན་ཡན་གྱིས་བཤད་རྒྱུར། ཏང་ཕྱིའི་ཤེས་ཡོན་ཅན་ཞིག་ཡིན་པའི་ཆ་ནས། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། རང་རྟོགས་སྒོས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་ཀྲུང་གུང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ། རྨང་གཞིའི་ཞིབ་འཇུག་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཐོན་སློབ་ཞིབ་གསུམ་མཐུན་སྦྱོར་གསར་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་གཏོང་བའི་ཁྲོད་རང་ཉིད་ཀྱི་ལས་གནས་སྟེང་གཞི་ཚུགས་པ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཟེར།
ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་ཏ་ཀྲུང་ཁྲོམ་གཞུང་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའམ་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཀྲི་ཡིས་བཤད་རྒྱུར། གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ངས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་དགོངས་དོན་གྱི་ངོ་བོར་གོ་བ་ཟབ་མོ་བླངས་སྟེ། གཞི་རིམ་ཏང་རྩ་འཛུགས་ནི་ཏང་གིས་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་སྦྲེལ་ཐག་ལྟ་བུ་ཡིན་པའི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པ་དང་། གཞི་རིམ་བཅོས་སྐྱོང་གསར་སྐྲུན་དང་སྤྱི་པའི་ཞབས་ཞུའི་ནུས་པ་ཇེ་མཐོར་གཏོང་བའི་གཙོ་རྐང་གཉིས་ལ་དམ་པོར་དམིགས་ཏེ། ལས་དོན་སྒྲུབ་སྟངས་གསར་སྐྲུན་དང་། མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད་ལ་ཤུགས་རྐྱེན་ཐེབས་པའི་འགག་རྩའི་གནད་དོན་ཐག་གཅོད་བྱས་ནས། རྒྱུན་ཆད་མེད་པར་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཇེ་མཐོར་གཏོང་དགོས་ཟེར།
མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུའུ་ཕེན་ཨན་ཁྲོམ་གཞུང་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཀྲི་ཅན་གྱིས་བཤད་རྒྱུར། དུས་རབས་གསར་པའི་གཞི་རིམ་གྱི་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། སྐྱོད་ལམ་གསར་པའི་སྟེང་དུས་དང་རྣམ་པ་ཀུན་ཏུ་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་ཏེ། ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་དང་ཞིབ་ཚགས་ཀྱི་དྲ་མིག་ཅན་གྱི་ཞབས་ཞུ་རྒྱུན་འཁྱོངས་བྱས་ནས། ཀྲི་པུའུ་དྲ་མིག་ཅན་ཏུ་བསྐྲུན་པ་དང་ཏང་གི་ཚོགས་ཆུང་སྒོ་རའི་ནང་འཛུགས་པ། ཏང་ཡོན་ཁྱིམ་ཚང་མང་པོར་སྐྱོད་པ་བཅས་འཚོལ་ཞིབ་ལེགས་པོ་བྱས་ཏེ། དྲ་རྒྱའི་ནང་རྒྱ་ཆེའི་ཏང་ཡོན་གྱི་སྟོབས་ཤུགས་གཅིག་བསྡུས་བྱས་ནས། ཏང་གི་ཆབ་སྲིད་དགེ་མཚན་དང་། རྩ་འཛུགས་ཀྱི་དགེ་མཚན། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་ཞུ་བྱེད་པའི་ལེགས་ཆ་བཅས་དོན་ངོ་མའི་ཐོག་ནས་བཅོས་སྐྱོང་གི་ལེགས་ཆར་བསྒྱུར་བར་བྱས་ནས། སྡེ་ཁུལ་བཅོས་སྐྱོང་ལ་ཕན་འབྲས་སྔར་བས་ཆེ་བ་དང་དྲོད་ཁོལ་སྔར་ལས་ཆེན་པོ་ལྡན་པར་བྱེད་དགོས་ཟེར།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཏུང་གིས་བཤད་རྒྱུར།“ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་སྒྲོག