ཟླ10པའི་ཚེས23ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་བདམས་ཐོན་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་། ཀྲའོ་ལི་ཅུ། བང་ཧུའུ་ཉིན། ཚའེ་ཆི། ཏིན་ཞོའེ་ཞང་། ལིས་ཞིས་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པར་བཅར་འདྲི་བྱེད་མཁན་གྱི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་དང་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་རེད། པར་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་དངོས་སུ་ཡོད་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་ཕྱག་གཡུག་ནས་གུས་ལན་གནང་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཕིང་ཞིན་ལེ་ཡིས་པར་བླངས།
ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་། ཞི་ཅིན་ཕིང་གིས་མུ་མཐུད་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་ཤིང་། ཁོང་གིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་བྱད་མདུན་དུ་གསུང་བཤད་གནང་སྟེ།“ང་ཚོར་བློ་སྟོབས་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་སྐྱོད་བཞིན་ཡོད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད”ཅེས་གསུངས།
2022ལོའི་ཟླ10པའི་ཚེས16ཉིན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚོགས་མགོ་བརྩམས། ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཚོགས་ཆེན་ལ་སྙན་ཞུ་ཕུལ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅུས་ཕིན་གྱིས་པར་བླངས།
ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་པའི་ལོ་ངོ10ཡི་རིང་ལ། ཀྲུང་གོར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་འཕོ་འགྱུར་བྱུང་ནས་དཔལ་འབྱོར་བསྡོམས་འབོར་སྒོར་ཁྲག་ཁྲིག་ཆེན་མོ་ལྔ་དང་ཁྲག་ཁྲི་བཞི་ནས་སྒོར་རབ་བཀྲམ་ཆེན་མོ་གཅིག་དང་རབ་བཀྲམ་གཅིག་ཁྲག་ཁྲིག་ཆེན་མོ་གཅིག་ཁྲག་ཁྲིག་བཞི་བར་འཕར་ཏེ་དུས་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལས་རྣམ་པར་རྒྱལ་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་གྲུབ་བྱུང་ནས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་།
ཀྲུང་གུང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ཆ་ནས་ཞི་ཅིན་ཕིང་གིས་ལས་འགན་ལྗིད་མོ་ཕྲག་ཏུ་བཞེས་ཡོད། ཁོང་གིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་མཛད་ནས། ལོ་ངོ10ཡི་སྔོན་ལ་བཞག་པའི་ཀྲུང་གོའི་ཕུགས་འདུན་གྱི་དམ་བཅའ་ལག་ལེན་བྱས་ཏེ་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་བཏོད་པར་འགོ་ཁྲིད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཁྲིད་སྟོན་གནང་བ་རེད།
《ཀྲུང་གོའི་འགོ་ཁྲིད་པས་ཇི་ལྟར་བསམ་བློ་གཏོང་གིན་ཡོད》ཅེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་ཨ་རིའི་མཁས་དབང་ལའོ་པོ་ཐེ·ཁུའུ་ཨེན་གྱིས་བཤད་རྒྱུར། ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་ཁབ་ཀྱི་གནས་ཚུལ་ལ་ཕྱི་ཡུལ་དང་སྤྱི་ཡོངས་ནས་རྒྱུས་ལོན་གནང་བ་དང་ཀྲུང་གོའི་མ་འོངས་པར་ཞིབ་ཕྲའི་དཔྱོད་ཤེས་ཀྱི་བསམ་གཞིགས་གནང་ཡོད་ཟེར། དབྱིན་ཇིའི་སྡེ་ཚོགས48ཀྱི་རོལ་རྩེད་ཁང་གི་ཀྲུའུ་ཞི་སི་ཏི་ཧྥེན·ཕེ་ལི་ཡིས་བཤད་རྒྱུར། ཞི་ཅིན་ཕིང་གིས་ལས་དོན་སྒྲུབ་པའི་སྒུལ་ཤུགས་ཚང་མ་མི་དམངས་ལས་བྱུང་བ་ཤ་སྟག་ཡིན་པས་ཀྲུང་གོའི་ད་ལྟའི་དུས་མཚམས་ཀྱི་འཕེལ་རྒྱས་ལ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ཟེར།
དེ་སྔོན་ཞི་ཅིན་ཕིང་དང་མཉམ་དུ་པེ་ཅིང་བརྒྱད་གཅིག་སློབ་གྲྭ་རུ་སློབ་གཉེར་བྱས་པའི་ལའོ་ཝའོ་རྒྱལ་ཁབ་གློག་ཤུགས་ཀུང་སིའི་དེ་སྔོན་གྱི་ལས་འཛིན་འགོ་གཙོ་གཞོན་པ་ས་མ་ནའོ·པིན་ཧྲེ་ན་ཡིས་བཤད་རྒྱུར། ཞི་ཅིན་ཕིང་གིས་བྱ་བ་བསྒྲུབས་པ་ནི་སྒེར་གྱི་ཁེ་ཕན་མ་ཡིན་པར་ཚང་མ་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་ཆེད་ཡིན་པ་མ་ཟད། བརྒྱུད་རིམ་དེའི་ཁྲོད་འཛམ་གླིང་ལའང་ཕན་པ་ཐོབ་ཡོད་ཟེར།
གཅིག ས་སེར་ས་གཞི་ནས་རིམ་གྱིས་ཐོན་པ།
“ལོ་ངོ8ལྷག་ཙམ་ཕྱིན་སོང་། སྤྱི་ཁྱབ་ཧྲུའུ་ཅིའི‘ཨ་ཅེ’ཞེས་བརྗོད་སྐབས་ངའི་སེམས་ཧ་ཅང་དྲོད་སྐྱིད་ལྡན་པ་ཞིག་རེད”ཅེས་ཧྲི་པ་སན་གྱིས་ཕྱིར་དྲན་བྱེད་ཞོར་དེ་ལྟར་བཤད། 2013ལོའི་ཟླ11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རི་ལམ་གུ་དོག་པོ་བརྒྱུད་ནས་ཧུའུ་ནན་ཞང་ཞིས་ཀྱི་ཧྲི་པ་ཏུང་སྡེ་བའི་སྡེ་མི་ཧྲི་པ་སན་གྱི་ཁྱིམ་དུ་ཕེབས། ཧྲི་པ་སན་གྱིས་ཡི་གེ་མི་ཤེས་པ་དང་བརྙན་འཕྲིན་ལ་བལྟས་མ་མྱོང་པས། ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ངོ་ཤེས་ཀྱིན་མེད། ཁོ་མོས“ཁྱེད་ཀྱི་མིང་ལ་ཅི་ཟེར”ཞེས་དྲིས་པར། ཞི་ཅིན་ཕིང་གིས་ཁོ་མོའི་ལག་པར་འཇུས་ནས“ང་ནི་མི་དམངས་ཀྱི་ཞབས་འདེགས་པ་ཡིན”ཞེས་གསུངས། ཧྲི་པ་སན་ལོ64ཡིན་པ་ཤེས་རྗེས། ཞི་ཅིན་ཕིང་གིས“ཁྱོད་ནི་ཨ་ཅེ་རེད”ཅེས་གསུངས།
2021ལོའི་ཟླ10པར། ཧྲན་ཏུང་ཏུང་ཡུན་གྱི་རྨ་ཆུ་རྒྱ་མཚོར་འབབ་པའི་གནས་སུ། ཞི་ཅིན་ཕིང་ཞིང་ས་ཆེན་མོའི་ནང་དུ་ཕེབས་ནས་སྲན་ཆེན་ཞིག་བཏོགས་རྗེས།ཕྱག་གིས་ཕུར་ཕུར་ཙམ་བྱས་ནས་ཁ་དོག་ལ་གཟིགས་པ་དང་སྲན་རྡོག་ཅིག་བཞེས་ནས་བྲོ་བ་མྱོང་ཞོར།“སྲན་མ་སྐྱེས་པ་ཧ་ཅང་བཟང”ཞེས་གསུངས་པ་དང་། འགྲམ་དུ་ཡོད་པའི་ཞིང་ལས་ལག་རྩལ་གྱི་འགན་འཁུར་པས“དེ་ནི་ཞིང་པ་རྒན་གྲས་ལ་ཡོད་པའི་བྱ་སྤྱོད་ཅིག་རེད”ཅེས་མྱོང་ཚོར་ཟབ་མོའི་ངང་དེ་ལྟར་བཤད།
