མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་བློ་རུ་ངེས་པར་བྱེད་དགོས།
2022.10.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཞིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཏམ།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀོང་ཞི་འཐུས་མིའི་ཚོགས་པའི་གྲོས་བསྡུར་ལ་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་དར་ཆའི་འོག‘རྣོ་ལྕགས་ངར་མ’ལྟ་བུའི་མཐུན་སྒྲིལ་བྱས་ནས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་བཏོན་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དུས་བསྟུན་མདུན་སྐྱོད་དང་སྐབས་བསྟུན་བབ་སྐྱོད་ལ་སྐུལ་འདེད་གཏོང་དགོས།” “མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་དམ་པོར་འཛིན་དགོས”པ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་པས་སྐྱོད་པ་དང་དུས་རབས་གསར་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས།

ལོ་ངོ་བརྒྱ་ལྷག་གི་རིང་ལ། ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ལས་དོན་བསྒྲུབས་པ་དང་། དཀའ་སྤྱད་འབད་བརྩོན་གྱིས་མདུན་སྐྱོད་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཡར་ལངས་བ་ནས་ཕྱུག་པོར་གྱུར་པ་དང་དེ་ནས་སྟོབས་ལྡན་དུ་གྱུར་པའི་བར་གྱི་རླབས་ཆེན་མཆོང་སྐྱོད་བསུས་པས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དེ་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་བསྐྱོད་པ་རེད། ལོ་རྒྱུས་ཀྱི་བློ་སྒོ་ཕྱེ་བར་ཧ་ཅང་རྩ་ཆེ་སྟེ། ཏང་དང་མི་དམངས་ལ་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་ལ། མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱི་མངོན་གསལ་དོད་པའི་བསམ་པའི་མཚོན་རྟགས་ཤིག་ཡིན།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོའི་ཏང་གིས་མི་དམངས་ལ་དམ་པོར་བརྟེན་ནས་དཔལ་འབྱོར་བརྟན་པོ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། དབུལ་ཕོངས་སེལ་བ་དང་འབྱོར་འབྲིང་སྐྲུན་པ།  རིམས་ནད་ཚོད་འཛིན། འགྱུར་ལྡོག་ལ་གདོང་གཏོད་པ། ཉམས་ཉེན་སེལ་བ་བཅས་བྱས་ནས། སྒྲོལ་ཐབས་དཀའ་བའི་དཀའ་ངལ་དང་ཉེན་ཁ་རེ་རེ་ལས་སྒྲོལ་ཏེ། མི་རྣམས་ཀྱི་བློའི་ཡུལ་དུ་ཤོང་དཀའ་བའི་མི་ཡུལ་གྱི་ངོ་མཚར་རེ་རེ་བསྐྲུན། ལག་ལེན་གྱི་ཐོག་ནས་དུས་རབས་གསར་པའི་རླབས་ཆེན་གྱི་གྲུབ་འབྲས་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་དང་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན་པ་ར་འཕྲོད་གང་ལེགས་བྱུང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ་བསྟན་དོན། མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་བཞག་གསར་གཏོད་བྱེད་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན། ད་ལྟ་ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་ཡོང་བར་སྔར་ལས་ཉེ་བཅར་དང་སྔར་ལས་ཡིད་ཆེས་དང་ནུས་པ་ལྡན་ཡོད། དུས་མཚུངས་སུ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ནི་ལས་སླ་པོ་ཞིག་དང་འགྲོ་ཐབས་འདུག་ཐབས་བྱས་པ་ཙམ་གྱིས་མངོན་འགྱུར་ཡོང་བ་ཞིག་གཏན་ནས་མིན་པར། ངེས་པར་དུ་དཀའ་ཚེགས་སྔར་ལས་ཆེ་བ་དང་དཀའ་སྤྱད་སྔར་ལས་ཆེ་བའི་འབད་བརྩོན་གྱི་གྲ་སྒྲིག་བྱ་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་ནི་རླབས་ཆེ་ཞིང་དཀའ་ཚེགས་ཆེ་བའི་བྱ་གཞག་ཅིག་ཡིན་པས། ང་ཚོས་སྔར་ལས་མཐུན་སྒྲིལ་འབད་འཐབ་བྱས་ནས་དཔུང་བ་མཉམ་གཤིབ་ཀྱིས་རླབས་ཆེན་བྱ་གཞག་གསར་གཏོད་བྱེད་པའི་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