ལག་བསྟར་བྱེད་པའི་བྱ་བ་ཇེ་ཟབ་ཏུ་བཏང་ནས་ཏང་གི་གསར་སྐྲུན་གཞུང་ལུགས་ཀྱིས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་བློ་དཀར་སེམས་དཀར་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁ་ཕྱོགས་འཛུགས་པ་དང་། གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་བྱེད་པའི་རྩ་འཛུགས་ཀྱི་མ་ལག་འཐུས་ཚང་དུ་བཏང་ནས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ།‘དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པའི’ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཟེར།
“རྒྱུགས་སྤྲོད”ཀྱི་རྣམ་པ་སྲུང་འཛིན་བྱས་ནས་དུས་རབས་ཀྱི་འགན་འཁྲི་གསར་བ་ཕྲག་ཏུ་ལེན་དགོས།
“ང་ཚོས་ངེས་པར་དུ་ཉེན་འབྱུང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། མ་མཐའི་ཚད་ཐིག་གི་བསམ་གཞིགས་རྒྱུན་འཁྱོངས་བྱས་ཏེ། བདེ་སྡོད་ཉེན་བསམ་དང་ཆུ་མ་ཡོང་གོང་གི་རགས་བརྒྱབ་ནས་ཉེན་ཁ་དང་ཐ་ན་འཇིགས་སྣང་ཆེ་བའི་རྦ་རླབས་ཀྱི་ཉམས་སད་ཆེན་པོ་ཐེག་རྒྱུའི་གྲ་སྒྲིག་བྱེད་དགོས”
མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་ཧན་ཡུག་ཞང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་རང་བྱུང་ཐོན་ཁུངས་ཀྱི་བྱ་བ་ལེགས་པོར་བསྒྲུབ་རྒྱུའི་ཐད་ཁ་ཕྱོགས་གསལ་བོ་བསྟན་ཡོད། གོམ་རིམ་རྗེས་མར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དོན་འཁྱོལ་བྱས་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་གངས་འཁྱག་མ་ལག་བཅོས་སྐྱོང་དང་གཞི་གཅིག་ཅན་གྱི་སྲུང་སྐྱོབ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ས་ཁོངས་ཀྱི་བར་སྟོང་གསར་སྤེལ་སྲུང་སྐྱོབ་ཀྱི་རྣམ་པ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ། ཆེས་གཟབ་ནན་གྱི་རྨོ་ཞིང་སྲུང་སྐྱོབ་དང་ལེགས་བསྡུས་ཞིབ་གཉེར་གྱིས་ས་ཞིང་བཀོལ་སྤྱོད་གྲོན་ཆུང་བྱེད་པའི་ལམ་ལུགས་དངོས་འབེབ་བཅས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགན་སྲུང་བྱས་པའི་དུས་མཚུངས་སུ་འབད་བརྩོན་ཆེན་པོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོ་དང་། སྟོབས་ཤུགས་འདོན་སྤེལ་བྱེད་རྒྱུ་ཡིན་ཟེར།
མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་སྤྱི་ཚོགས་རྒུད་སྐྱོབ་ཁྲུའུ་ཡི་ཀྲུའུ་རིན་ཁི་ཡོན་ལིག་ཡུང་ཅིན་གྱིས་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ཡིས་དམངས་སྲིད་རོགས་སྐྱོབ་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོ་བསྟན་པ་མ་ཟད། རྗེས་ཕྱོགས་ཀྱི་བྱ་བའི་ཐད་ལ་བླང་བྱ་གསར་པ་ཡང་བཏོན་ཡོད། དམངས་སྲིད་ཀྱི་རྒུད་སྐྱོབ་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས་རང་གི་ལས་ཀའི་སྟེང་རྐང་ཚུགས་ཏེ། དམངས་སྲིད་རྒུད་སྐྱོབ་ཀྱི་གཞི་རྩའི་དམངས་ཚིས་མཐའ་སྐྱོང་འགན་སྲུང་གི་འགན་འཁྲི་གལ་ཆེན་འཁུར་