ལོ་ངོ10ཡི་ནང་།ཞི་ཅིན་ཕིང་ཐེངས100ཙམ་ལ་གཞི་རིམ་དུ་རྟོག་ཞིབ་བྱེད་པར་ཕེབས་པ་དང་། ཕེབས་ཐེངས་རེར་མང་ཚོགས་ཀྱི་ཁྲོད་དུ་ཞུགས་ནས་འཚོ་བའི་གནས་ཚུལ་དང་བདེ་སྡུག་འདྲི་རྩད་མཛད་ཀྱིན་ཡོད། ཁོང་གིས་སྲང་ལམ་དུ་མྱུར་སྐྱེལ་བར་ལོ་གསར་གྱི་འཚམས་འདྲི་གནང་བ་དང་། བཟོ་སྐྲུན་ལས་ཡུལ་དུ་ཞིང་པ་ཞོར་ལས་པར་གླེང་མོལ་མཛད་ཅིང་།གླ་གཏོང་རླངས་འཁོར་ཀུང་སི་རུ་ཁ་ལོ་ཚོར་ལོ་གསར་དང་དུས་ཆེན་སྐབས་སུ་གླ་གཏོང་རླངས་འཁོར་ནང་འདུག་དཀའ་བར་ཐག་གཅོད་བྱེད་པའི་ཐད་ལ་གྲོས་བསྡུར་གནང་བ། གཙང་སྦྲ་ས་ཚིགས་སུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་བཟོ་བ་ནི་གྲོང་ཁྱེར་གྱི“མཛེས་བཟོ་མཁན”ཞིག་རེད་ཅེས་བསྔགས་བརྗོད་གནང་བ་སོགས་ཀྱི་གསུང་ཚིག་དེ་དག་ལས་ས་སེར་ས་གཞི་ནས་ཕེབས་པའི་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིས་མི་དམངས་ལ་བཅངས་པའི་བརྩེ་སེམས་མཚོན་ཡོད།
1953ལོའི་ཟླ6པར། ཞི་ཅིན་ཕིང་གསར་བརྗེའི་ཁྱིམ་ཚང་ཞིག་ཏུ་འཁྲུངས་ཤིང་། ཁོང་གི་ཡབ་ཆེན་ཞི་ཀྲུང་ཞུན་ནི་ཀྲུང་གུང་འབྱོར་མེད་གྲལ་རིམ་གྱི་གསར་བརྗེའི་རྒན་རབས་པ་ཞིག་ཡིན། ཞི་ཅིན་ཕིང་སྐུ་ན་ཕྲ་བའི་དུས་ནས་བཟུང་ཡབ་ཀྱི་ཤུགས་རྐྱེན་ཐེབས་ཤིང་། ཕྱིས་སུ་ཁོང་གིས་ཡབ་ཆེན་ནི“གསར་བརྗེ་རྒན་རབས་པ་ཞིག་པས།གྲགས་མེད་འགུལ་མེད་ངང་ཀྲུང་གོའི་མི་དམངས་ཀྱི་ཆེད་དུ་འབད་བརྩོན་བྱེད་ཀྱིན་ཡོད”ཅེས་གསུངས་པ་དང་། “དེ་ལས་རང་ཉིད་ལ་སྐུལ་མ་ཆེན་པོ་ཐེབས་ཏེ་མི་ཚེ་གཅིག་གི་སེམས་ཤུགས་ཡོད་ཚད་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་གཞག་སྟེང་ཕུལ་ཏེ་རང་ཉིད་གསོ་སྐྱོང་གནང་མཁན་གྱི་མཛེས་སྡུག་ཀྲུང་ཧྭ་དང་ཡུལ་མི་སྤུན་ཟླ་རྣམས་ལ་དྲིན་ལན་འཇལ་རྒྱུ་ཡིན”ཞེས་གསུངས།
2015ལོའི་ཟླ2པའི་ཚེས13ཉིན། ཞི་ཅིན་ཕིང་གིས་ཧྲའན་ཞིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་ཡན་ཁྲོན་རྫོང་ཝུན་ཨན་དབྱི་གྲོང་རྡལ་ལེའང་ཅ་ཧི་སྡེ་བའི་སྡེ་མིར་འཚམས་འདྲི་གནང་པ་དང་འབྲེལ་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་དབུལ་ཐར་ཕྱུག་འགྱུར་གྱི་ཡུལ་དངོས་སུ་ཕེབས་ནས་རྟོག་ཞིབ་གནང་། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལན་ཧུང་ཀོང་གིས་པར་བླངས།
ཞི་ཅིན་ཕིང་དགུང་ལོ16ལ་མ་སོན་གོང་པེ་ཅིང་དང་ཁ་གྱེས་ཏེ།མ་ཡུམ་ཆུས་ཞུན་གྱིས་སེམས་ཞིབ་མོས་འཚེམ་བཟོ་གནང་པའི“ཨ་མའི་སེམས”ཞེས་ཡིག་འབྲུ་གཙགས་ཡོད་པའི་ཁབ་སྐུད་ཁུག་མ་ཞིག་བསྣམ་ནས་ཧྲའན་པེ་ཡི་ཞིང་སྡེ་རུ་ལོ་བདུན་ལ་ངལ་རྩོལ་གནང་།
ཁོང་གིས་སྐབས་དེའི་འཚོ་བ་དེ་ལ་ཕྱིར་དྲན་མཛད་སྐབས་རང་ཉིད་ལ་ཞིང་བ་ཞེས་འབོད། ཁོང་ནང་མི་དང་ཁ་གྱེས་ཏེ། ས་ཕུག་ཏུ་གཟིམ་ཞིང་ལྗི་བས་སོ་བཏབ་པ། ཡུལ་མི་ཚོ་དང་མཉམ་དུ་ལུག་འཚོས་པ། རྩྭ་གཏུབ་པ། ལྕི་བ་འཁུར་བ། རྡོ་སོལ་དྲུད་པ་བཅས་དཀའ་སྡུག་མ་མྱངས་པ་གཅིག་ཀྱང་མེད། ཞི་ཅིན་ཕིང་ལེའང་ཅ་ཧི་རུ་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པར་མ་ཟད།རུ་ཆེན་གྱི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་བཞེས། ཁོང་གི་ཕུགས་འདུན་ནི“ཡུལ་མི་རྣམས་ལ་ལྟོ་བ་རྒྱགས་པའི་ཤ་ཞིམ་པོ་ཞིག་ཟ་རུ་འཇུག་རྒྱུ”དེ་རེད། ཁོང་གིས་ཡུལ་མི་ཚོར་སྣེ་ཁྲིད་དེ་ཁྲོན་པ་བརྐོས་པ་དང་འདམ་རགས་ལས་པ། སྐས་ཞིང་ལས་པ། རྫབ་རླངས་རྫིང་བུ་སྐྲུན་པ་རེད། ལོ་གཅིག་གི་རྗེས་སུ། སྡེ་མིས་ལྟོ་བ་མི་རྒྱགས་པའི་གནས་ཚུལ་མཐོང་རྒྱུ་མེད་པར་གྱུར།
2013ལོར། ཞི་ཅིན་ཕིང་ཁོ་སི་ཐ་རི་ཁར་འཚམས་འདྲིར་བསྐྱོད་ནས་ཞིང་པ་ཁྱིམ་ཚང་ཅིག་ཏུ་ཕེབས་སྐབས་ཆེད་དུ་རང་ཉིད་ཞིང་པ་བྱས་པའི་མྱོང་བ་གླེང་། ཞིང་བདག་གི་བུ་ཨའར་པེ་ཐའོ་ཡིས་བཤད་རྒྱུར། “དེ་སྔོན་རང་ཉིད་ཞིང་པ་ཡིན་པར་སྤོབས་སེམས་སྐྱེས་བཞིན་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཧ་ཅང་ཉུང་ཉུང་རེད།” “འགོ་ཁྲིད་གཞན་དག་གིས་ཉམས་མྱོང་དེ་རིགས་གླེང་སྲིད་ཀྱི་མ་རེད། འོན་ཀྱང་ཞི་ཅིན་ཕིང་དེ་འདྲ་མ་རེད”ཟེར།
2013ལོའི་ཟླ6པའི་ཚེས3ཉིན། ཁོ་སི་ཐ་རི་ཁར་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ས་གནས་དེ་གའི་ཞིང་བ་ས་མོ་ལའི་ཁྱིམ་དུ་འཚམས་འདྲི་གནང་ནས་ཁོ་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཡུས་ཀྱིས་པར་བླངས།
དཀའ་ཚེགས་ཆེ་བའི་ཞིང་སྡེའི་འཚོ་བ་བརྒྱུད་མྱོང་པས་ཞི་ཅིན་ཕིང་གིས་འབྲུ་རིགས་ལ་དེ་བས་གཅེས་སྤྲས་བྱེད་ཀྱིན་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་རྗེས་ཁོང་གིས“ཟས་རིགས་ཆུད་ཟོས་བྱེད་པར”མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་ནས“སྡེར་སྟོང་བྱ་སྤྱོད”སྤེལ་རྒྱུའི་བླང་བྱ་གནང་ལ། ཁོང་གིས་ཡང་དང་བསྐྱར་དུ་ཀྲུང་གོ་བའི་ཕོར་བ“རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས”ཞེས་མངགས་བཅོལ་གནང་།