ང་ཚོས་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་བཏོད་ཡོད་ལ། ད་དུང་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་དགོས། སྐྱོད་ལམ་གསར་པའི་ཐོག ངེས་པར་དུ་གཡོ་འགུལ་སྤུ་ཙམ་མེད་པར་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང“གཏན་འཁེལ་གཉིས”མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། “སྲུང་སྐྱོང་གཉིས”ལག་ལེན་ཡང་དག་བཅས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ། རིམ་པ་སོ་སོར་ཏང་གི་འགོ་ཁྲིད་དོན་འཁྱོལ་བྱེད་པ་དང་། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དཀའ་སྡུག་ཅི་བྱུང་ཡང་མི་དམངས་ཡོངས་ཀྱི་བློས་འགེལ་ཆོག་པའི་སྲོག་ཤིང་དུ་འགྱུར་བར་བྱེད་པ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱེད་པ། མཐུན་སྒྲིལ་འབད་འཐབ་ཀྱི་ཆབ་སྲིད་ཀྱི་གོང་བུར་འགྲིལ་ཤུགས་དང་འཕེལ་རྒྱས་ཀྱི་ཡིད་རྟོན་ཆེན་པོར་བརྟེན་ནས་ངེས་པར་དུ་མི་དམངས་དུང་ཕྱུར་མང་པོའི་གསར་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་འདོན་སྤེལ་གང་ལེགས་བྱེད་པར་འགན་ལེན་བྱེད་དགོས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་དང་མང་ཚོགས་ཀྱི་ལྟ་བ་བརྟན་པོར་འཛུགས་པ། མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་བྱེད་པ། མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། ཡོད་ཚད་མི་དམངས་ཀྱི་ཆེད་ཡིན་པ་དང་ཡོད་ཚད་མི་དམངས་ལ་རྟེན་པ། མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་ཕྱིར་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ་རྒྱུན་འཁྱོངས་བྱེད་པ། མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་མི་དམངས་ཀྱི་སྐྱོན་བརྗོད་དང་ལྟ་སྐུལ་ཐོག་མཐའ་བར་གསུམ་དུ་དང་ལེན་བཅས་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་རྒྱུན་གཅིག་པ། ལས་དབང་མཉམ་པ།  གཅིག་སེམས་གཅིག་སྦྲེལ་བྱེད་པ། ངེས་པར་དུ་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་རྣམས་མཐུན་སྒྲིལ་ཆེན་པོ་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་རྣམས་ཀྱི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་བརྒྱབ་སྟེ་སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།

མཐུན་སྒྲིལ་བྱས་ན་ད་གཟོད་རྒྱལ་ཁ་འཐོབ་ཐུབ་པ་དང་། འབད་འཐབ་བྱས་ན་ད་གཟོད་ལེགས་འགྲུབ་ཡོང་ཐུབ། མིག་སྔའི་ལས་འགན་གལ་ཆེ་ཤོས་ནི་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་ཏེ་ཏན་ཏན་ཏིག་ཏིག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་རྣམས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་བྱ་རྒྱུ་དེ་རེད།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག་ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞི་ལྷག་ཙམ་གྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཀུན་སེམས་གཅིག་མཐུན།  འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བཅས་བྱས་ཚེ། མདུན་སྐྱོད་ཀྱི་ལམ་བུའི་ཐོག་དཀའ་ངལ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ནས། མི་རྣམས་ཀྱི་བློ་ཡུལ་ལས་འདས་པའི་ངོ་མཚར་ཅན་གསར་པ་གཏོད་ཐུབ་ངེས་རེད །

ཡིག་སྒྱུར་བ། རྟ་མགྲིན་སྐྱབས།