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་ཡོངས་ཀྱི་དམངས་ཚིས་བྱ་བའི་བཀོད་སྒྲིག་གི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་སྤྱི་ཚོགས་རྒུད་སྐྱོབ་བྱ་བའི་ཁྲོད་འདྲེས་སུ་བཅུག་ནས་དམངས་སྲིད་ཀྱི་གཏམ་རྒྱུད་ལེགས་པོར་འཆད་པ་དང་། དམངས་ཚིས་བདེ་སྐྱིད་གོང་འཕེལ་གཏོང་བ། དུས་རབས་ཀྱིས་བསྩལ་བའི་འགན་འཁྲི་ཧུར་ཐག་གིས་བསྒྲུབ་དགོས་པར་འདོད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་སློབ་སྦྱོང་ཟབ་མོ་བྱས་རྗེས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་བཟོ་ཚོང་ཚན་རྩལ་ཆ་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲང་ཚོས་ཡུང་གིས་བཤད་རྒྱུར།“ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་བྱེ་བྲག་གི་བྱ་བའི་ཁྲོད་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཐོན་ལས་ཀྱི་སྦྲེལ་ཐག་སྔར་ལས་ཇེ་རིང་དུ་བཏང་ནས་ཐོན་ལས་ཀྱི་རིམ་པ་སྤོར་བའི་ཤུགས་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་ཞིང་། “ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”དོན་འཁྱོལ་ནན་མོ་བྱས་ནས་སྲིད་ཇུས་ཀྱི་ཁེ་སྤོགས་ཚད་གཞི་ཚད་ཆེས་མཐོ་བའི་སྒོ་ནས་གཏོང་རྒྱུ་ཡིན་ལ། ‘ཚོང་ཁང་ཆུང་བའི’སྙིང་སྟོབས་འདོན་སྤེལ་བྱས་ནས་ལས་གཞི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་གཅིག་གྱུར་སྒོས་ཐག་གཅོད་ལེགས་པོ་བྱེད་རྒྱུ་ཡིན་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་འཁོར་སྐྱོད་གནས་ཚུལ་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་པ་དང་། ཅ་ལུད་ལྟ་ཞིབ་ཚད་ལེན་བཀོད་གཏོང་གཞི་གྲངས་ཀྱི་འདེགས་སྐྱོར་ཇེ་བརྟན་དུ་གཏོང་བ། ‘མཐོ་བ་གཉིས’ཀྱི་ལས་གཞི་རྨོངས་ཚོད་ཀྱིས་ལག་བསྟར་བྱེད་པར་ཚོད་འཛིན་ནན་མོ་བྱེད་པ་དང་། འཁོར་བསྐྱོད་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་བཏང་ནས‘ཐཱན་གཉིས’དམིགས་འབེན་མངོན་འགྱུར་བྱེད་པར་རམ་འདེགས་བྱེད་རྒྱུ་ཡིན”ཟེར།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་ཚི་ཧན་ཏཱ་བཱ་སྡེ་བ་རུ་སྡོད་པའི་བྱ་བའི་རུ་ཁག་གི་མི་སྣ་ལྷ་མོ་དོན་གྲུབ་ཀྱིས་བཤད་རྒྱུར། “སྡེ་སྡོད་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས་ངས་ཐོག་མཐའ་བར་གསུམ་དུ‘རྒྱུགས་སྤྲོད’ཀྱི་ཀླད་པ་གསལ་བོ་དང་བློ་རྩ་བརྟན་པོ་སྲུང་འཛིན་བྱས་ནས་སྡེ་བའི་གནས་ཚུལ་དང་དམངས་ཀྱི་འདོད་བློར་དམ་པོར་འབྲེལ་རྒྱུ་ཡིན་པ་དང་། སྔོན་ལ་སློབ་སྦྱོང་དང་། སློབ་སྦྱོང་ཟབ་མོ་བྱེད་པ། གོ་བ་བླངས་ནས་མང་ཚོགས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་། མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་བྱས་ཏེ། མྱུར་མོར་བྱ་བའི་སྟེང་ཞུགས་པའི་རྣམ་འགྱུར་གྱིས་ལས་གནས་གསར་བའི་སྟེང་འགན་འཁྲི་གསར་པ་འཁུར་བ་དང་། བྱེད་སྟངས་གསར་བ་འཕེལ་རྒྱས་བཏང་ནས་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན”ཟེར།
ཡིག་སྒྱུར་བ། ཤ་བོ་རིན་མཚོ། སྒྲོལ་མ་སྐྱིད། ཚེ་རིང་སྒྲོལ་མ།