ཞི་ཅིན་ཕིང་གིས་གླེང་བའི“མི་དམངས”ཞེས་པའི་ཡིག་འབྲུ་དེ་གཉིས་ལ་ཁོང་ཉིད་ཧྲའན་པེ་རུ་རུ་ཁག་ནང་ཞུགས་སྐབས་ཀྱི་མྱོང་ཚོར་ལས་རྒྱུས་མངའ་ཡོད་པར་གྱུར། མི་དམངས་ལ་ཞབས་འདེགས་ཞུ་བའི་དགོངས་པ་དེ་ཁོང་གི་སྲིད་སྐྱོང་གི་ལོ་རྒྱུས་སུ་ཁྱབ་པར་བྱས་ཡོད། ཞི་ཅིན་ཕིང་དུས་རབས་སྔོན་མའི་ལོ་རབས70པའི་མཇུག་ཏུ་སློབ་ཆེན་ནས་མཐར་ཕྱིན་རྗེས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གི་དྲུང་ཡིག་གི་འགན་བཞེས་ཤིང་། ལོ་གསུམ་གྱི་རྗེས་སུ་ཁོང་གིས་རང་འགུལ་ངང་གཞི་རིམ་དུ་བྱ་བ་བསྒྲུབ་པར་བསྐྱོད་རྒྱུའི་རེ་ཞུ་བྱས་ནས་དབུལ་ཕོངས་ཡིན་པའི་ཧི་པེ་ཀྲིན་ཏིན་རྫོང་དུ་ཕེབས་ནས་ལས་འགན་བཞེས། ཁོང་གི་སྐུ་ཟླ་ཕེང་ལི་ཡོན་གྱིས་ཕྱིར་དྲན་གནང་ནས། ཁོང་གི་སློབ་གྲོགས་མང་པོ་ཞིག་ཕྱི་རྒྱལ་དུ་ཕྱིན་ནས་ཁེ་བཟང་རག་ཐབས་བྱེད་ཀྱིན་ཡོད་ལ། ཁོང་ལའང་ཕྱི་རྒྱལ་དུ་བསྐྱོད་རྒྱུའི་ཆ་རྐྱེན་མ་འཛོམས་པ་མིན་པར། ཁོང་གིས་དཀའ་ཚེགས་དེ་ལས་ཆེ་བའི་ལམ་བུ་ཞིག་བདམས་པ་དང་མི་དམངས་ཀྱི་སྤྱི་ཞབས་པ་བྱེད་འདོད་ཀྱི་ལམ་བུ་ཞིག་བདམས་པ་རེད་ཅེས་བཤད།
འདི་ནི1989ལོར་ཧྥུའུ་ཅན་ཞིང་ཆེན་ཉིན་ཏི་ཏང་གི་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་པའི་ཞི་ཅིན་ཕིང་གིས་ས་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་ཆིག་སྟོང་ལྷག་ཙམ་གྱི་སྣེ་ཁྲིད་དེ་ཉིན་ཏི་རྫོང་ནན་ཅི་ཆུ་བེད་ལས་ཡུལ་དུ་ཆིན་ཀིག་གཙང་བཅོས་ཆུ་ཡུར་གྱི་ངལ་རྩོལ་ནང་ཞུགས་པའི་པར་རེད། ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ།
ཀྲིན་ཏིན་དུ་ལོ་གསུམ་བཞུགས་པའི་རིང་ལ།ཞི་ཅིན་ཕིང་ལྕགས་རྟར་བཅིབས་ནས་རྫོང་ཡོངས་ཀྱི་ཀུང་ཧྲེ25དང་རུ་ཆེན220ལྷག་ལ་མ་ཕེབས་སར་གཅིག་ཀྱང་མེད་ལ། སྐབས་རེར་ཁོང་ཉིད་ཞིང་སྡེ་རུ་རྟོག་ཞིབ་གནང་བར་ཕེབས་སྐབས་ཡུལ་མི་ཚོས་ས་སློག་པ་དང་མྱུ་གུ་མཐུག་སེལ་དང་འཕྲད་དུས། ཞི་ཅིན་ཕིང་གིས་ཕུ་ཐུང་བརྫེས་ཏེ་འཇོར་ཕྱག་ཏུ་བསྣམས་ནས་ཡུལ་མི་ཚོ་དང་མཉམ་དུ་ལས་ཀ་བསྒྲུབ་བཞིན་ཡོད། ཁོང་གིས་ད་དུང་རྫོང་ཏང་ཨུ་ཡི་ཅི་ཕུའུ་རླངས་འཁོར་དུ་གསར་འགོད་པ་འདུག་ཏུ་བཅུག ཁོང་གིས“གསར་འགོད་པའི་དུས་ཚོད་ཐུང་བ་དང་ལས་འགན་ལྕི། རྒྱུགས་ས་མང་ལ་ལམ་ཐག་རིང་པོ་ཡོད”ཅེས་གསུངས།
དེའི་རྗེས་སུ་ཁོང་གིས་མཚོ་འགྲམ་གྱི་ཧྥུའུ་ཅན་ཞ་མོན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པའི་འགན་བཞེས། ཁོང་གིས“བུའུ་དབྱི”རྟགས་ཅན་གྱི་ལྕགས་རྟ་ཞིག་ཉོས་ནས་ལྕགས་རྟ་དེར་བཅིབས་ནས་ལས་དོན་མི་སྣ་ཁྲིད་དེ་སྡེ་ཁུལ་གྱི་སྲང་ལམ་དང་ཡང་ན་བཟོ་གྲྭར་ཕེབས་ནས་རྟོག་ཞིབ་བྱེད་ཀྱིན་ཡོད། དེའི་རྗེས་ཞི་ཅིན་ཕིང་ཉིང་ཏི་ས་ཁུལ་དུ་ཕེབས་ཏེ་ས་ཁུལ་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས། ཁོང་གིས་ལས་བྱེད་པ་ཁྲིད་དེ་དབུལ་ཕོངས་ཀྱི་ཞ་ཏང་ཡུལ་ཚོ་རུ་རྟོག་ཞིབ་བྱེད་པར་ཕེབས་པ་དང་། ལམ་མེད་ཚེ་ཁོང་ཚོས་གྲི་ཡིས་རྩྭ་ལྡུམ་འབྲེག་རྗེས་ད་གཟོད་ཕར་ལ་བསྐྱོད་བཞིན་ཡོད། ཞིང་བ་ཁྱིམ་ཚང་དབུལ་ཕོངས་ཡིན་པ་མཐོང་དུས། ཞི་ཅིན་ཕིང་གིས་རང་གི་སྒོར་མོ་བླངས་ནས་ཁོ་ཚོར་གནང་སྦྱིན་གཏོང་བ་དང་། ཁོང་གིས་ཡུལ་ཚོ་རུ་གཞུང་ལམ་དང་ཆུ་གློག་ས་ཚིགས་བསྐྲུན་ནས་དབུལ་ཐར་གྱི་ལམ་བུ་གསལ་སྟོན་གནང་།
ཀྲིན་ཏིང་དུ་བཞུགས་སྐབས་ཁོང་སྡེ་བ་ཚང་མར་ཕེབས་པ་དང་། ཉིན་ཏི་རུ་ཁོང་ལས་གནས་སུ་ཞུགས་ནས་ཟླ3འགོར་རྗེས་རྫོང9ལ་ཕེབས་ཤིང་། རྗེས་སུ་ཡུལ་ཚོ་དང་གྲོང་རྡལ་མང་ཆེ་བར་ཕེབས། ཀྲེ་ཅང་དུ་འགན་བཞེས་རྗེས། ལོ་གཅིག་ལྷག་ཙམ་གྱི་དུས་ཚོད་སྤྱད་དེ་ཞིང་ཆེན་ཡོངས་ཀྱི་རྫོང་དང་གྲོང་ཁྱེར། ཆུའུ90རུ་ཕེབས། ཧྲང་ཧའེ་རུ་ཟླ་བདུན་གྱི་རིང་། ཁོང་ཉིད་གྲོང་ཁྱེར་ཡོངས་ཀྱི་ཆུའུ་དང་རྫོང19ཚང་མར་ཕེབས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་རྗེས་ཁོང་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར31དང་དེ་མིན་ཞང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གཉིས་སུ་ཞབས་རྗེས་བཀོད་ཡོད། ཁོང་གིས་ཐེངས་མང་པོར་མའོ་ཙེ་ཏུང་གི་ལེགས་བཤད་གྲགས་ཅན“རྟོག་ཞིབ་མ་བྱས་ན་སྐད་ཆ་བཤད་དབང་མེད”ཅེས་པ་ལུང་དུ་དྲངས་ནས། ལས་བྱེད་པས་གཞི་རིམ་དུ་རྟོག་ཞིབ་བྱེད་པའི“གཞི་རྩའི་ནུས་པ”འདི་ཁོང་དུ་ཆུད་དགོས་ཞེས་ནན་གསུང་གནང་བ་རེད།
2012ལོའི་ཟླ12པའི་ཟླ་མཇུག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཡི་འགན་བཞེས་ནས་ཟླ་གཅིག་ལྷག་འགོར་རྗེས། ཞི་ཅིན་ཕིང་ཧི་པེ་ཧྥུ་ཕིན་གྱི་དབུལ་ཕོངས་ཁྱིམ་ཚང་དུ་ཕེབས་ནས་གཟིགས་ཞིབ་གནང་བ་དང་། ཚ་ཐབ་སྟེང་དཀྱིལ་དྲུང་ངང་བཞུགས་ཏེ། ཡུལ་མི་ཚོ་དང་ལག་གདང་སྦྲེལ་ནས་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་། ཐེངས་དེར་ཁོང་གིས་ཏང་ཡོངས་དང་རྒྱལ་ཡོངས་ལ་དབུལ་ཐར་མཁྲེགས་གཏོར་གྱི་སྐུལ་སློང་བཀའ་རྒྱ་བཏང་། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པ་མ་འཚོགས་གོང་གི་ཟླ་གཉིས་ཀྱི་ནང་། ཞི་ཅིན་ཕིང་ལེའོ་ཉིན་ཧྲིན་དབྱང་གི་སྒྱུར་བཀོད་བྱས་རྗེས་ཀྱི་སྡོད་ཁུལ་རྙིང་པར་བསྐྱོད་དེ་སྡོད་དམངས་ཀྱི་རྒྱུན་ལྡན་གྱི་འཚོ་བར་ཐུགས་ཁུར་གནང་།
2012ལོའི་ཟླ12པའི་ཚེས30ཉིན། ཞི་ཅིན་ཕིང་ཧི་པེ་ཞིང་ཆེན་ཧྥུ་ཕིན་རྫོང་ལུང་ཆོན་ཀོན་གྲོང་རྡལ་ལའོ་ཐའོ་བན་སྡེ་བ་རུ་རྒན་པོ་ཐང་རུང་པིན་གྱི་ཁྱིམ་དུ་གཟིགས་ཞིབ་ཏུ་ཕེབས། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལན་ཧུང་ཀོང་གིས་པར་བླངས།
ཞི་ཅིན་ཕིང་གིས་དེ་སྔོན་ཧྥུའུ་ཅན་དུ་ཕྱག་ལས་གནང་ནས་ལོ་བཅུ་བདུན་དང་ཕྱེད་ཀ་འགོར། རི་བོ་སྔོ་ཞིང་ཆུ་མོ་དྭངས་སར་ཁོང་གིས་རང་བྱུང་ཁམས་ལ་བཅངས་པའི་བརྩེ་སེམས་སྔར་ལས་ཇེ་ཟབ་ཏུ་ཕྱིན། ཐེངས་ཤིག་ལ་ཁོང་གིས་ཐེ་ཉིན་རྫོང་ཧྲང་ཆིན་ཞི་རུ་རྟོག་ཞིབ་གནང་ཞིང་། མདོག་དམར་པོ་ཅན་གྱི་ལི་ཉ་ཞིག་སྨྱུག་ལེབ་སྟེང་དུ་མཆོང་བ་དང་།ཕྱིར་གཏོང་བཟོ་བས་ཁ་ཟས་སྐྱིད་པོ་རོལ་ཆོག་ཅེས་བཤད་པ་ན། ཞི་ཅིན་ཕིང་གིས་ལྷམ་གཡོགས་བྱེད་ཀྱི་འགྱིག་ཁུག་ཕུད་ནས་ནང་དུ་ཆུས་བཀང་རྗེས་ལི་ཉ་ནང་དུ་བཅུག་སྟེ། སྨད་རྒྱུད་ཀྱི་ཆུ་ཟབ་སའི་བདེ་འཇགས་ཀྱི་གནས་སུ་ཉ་མོ་ཚེ་ཐར་དུ་བཏང་བ་མ་ཟད། ལས་རིགས་གཅིག་པའི་མི་དག་ལ་ངེས་པར་དུ་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས་ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་རྗེས། ཁོང་གིས་ཀྲེ་ཅང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས་པའི་སྐབས་བཏོན་པའི“སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”ཆོད་གཏམ་དེ་གཞི་ཁྱོན་སྔར་ན་མེད་པའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་སྤྱོད་དུ་འགྱུར་དུ་བཅུག
ཁོང་གིས་ཧྥུའུ་ཅན་དུ་གསར་དུ་བཏོད་པའི“གཞི་རིམ་དུ་སྐྱོད་པའི་ལམ་ལུགས”དེ་ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར་རྗེས་ཀྱི་བར་དུ་རྒྱུན་མཐུད་གནང་བ་རེད། 2007ལོར། ཧྲང་ཧའེ་རུ་འགལ་བ་སྣ་ཚོགས་འབུར་དུ་ཐོན་པའི་སྒང་ཡིན་པས། གནས་སྤོ་བའི་གནད་དོན་དང་། ཁེ་ལས་ཀྱི་ལམ་ལུགས་བཅོས་སྒྱུར་བྱེད་པའི་གནད་དོན། ཞིང་སྡེའི་ས་ཞིང་དང་ཐུན་མོང་གི་རྒྱུ་ནོར་བགོ་བཤའི་གནད་དོན་བཅས་ཡོད་ཚད་དཀའ་གནད་ཀྱི་གནས་སུ་ལྷུང་།ཞི་ཅིན་ཕིང་གིས་འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་སྐྱོད་དགོས་ཞེས་བཏོན་པར། མི་ལ་ལས“རྙོག་དྲ་བཟོ་སྲིད”སྙམ་ནས་སེམས་ཁྲལ་བྱེད་ཀྱིན་ཡོད་མོད། འོན་ཀྱང་ ཞི་ཅིན་ཕིང་གིས་བློ་ཐག་རྦད་ཆོད་ཀྱིས“ངས་ཀྲེ་ཅང་ནས་གཞི་རིམ་དུ་སྐྱོད་སྐབས་མི་སྟོང་ཕྲག་གི་རྣམ་པ་ཆེན་པོ་ཐུག་མྱོང་བས་སྐྲག་དགོས་དོན་གང་ཡང་མེད”ཅེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་དབྱང་དུ་ཕྱག་ལས་གནང་རྗེས་སྔར་བཞིན་དམངས་ལ་བརྩེ་སེམས་བཅངས་པའི་རང་མདངས་དར་སྤེལ་གཏོང་བཞིན་ཡོད། ལོ་རེའི་དཔྱིད་གསར་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཁོང་ཉིད་མང་ཚོགས་ཀྱི་ཁྱིམ་དུ་མགྲོན་པོར་ཕེབས་ནས་དུས་ཆེན་གྱི་འཚམས་འདྲི་ཞུས་པ་རེད། སྔོན་ཆད་ཞིང་སྡེ་རུ་བཀྲེས་ལྟོགས་ཀྱིས་མནར་བ་དང་ཞིང་བཏབས་མྱོང་བའི་བརྒྱུད་རིམ་ཡོད་པས།ཁོང་ཉིད་སྡོད་དམངས་ཀྱི་ཁྱིམ་དུ་ཕེབས་སྐབས་རེ་རེར་སླ་ངའི་ཁ་ཕྱེས་ནས་འཚོ་བའི་གནས་ཚུལ་རྒྱུས་ལོན་དང་ས་ཕུག་ཏུ་རྟོགས་ཞིབ་བྱེད་པ། དྲོད་རྒྱས་མིན་ལ་བརྟགས་པ། གསང་སྤྱོད་གཙང་མིན་ལ་ལྟ་བ་བཅས་བྱེད་ཀྱིན་ཡོད་པ་གསལ་བཤད་བྱེད་ཐུབ། ཁོང་གིས་ད་དུང་འཕྲིན་གཏོང་གི་བྱེད་ཐབས་སྤྱད་ནས་མང་ཚོགས་དང་འབྲེལ་གཏུག་ཡང་ཡང་གནང་པ་དང་། འཕྲིན་གཏོང་བྱ་ཡུལ་ནི་འབྲུ་འདེབས་ཁྱིམ་ཆེན་ནས་དམངས་གཉེར་ཁེ་ལས་པ་དང་། གསར་བརྗེའི་གནས་ཁུལ་རྙིང་པའི་སློབ་ཆུང་གི་སློབ་མ་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ནང་དུ་ལོག་པའི་ན་གཞོན་རིག་གནས་པ། ཝུའུ་ལན་མུའུ་ཆིའི་རུ་མི་ནས་མཐའ་སྲུང་དཔོན་དམག་སོགས་རེད།
2013ལོར་ཁོང་གིས་གནད་འཁེལ་དབུལ་སྐྱོར་གྱི་ཐབས་ཇུས་བཀོད་སྒྲིག་གནང་སྟེ།སྡེ་སྡོད་བྱ་བའི་རུ་ཁག་འབུམ་གཉིས་དང་ཁྲི་ལྔ་སྟོང་ལྔ་དང་། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་པ་ས་ཡ་གསུམ་ལྷག་ཙམ་མངགས་ནས་དཀའ་ངལ་ཡོད་པའི་ཞིང་པར་རོགས་སྐྱོར་བྱས། ཁུའུ་ཨིན་གྱིས་བལྟས་ན། ཞི་ཅིན་ཕིང་གི་འགོ་ཁྲིད་ནུས་པ་དང་དབུལ་ཐར་ཁས་ལེན་ལག་བསྟར་བྱེད་པའི་ཆོད་སེམས་ནི་ཀྲུང་གོ་དབུལ་ཐར་ལས་རྒྱལ་ཐུབ་པའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད་ཟེར།
སྐྱེས་ཕོ་རབ་ལ་མིག་ཆུ་ཡོད་ཀྱང་བཞུར་སླ་བ་ཞིག་གཏན་ནས་མིན།ཞི་ཅིན་ཕིང་གིས་མི་དམངས་ཀྱི་དོན་དུ་སྤྱན་ཆབ་ཤོར། 1966ལོར། དམའ་རིམ་སློབ་འབྲིང་གི་དགེ་རྒན་གྱིས་སློབ་ཁང་དུ《རྫོང་ཏང་ཨུའི་ཧྲུའུ་ཅིའི་མིག་དཔེ—ཅའོ་ཡུས་ལུའུ》ཀློག་འདོན་བྱེད་སྐབས། ཞི་ཅིན་ཕིང་གིས་ཀློག་འདོན་ལ་གསན་བཞིན་སྤྱན་མཐར་མཆི་མས་ཁེངས་སོང་། ཞི་ཅིན་ཕིང་གིས་གསུངས་རྒྱུར།“ང་རང་རྗེས་ཕྱོགས་གནས་གང་དུ་ཕྱིན་པའམ་སློབ་ཆེན་འགྲིམ་པ།དམག་དཔུང་ནང་ཞུགས་པ། ཡང་ན་འགོ་ཁྲིད་ཀྱི་བྱ་བ་སྒྲུབ་པ་བཅས་གང་ཡིན་རུང་བློ་མཐུན་ཅའོ་ཡུས་ལུའུ་ཡི་གཟུགས་བརྙན་ངའི་སེམས་གཏིང་དུ་གནས་ཡོད”ཅེས་གསུངས། ཁོང་གིས་ད་དུང“སྐབས་དེར་ལེའང་ཅ་ཧི་སྡེ་བ་དང་ཁ་གྱེས་པའི་དུས་དེ་ནི་རུ་ཁག་ནང་ཞུགས་རྗེས་བརྗེད་པར་དཀའ་བའི་བྱ་བ་ཞིག་རེད། སྐབས་དེར་མི་མང་པོའི་ཁྲོད་དུ་མིག་ཆུ་འཐོར་མྱོང”ཞེས་ཕྱིར་དྲན་གྱི་ཚུལ་དུ་གསུང་། 2015ལོར། ཞི་ཅིན་ཕིང་ཡང་བསྐྱར་ལེའང་ཅ་ཧི་སྡེ་བར་ཕེབས་པ་དང་།ཁོང་གིས་རང་སྒེར་གྱི་སྒོར་མོ་བཏང་ནས་ལོ་གསར་གྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཉོས་ཏེ་ཡུལ་མི་ཚོར་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
པར་འདི་ནི1973ལོར་རི་ཁུལ་དུ་ཕེབས་པའི་དུས་སྐབས་ཡིན་ཞིང་། ཞི་ཅིན་ཕིང(གཡོན་གྱི་གཉིས་པ)ཧྲའན་ཞི་ཞིང་ཆེན་ཡན་ཁྲོན་རྫོང་དུ་པར་བླངས། ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ།
མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་བྱས་པ་དེས་ཞི་ཅིན་ཕིང་ཏང་ནང་དུ་ཞུགས་སྐབས་ཀྱི་ཕུགས་བསམ་དང་དད་སེམས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་བྱུང་། ཁོང་གིས་དེ་ནི་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན་པ་དང་མི་རིགས་ཀྱི་ཆེད་དུ་བསྐྱར་དར་ཡོང་བར་བྱེད་པ་ཞིག་རེད་ཅེས་ཉིང་བསྡུས་གནང་། ལོ་ངོ10ཡི་ནང་ཁོང་གིས་ཏང་ནང་གཅིག་སྡུད་སློབ་སྦྱོང་དང་སློབ་གསོ་ཐེངས་ལྔ་སྤེལ་ནས་ཏང་ཡོན་ལ“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་བཅངས་དགོས”པའི་བླང་བྱ་གནང་བ་རེད།
ཞི་ཅིན་ཕིང་སྐུ་ན་ཕྲ་བའི་སྐབས་སུ། མ་ཡུམ་ཆི་ཞུན་གྱིས་ཁོང་ལ་ཡའོ་ཧྥེ་ཡིས“ལྷག་བསམ་དག་གིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི”གཏམ་རྒྱུད་བརྗོད། “‘ལྷག་བསམ་དག་གིས་རྒྱལ་ཁབ་ལ་དྲིན་ལན་འཇལ་དགོས’ཞེས་པའི་སྐད་ཆ་དེ་ངས་སྐབས་དེ་ནས་བཟུང་ད་ལྟའི་བར་དུ་ཡིད་ལ་བརྟན་པོར་བཟུང་ཡོད་ལ། དེ་ནི་ངས་ཚེ་གང་དོན་གཉེར་བྱེད་པའི་དམིགས་འབེན་ཅིག་ཡིན”ཞེས་ཞི་ཅིན་ཕིང་གིས་དེ་ལྟར་གསུངས།
ཞི་ཅིན་ཕིང་གིས་ལོ་ངོ་བརྒྱའི་སྔོན་གྱི་ཀྲུང་གོའི་དཀའ་སྡུག་ཤེས་རྟོགས་ཟབ་མོ་བྱུང་ནས་སྐབས་དེ་ནི“ཉམས་རྒུད་དུ་སོང་བའི་རྣམ་པ་ཞིག་རེད”ཅེས་གསུངས། 2018ལོར། ཁོང་གིས་ཧྲན་ཏུང་ལིག་ཀུང་ཏའོ་རུ་རྟོག་ཞིབ་གནང་སྐབས་སྒྱོགས་སྟེགས་གནའ་ཤུལ་དུ་འགོས་ནས་ཧོང་ཧེ་ལ་ཁ་གཏད་ནས་བསམ་གཞིགས་ཡུན་རིང་གནང་བ་རེད། ཤིང་རྟ་ལོའི་དམག་འཁྲུག་གི་རྟེན་རྫས་བཤམས་མཛོད་ཁང་དུ་ཁོང་གིས་ཝུན་ཡུས་ཏའོ་ཡི《བུ་བདུན་གྱི་གླུ·ཝའེ་ཧའེ་ཝའེ》ཞེས་པ་ཆ་ཚང་ངང་བཀླགས། སྤྱི་ལེ་ངོས་སྙོམས་གྲུ་བཞི4ཙམ་མེད་པའི་གླིང་ཕྲན་ཆུང་ཆུང་དེས་དུས་རབས་གཅིག་ལྷག་སྔོན་གྱི“རྒྱང་རིང་ཤར་ཕྱོགས་ཀྱི་ཨང་དང་པོ”ཞེས་འབོད་པའི་ཆིང་རྒྱལ་རབས་ཀྱི་པེ་དབྱང་མཚོ་དམག་རྩ་མེད་དུ་བཏང་པ་དང་། དམག་འཁྲུག་ལས་ཕམ་རྗེས་ཆིན་སྲིད་གཞུང་ལ་བཙན་གྱིས་ཐའེ་ཝན་སྤྲོད་དུ་བཅུག་པ་མ་ཟད་ད་དུང་འཇར་པན་ལ་དངུལ་མང་པོའི་སྐྱིན་ཚབ་བརྒྱབ་པ་བདེན་དཔང་བྱས་ཡོད།
ཞི་ཅིནཕིང་ནི་ཀྲུང་གོ་གསར་པར་སྐུ་འཁྲུངས་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཐོག་མ་ཡིན་ཞིང་། ཁོང་གིས་སྤྱི་མཐུན་རྒྱལ་ཁབ“ཡར་ལངས་པའི”སྤོབས་པ་སྟེ། མེ་འགོག་ཁྲའོ་རོགས་ལ་རྒྱལ་ཁ་ཐོབ་པ་དང་། ཅུང་ཆ་ཚང་བའི་བཟོ་ལས་མ་ལག་བཙུགས་པ། མདེལ་གཉིས་སྐར་གཅིག”བསྐྲུན་པ་སོགས་ཀྱི་གྲུབ་འབྲས་ལ་བསྔགས་བརྗོད་ཆེན་པོ་བྱས་ཏེ།“སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་ལ་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་འཕེལ་རྒྱས་གཏོང་མི་ཐུབ”ཅེས་གསུངས།
ཞི་ཅིན་ཕིང་ཚ་ཚ་འུར་འུར་གྱི་བཅོས་སྒྱུར་སྒོ་འབྱེད་ནང་ཞུགས་ཡོད། བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པའི་སྐམ་སའི་དབུས་ཁུལ་ནས་དར་རྒྱས་ཆེ་བའི་མཚོ་རྒྱུད་བར་དུ།ཁོང་ནི་ཚོང་འགུགས་དངུལ་འདྲེན་དང་། ཕྱི་ཕྱོགས་ཉོ་ཚོང་ལ་སྐུལ་འདེད། དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ཐུན་མོང་གིས་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ་བཅས་ཀྱི་སྣེ་ཁྲིད་པ་ཞིག་ཏུ་གྱུར། ཞི་ཅིན་ཕིང་གིས་ཧྥུའུ་ཀྲིག་ཏུ་ཕྱག་ལས་གནང་པའི་རིང་ནི་ས་གནས་དེ་གར་ཐའེ་ཝན་གྱི་མ་འཇོག་དང་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཆེས་མང་པོའི་དུས་མཚམས་ཤིག་རེད། ཀྲེ་ཅང་དུ་ཁོང་གིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་གནང་བ་མ་ཟད། མི་རྣམས་ལ་དམངས་གཉེར་ཁེ་ལས་པའི་འབད་འཐབ་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་པའི་བླང་བྱ་གནང་། སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་རྗེས། ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པ་དང་། ཁོངགིས“དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པ་ནི་ང་ཚོ་རང་ཉིད་ཀྱི་མི་ཡིན”ཞེས་པ་དང་།“རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་སྟོབས་ཆེར་གཏོང་བ་ལས་ཉམས་ཞན་དུ་གཏོང་མི་རུང”ཞེས་གསུངས།
ཁོང་ཉིད་དངོས་གཉེར་དང་ཕུགས་རིང་གི་འཐབ་ཇུས་ངོས་ནས་གནད་དོན་ལ་བསམ་གཞིགས་གཏོང་པར་མཁས་པོ་ཡིན།ཧྥུའུ་ཀྲིག་ཏུ་བཞུགས་ཡུན་ནང་དུ་ཁོང་གིས“3820”ཡི་ལས་གཞི་བཏོན་པ་མ་ཟད།“འཕྲལ་མར་བསྒྲུབ་དགོས་པ་དང་། དངོས་སྒྲུབ་བྱ་དགོས”པའི་བླང་བྱ་ཡང་གནང་། ཁོང་གིས་བཏོན་པའི“བརྒྱད་བརྒྱད་འཐབ་ཇུས” དེ་ད་ལྟའི་བར་དུ་ཀྲེ་ཅང་ཞིང་ཆེན་འཕེལ་རྒྱས་ཀྱི་ཕྱོགས་སྟོན་ཞིག་ཏུ་གྱུར་ཡོད། ཁོང་གིས་སྔ་མོ་ནས“གྲངས་འཛིན་ཧྥུའུ་ཅན”དང“གྲངས་འཛིན་ཀྲེ་ཅང”བསྐྲུན་ནས་ས་ཁུལ་འཕེལ་རྒྱས་གཏོང་བར་ཆ་འཕྲིན་ཅན་གྱི་སྒུལ་ཤུགས་བསྣན་ཡོད། ཧྥུའུ་ཅན་གྱི་དམངས་གཉེར་ཁེ་ལས་པ་བང་ཅིན་གྱིས་བཤད་རྒྱུར།“ཁོང་གིས་རྟག་ཏུ་ཕུགས་ཀྱི་མ་འོངས་པའི་དཔལ་འབྱོར་གནས་ཚུལ་སྔོན་དཔག་བྱེད་ཐུབ་ཀྱིན་ཡོད”ཟེར།
2020ལོར། ཞི་ཅིན་ཕིང་གིས་འགོ་ཁྲིད་དེ་འཆར་ཟིན་བཀོད་པའི་ཀྲུང་གུང་ཀྲུང་དབྱང་གི“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་འབེན་གྱི་གྲོས་གཞི་གཏན་འབེབས་བྱས་པ་དེས་ཀྲུང་གོའི་རྒྱང་རིང་འཕེལ་རྒྱས་ལ་མ་ལག་ལྡན་པའི་ཇུས་འགོད་བྱས་ཡོད། འཆར་འགོད་དེ་ལེགས་འགྲུབ་ཡོང་ཆེད། ཁོང་གིས་བཞུགས་མོལ་ཚོགས་འདུ་མང་པོར་འགོ་འཛིན་མཛད་དེ་ཁེ་ལས་པ་དང་། ཚན་རིག་པ། གཞི་རིམ་འཐུས་མི་སོགས་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི་ལ་གསན་པ་མ་ཟད། དྲ་ཐོག་ནས་བསམ་འཆར་བསྡུ་ལེན་བྱེད་དགོས་པའི་མཛུབ་སྟོན་ཡང་གནང་། དྲ་དམངས་རྣམས་ཚ་ཚ་འུར་འུར་གྱིས་དེའི་ཁྲོད་ཞུགས་པ་དང་། སྐད་འཇོག་མཁན་ས་ཡ་གཅིག་ལྷག་ཡོད་པ་དང་། དེ་དང་འབྲེལ་ཡོད་ཀྱི་བསམ་འཆར་སྟོང་གཅིག་ལྷག་ལེགས་སྒྲིག་བྱས་ཡོད།
ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་སྐབས་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་སྐབས་འཛམ་གླིང་དངོས་མང་བཤམས་སྟོན་ཚོགས་འདུའི་གྲ་སྒྲིག་བྱ་བར་ཞུགས་མྱོང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་246ཞུགས་པའི་ཧྲང་ཧའེ་འཛམ་གླིང་དངོས་མང་བཤམས་སྟོན་ཚོགས་འདུའི་སྟེང་རྒྱལ་ཁབ་ཕྱི་ནང་གི་མི་བྱེ་བ་བདུན་དང་ས་ཡ་གསུམ་ཡུལ་དངོས་སུ་འབྱོར་ནས་ལྟ་སྐོར་བྱས། སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་རྗེས། ཞི་ཅིན་ཕིང་གིས་འཛམ་གླིང་སྟེང་ནང་འདྲེན་བརྗོད་དོན་གཙོ་བོ་ཡིན་པའི་རྒྱལ་ཁབ་རིམ་པའི་འགྲེམས་སྟོན་ཚོགས་འདུ་ཐོག་མ་སྟེ། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་ཞིག་བསྡུ་རྒྱུའི་གྲོས་འགོ་བཏོན། ཁོང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་དང་། ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་བརྗེ་རེས་ཚོགས་འདུ། ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་འགྲེམ་སྟོན་ཚོགས་འདུ། ཀྲུང་གོའི་ཕྱིར་ཚོང་ཚོང་རྫས་བརྗེ་རེས་ཚོགས་འདུ་སོགས་ནང་དུ་འདུས་པའི་རྒྱལ་ཁབ་རིམ་པའི“འགྲེམ་སྟོན་ཚོགས་འདུ”ཞིག་གྲུབ་པར་སྐུལ་འདེད་བཏང་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པར་རྒྱ་སྐྱེད་དུ་བཏང་སྟེ། ཀྲུང་གོའི་འཛད་སྤྱོད་པའི་ཉིན་རེར་ཆེ་རུ་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་བསྐངས་ཡོད།
2018ལོའི་ཟླ11ཚེས5ཉིན། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་དང་པོ་ཧྲང་ཧའེ་རུ་ཚོགས་འགོ་བརྩམས། ཞི་ཅིན་ཕིང་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད《གསར་སྐྲུན་ཁོང་ཡངས་ཀྱི་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་བྱེད》ཅེས་པ་བརྗོད་བྱ་ཡིན་པའི་དགོངས་དོན་གཙོ་བོའི་གཏམ་བཤད་གནང་། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིས་ཞུའེ་རིན་གྱིས་པར་བླངས།
ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་ནས་ལོ་བཅུ་འགོར་བའི་རིང་ལ། མི་དམངས་ཀྱི་ཡོང་སྒོ་མུ་མཐུད་དུ་འཕར་སྣོན་བྱུང་། 2021ལོར་ཀྲུང་གོའི་སྡོད་དམངས་མི་རེར་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ་སྒོར་མོ་ཁྲི་གསུམ་དང་སྟོང་ལྔ་བརྒྱ་དང་ཉེར་བརྒྱད་ཡོད་པ་དེ2012ལོ་དང་བསྡུར་ན་བཅུ་ཆའི་བརྒྱད་ཙམ་འཕར་ཡོད། མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོའི་བསྡུར་ཚད2.5:1བར་ཆུང་དུ་ཕྱིན་ཡོད།
ཞི་ཅིན་ཕིང་གིས་གསུང་པ་ལྟར་སྒྲུབ་པའི་བྱ་བ་ཐམས་ཅད“དམངས་ཕན་རྩ་བར་བཟུང་བ”དེ་ཡིན། ཁོང་གི་རང་རྣམ་རྩོམ་ཡིག་ཏེ།《ང་ནི་ས་སེར་སྟེང་གི་བུ་ཕྲུག་ཡིན》ཞེས་པའི་ནང་འདི་ལྟར་བྲིས་ཡོད་དེ“རང་ཉིད་ཀྱི་ཕ་མར་དགའ་བ་ནང་བཞིན་མང་ཚོགས་ལ་དགའ་བ་དང་། མི་དམངས་ཀྱི་ཆེད་དུ་ཁེ་ཕན་གཉེར་བ་དང་། མི་དམངས་ཀྱི་སྣེ་ཁྲིད་དེ་འཚོ་བ་བཟང་པོའི་ཕྱོགས་སུ་བསྙེགས་དགོས”ཞེས་བྲིས་ཡོད།2012ལོར་ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་རྗེས“མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན”ཞེས་གསུངས། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་རྗེས་ཁོང་གིས“མི་དམངས་ནི་ནམ་ཡང་ང་ཚོའི་ཆེས་སྲ་ཞིང་བརྟན་པའི་རྒྱབ་རྟེན་དང་ཆེས་སྟོབས་དང་ལྡན་པའི་རྟིང་ཤུགས་ཡིན”པ་དང་། “ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་། མི་དམངས་དང་གཅིག་སེམས་གཅིག་ལ་གཏོད་དགོས”ཞེས་གསུངས།
མི་དམངས་མང་ཚོགས་ཁྲོད་ཞི་ཅིན་ཕིང་ལ་“དགའ་བསུ་བྱེད་ཚད”ཆེས་མཐོ་བ་ཡིན། རི་གྲོང་གི་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཞིག་གིས་མཐེ་བོང་བསྒྲེངས་ནས་ཁོང་ལ“ཁྱེད་ཀྱིས་སྒྲུབ་པ་ཤིན་ཏུ་ལེགས”ཞེས་བསྟོད་བསྔགས་བྱས་ཤིང་། ན་གཞོན་ཚོས་དྲ་ཐོག་ནས་ཁོང་གི“མི་དམངས་ལ་ཤ་ཚ་བའི་སྣང་བརྙན་རི་མོའི”ལམ་ནས་བྲིས་ཡོད། ཧ་ཧྥུའུ་སློབ་ཆེན་ཁིན་ཉི་ཏི་སྲིད་གཞུང་སློབ་གླིང་གི་རྟོག་དཔྱོད་ལས་མངོན་པ་ལྟར་ན། ཀྲུང་གོ་མི་དམངས་ཀྱིས་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་སྲིད་གཞུང་ལ་ཡིད་ཚིམ་ཚད93%ཟིན་ཡོད་པ་རེད། གོ་ལ་ཧྲིལ་པོའི་སྤྱི་པའི་བློ་འདྲི་ཀུང་སི་ཨའེ་ཏི་མན་གྱིས་ཁྱབ་སྒྲོག་བྱས་པའི་སྙན་ཞུ་ལས་མངོན་པ་ལྟར་ན། 2021ལོར་ཀྲུང་གོའི་མང་ཚོགས་ཀྱིས་སྲིད་གཞུང་ལ་ཡིད་ཆེས་བྱེད་ཚད་91%ལ་སླེབས་ནས་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད།
གཉིས། ཀྲུང་གོ་སྟོབས་འབྱོར་ལྡན་པའི་ཕྱོགས་སུ་ཁྲིད་པ།
ཀོང་ཏུང་ཧྲན་ཐིག་ཁའེ་པུའུ་རིག་གནས་བཤམས་སྟོན་ཁང་དུ་འགྲེམ་སྟོན་བྱས་པའི་དངོས་རྫས་ཤིག་ཡོད་དེ། དེ་ནི་སུན་ཀྲུང་ཧྲན་གྱི《རྒྱལ་འཛུགས་ཇུས་གཞི》ཡི་འབྲེལ་ཡོད་འཆར་འགོད་རི་མོ་ཞིག་རེད། ཉེ་རབས་ཀྲུང་གོས་དེང་རབས་ཅན་འཚོལ་བསྙེགས་བྱེད་པའི་འཆར་འགོད་རི་མོ་དེ་ནི་སྐབས་དེའི་ཆ་རྐྱེན་གྱི་འོག་ལག་བསྟར་བྱེད་ཐུབ་པ་ཞིག་མ་རེད། ཞི་ཅིན་ཕིང་དེ་སྔོན་དེའི་མདུན་དུ་ཡུན་རིང་ཞིག་ལ་བཞེངས་ནས་བསྡད་རྗེས།ཁོང་གིས“ང་ཚོ་ཀྲུང་གོ་གུང་ཁྲན་ཏང་མི་ཁོ་ནས་མངོན་འགྱུར་བྱུང་ཡོད”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་གསུངས། ཁོང་གིས་བལྟས་ན། ལོ་བརྒྱའི་རིང་གི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་འབད་འཐབ་བྱས་པ་ཚང་མ་ནི་ཀྲུང་གོ་འདི་ཉིད་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་བསྐྲུན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་རྒྱུ་དེ་ཡིན་པར་སྙམ།
2020ལོའི་ཟླ1ཚེས8ཉིན།“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ”བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱི་སྡོམ་ཚོགས་འདུ་པེ་ཅིན་དུ་ཚོགས་པ་དང་། ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གལ་ཆེན་གནང་། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅུས་ཕིན་གྱིས་པར་བླངས།
ལོ་བཅུའི་སྔོན་ལ་ཞི་ཅིན་ཕིང་གིས་འགན་བཞེས་སྐབས་མདུན་དུ་ལྷགས་པའི་གནས་བབ་དགའ་སྐྱོ་ཟུང་ལྡན་ཞིག་ཡིན་པ་རེད། སྐབས་དེ་དུས་ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་ཕུང་བོ་ཆེ་གྲས་ཨང་གཉིས་པ་དང་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེ་གྲས་དང་པོ་ཡིན་མོད། འོན་ཀྱང་ཀྲུང་གོའི་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་མྱུར་དུ་བརྗེ་སྤོར་བྱེད་དགོས་པའི་ཚད་ལ་སླེབས་ཡོད། ལྐོག་ཟ་རུལ་སུངས་དང་། ཁོར་ཡུག་སྦགས་བཙོག དབུལ་ཕྱུག་ཁྱད་པར་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་མདུན་དུ་ལྷགས་པའི་སྲིད་སྐྱོང་འགྲན་སློང་ཞིག་རེད།
ཏང་ཕྱི་ནང་གིས་ཞི་ཅིན་ཕིང་གིས་འགྱུར་ལྡོག་གཏོང་བར་རེ་སྒུག་བྱེད་བཞིན་ཡོད། ཁོང་གིས་ཀུན་གྱི་རེ་བ་སྟོང་ཟད་དུ་མི་གཏོང་བར“ལྕགས་བརྡུངས་ན་ད་དུང་ཐོ་བ་མཁྲེགས་དགོས”ཞེས་དམ་བཅའ་བཞག་ནས་ཏང་གི་རང་ངོས་གསར་བརྗེའི་འཐབ་ཇུས་ལ་བཀོད་སྒྲིག་གནང་བར་མ་ཟད་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་བྱེད་ཕྱོགས་སྒྲིག་བཟོ་དང་ལག་བསྟར་གནང་། ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྟེང་གཞི་ཁྱོན་ཆེས་ཆེ་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཞིག་སྤེལ། ཁོང་གིས“བསྒྲུབ་དགོས་པའི་བྱ་བ་བསྒྲུབས་དགོས་ཤིང་།ཕོག་ཐུག་གཏོང་དགོས་སར་ཕོག་ཐུག་ཀྱང་གཏོང་དགོས། རུལ་སུངས་བ་སྟོང་ཕྲག་མང་པོར་ཕོག་ཐུག་མ་བཏང་ན། མི་དམངས་དུང་ཕྱུར13པོར་ཕོག་ཐུག་གཏོང་དགོས་པ་རེད”ཅེས་གསུངས།
ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་གྲོལ་ནས་ཟླ་གཅིག་ཀྱང་མ་འགོར་བར། སི་ཁྲོན་ཞིང་ཆེན་ཏང་ཨུའི་སྔོན་ཆད་ཀྱི་ཧྲུའུ་ཅི་གཞོན་པ་ལིས་ཁྲུང་ཁྲིན་གྱིས་རུལ་སུངས་བྱས་པའི་དབང་གིས་ཞིབ་བཤེར་ཐག་གཅོད་བྱས་པ་དེ་ལས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཀྱི་མགོ་བརྩམས་སོང་། ལོ་ངོ་བཅུའི་རིང་ལ་ཀྲིག་ཡུང་ཁང་དང་། པོ་ཞིས་ལེད། ཀོ་པའོ་ཞུང་། ཞུའུ་ཚའེ་ཧི། སུན་ཀྲིན་ཚའེ། ལིན་ཅི་ཧྭ་སོགས་གོ་གནས་མཐོན་པོ་ཡོད་པའི་“སྟག”མང་པོ་འཛིན་བཟུང་བྱས་པ་དང་། རྒྱལ་ཁབ་པུའུ་ཨུ་དང་། ཀྲུང་དབྱང་ཁེ་ལས་ཀྱི་འགོ་ཁྲིད་དང་པོ་དང་ཞིང་ཆེན་དང་གྲོང་ཁྱེར་གྱི་འགན་འཁུར་བ་གཙོ་བོ་ཡང་ཡོད་ལ། ད་དུང་རྫོང་གི་ཁྲུའུ་རིམ་པ་དང་། ཡུལ་ཚོའི་ཁའོ་རིམ་པའི་ལས་བྱེད་པ། ལྟོས་ཚོད་ལ་ཤིན་ཏུ་ཆུང་བའི“དཔོན་པོ”ཡང་ཡོད་པ་རེད། ཞི་ཅིན་ཕིང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པར་མ་ཟད།ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་བ་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་ཏང་ཡོངས་ཀྱིས་ཀླད་པ་གསལ་བོ་སྲུང་འཛིན་བྱས་ནས“ནམ་ཡང་གདོང་མཆོང་གི་དུང་བརྡ་བསྒྲགས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་དུ་ཡོད་དགོས་པའི”བསླབ་བྱ་གནང་།
ཁོང་གིས་དེར་བརྟེན་ནས་ཏང་ཡོན་བྱེ་བ་དགུ་དང་ས་ཡ་དྲུག་ལྷག་དང་གཞི་རིམ་ཏང་རྩ་འཛུགས་ས་ཡ་བཞི་དང་འབུམ་དྲུག་ལྷག་གི་དྭངས་གཙང་ནུས་ལྡན་འགན་ལེན་ཏན་ཏིག་བྱས། ཞི་ཅིན་ཕིང་གིས་བལྟས་ན། ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་ན། གནད་འགག་ནི་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན། ཁོང་གསར་བརྗེའི་གནས་རྙིང་དང་། གསར་བརྗེའི་ས་གཞི་ཆེན་མོར་འཚམས་འདྲིར་ཕེབས་པ་དང་། ས་ཆ་གང་དུ་ཕེབས་རུང་སྤྱིར་བཏང་མིན་པའི་ལོ་ཟླར་ཕྱིར་དྲན་གནང་བ་དང་། ཏང་གི་ལོ་བརྒྱའི་ལོ་རྒྱུས་ཁྲོད་སྟོབས་ཤུགས་བསྡུ་ལེན་བྱེད་བཞིན་ཡོད། ཁོང་གིས་ལོ་ངོ་བརྒྱའི་རིང་གི་ཏང་ཆེན་པོ་དེ“ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ཀྱིས་རྒྱབ་བརྟེན་བཅོལ་ཆོག་པ་དང་ཆེས་སྟོབས་དང་ལྡན་པའི་སྲོག་ཤིང་དུ་འགྱུར་བར་བྱེད་དགོས”ཞེས་གསུངས། ཁོང་གིས་འགོ་འཛིན་གནང་ནས་བཏོན་པའི་བདེན་དོན་རྒྱུན་འཁྱོངས་དང་ཕུགས་བསམ་བརྟན་སྲུང་། ཐོག་མའི་བསམ་འདུན་ལག་ལེན། འགན་འཁྲི་འཁུར་ཕོད་པ་བཅས་དར་སྤེལ་བཏང་ནས། རང་སྲོག་བློས་གཏོང་བར་མི་འཛེམ་པ། དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་ཕོད་པ་ནི་ཏང་ལ་བློ་དཀར་སེམས་དཀར་དང་། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་རླབས་ཆེན་གྱི་ཏང་འཛུགས་སྐྲུན་གྱི་སྙིང་སྟོབས་སོགས་ཀྱི་བླང་བྱ་ཡིན་པས།ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་ཏང་གི་སྒྲིག་ཡིག་ནང་བཀོད་ཡོད།
ཁོང་གིས་ཏང་ཡོངས་ཀྱིས་སུའུ་ལེན་འཐོར་ཞིག་ཏུ་སོང་བ་དང་སུའུ་ལེན་གུང་ཁྲན་སྲིད་སྟེགས་ནས་ལྷུང་པའི་བསླབ་བྱ་དང་ལེན་བྱ་དགོས་པའི་བསླབ་བྱ་ཡང་ཡང་གནང་བ་མ་ཟད། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་དད་སེམས་བརྟན་པོ་འཛུགས་རྒྱུའི་དགོས་ངེས་རང་བཞིན་བསྐྱར་བསྒྲགས་གནང་བ་དང་འབྲེལ་ཏང་གི་སྒྲིག་ཁྲིམས་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན། སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་ནས་ཉིན20མ་འགོར་བར་ཁོང་གིས་འགོ་འཛིན་གནང་ནས“གཏན་འཁེལ་དོན་ཚན་བརྒྱད”སྒྲིག་བཟོ་གནང་བ་རེད། ཁོང་གིས་འགོ་ཁྲིད་ལས་བྱེད་པའི་མི་སྒེར་གྱི་དོན་དག་སྙན་ཞུའི་གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པར་མཛུབ་སྟོན་གནང་བ་མ་ཟད། འགོ་ཁྲིད་ལས་བྱེད་པ་སྟོང་བཞི་དང་བདུན་བརྒྱ་ལྷག་གི་བཟའ་ཟླ་དང་། བུ་དང་བུ་མོ། ད་དུང་བཟའ་ཟླས་ཚོང་གཉེར་ནས་ཁེ་ལས་སྒྲུབ་པའི་བྱ་སྤྱོད་ཚད་ལྡན་དུ་བཏང་། ཁོང་གིས《གནས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ》ཞེས་པ་སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་རབ་དང་རིམ་པ་གཏན་འབེབས་དང་བཟོ་བཅོས་བྱེད་པར་འགོ་ཁྲིད་གནང་བ་མ་ཟད། དཔོན་རིགས་ལ་སྐོར་ཞིབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་བ་རེད། ཁོང་གིས་འགོ་ཁྲིད་དེ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་ནས་གཞུང་གི་ལས་འགན་འཁུར་མཁན་ཚང་མ་ལྟ་སྐུལ་ཁྱབ་ཁོངས་སུ་བཞག་པ་རེད།
ཞི་ཅིན་ཕིང་གིས་ཏང་བསྐྱར་སྐྲུན་བྱེད་པར་གནད་འགག་གི་ནུས་པ་ཐོན་ཡོད། ཀྲུང་གོ་ཕུའུ་ཏུང་ལས་བྱེད་པའི་སློབ་གླིང་གི་གླིང་གཙོ་གཞོན་པ་ལིག་ཅིན་པེ་ཡིས་བཤད་རྒྱུར། ཞི་ཅིན་ཕིང་གིས་ཏང་ཡོངས་ཀྱིས་བསམ་བློའི་སྟེང་སྔར་ལས་གཅིག་གྱུར་དང་། ཆབ་སྲིད་སྟེང་སྔར་ལས་མཐུན་སྒྲིལ། བྱ་སྤྱོད་སྟེང་སྔར་ལས་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། ས་ཁུལ་དང་སྡེ་ཁག་ཁ་ཤས་སུ་ཏང་གི་འགོ་ཁྲིད་ཉམས་ཞན་དང་། ཟོལ་བཅོས། ནུས་པ་ཐོན་བཞིན་མེད་པའི་གནས་ཚུལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་ཡོད་པ་རེད། “ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་རྩ་བའི་ཁག་ཐེག་འདོན་སྤྲོད་བྱས་ཡོད།”
ཞི་ཅིན་ཕིང་གིས་མི་རྣམས་ལ་དཔའ་བོར་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་གནང་བ་དང་། སྔོན་གཤེགས་དཔའ་བོར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་བཟོ་རྒྱུར་འགོ་ཁྲིད་བྱས་ཤིང་། བྱས་རྗེས་དང་གཟི་བརྗིད་གཟེངས་བསྟོད་ལམ་ལུགས་ཀྱི་མ་ལག་གསར་འཛུགས་དང་འཐུས་ཚང་དུ་བཏང་ཡོད། ཁོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་བཏོན་ནས་ཆེས་གཏིང་ཟབ་པ་དང་། ཆེས་གཞི་རྩར་གྱུར་པ། ཆེས་རྟག་བརྟན་ཡིན་པ་ནི་རྒྱལ་གཅེས་རིང་ལུགས་ཡིན་པར་བསྟན། ལོ་བཅུའི་རིང་། “དྲང་ནུས”ནི་ཀྲུང་གོ་བའི་རྣ་བར་འཇགས་པའི་ཐ་སྙད་ཞིག་ཏུ་གྱུར་ཡོད།
2016ལོའི་ཟླ7ཚེས18ཉིན། ཞི་ཅིན་ཕིང་གིས་ཉིང་ཞ་ཀུའུ་ཡོན་གྲོང་ཁྱེར་ཞིས་ཅི་རྫོང་ཅང་ཐའེ་པའོ་རུ་དམར་དམག་རྒྱང་སྐྱོད་དམག་དཔུང་མཉམ་འཛོམས་ཀྱི་དྲན་གསོའི་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིས་ཐའོ་ཡིས་པར་བླངས།
ད་དུང་ཀྲིན་ཏེན་རུ་རྫོང་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་སྐབས། ཞི་ཅིན་ཕིང་གིས་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་འཚོལ་བའི་བསམ་པ་སྐོམ་པ་ཆུ་འདོད་ལྟར་ཡིན་པས། རྫོང་ཡོངས་ཀྱི་ཤེས་ལྡན་མི་སྣའི་ཁྲོད་ཐེངས་གསུམ་ལ་ཡོངས་ཁྱབ་ཞིབ་བཤེར་བྱས་ཏེ། ཀྲིན་ཏེན་གྱི་ལོ་རྒྱུས་སྟེང་“ཤེས་ལྡན་མི་སྣའི”རྩིས་ཐོ་དང་པོ་ཡོད་པར་གྱུར་བ་མ་ཟད། ད་དུང་རྒྱལ་ཡོངས་སུ་ཁ་ཕྱོགས་ནས་དངོས་སུ“སྤྱོད་ཡོན་གཉིས་ལྡན་གྱི་འཇོན་མི་བསྡུ་རྒྱུའི”ཕྱག་བྲིས་གནང་བ་དང་། ཆེད་ལས་ཤེས་ལྡན་མི་སྣ་བརྒྱ་ཕྲག་མང་པོའི་ཡིད་དབང་བཀུག སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་རྗེས། ཞི་ཅིན་ཕིང་གིས་སྤྱོད་ཡོན་གཉིས་ལྡན་ཡིན་དགོས་ཤིང་།ཀུན་སྤྱོད་གཙོ་བོར་འཇོག་པའི་མི་བཀོལ་རྩ་དོན་གཏན་འཁེལ་བྱས། གསར་དུ་བཟོ་བཅོས་བརྒྱབ་པའི་ལས་བྱེད་པ་བསྐོ་འཇོག་དང་བཀོལ་སྤྱོད་ཀྱི་སྲོལ་ཡིག་ནང་“བློ་དཀར་སེམས་དཀར་དང་། སྤྱོད་གཙང་། འགན་འཁྲི་འཁུར་བའི”སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེའི་ཚད་གཞི་དར་སྤེལ་བཏང་ཡོད། ཞི་ཅིན་ཕིང་གིས་འགོ་ཁྲིད་ལས་བྱེད་པར་ཕྱོགས་བརྒྱད་ཐད་ཀྱི་ནུས་པ་འཛོམས་དགོས་པར་བཏོན་པ་སྟེ། སློབ་སྦྱོང་བྱེད་མཁས་པ་ནས་ཉེན་ཁར་ཁ་ལོ་བསྒྱུར་བའི་ནུས་པ་ལྡན་དགོས་པ་སོགས་ཡིན། ཕུགས་བསམ་གྱི་དད་སེམས་བརྟན་པ་དང་། ལས་ཀ་བསྒྲུབ་འདོད་ན་བསྒྲུབས་ཐུབ་པའི་མི་སྐོར་ཞིག་ཏང་སྲིད་དམག་གསུམ་གྱི་རིམ་པ་སོ་སོའི་འགོ་ཁྲིད་ལས་གནས་སུ་བཞག་ཡོད།ཁོང་གིས“ཤེས་ལྡན་མི་སྣ་ནི་ཐོན་ཁུངས་དང་པོ་ཡིན”ཞེས་པ་དང་།“གནམ་འོག་གི་ཤེས་ལྡན་མི་སྣ་གཅིག་སྡུད་བྱས་ནས་བཀོལ་སྤྱོད་བྱེད་དགོས”ཞེས་པ་དང་། ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་བཤད་གནང་།
ཁོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཕེལ་རྒྱས་ཤུགས་ཆེན་པོ་གཏོང་དགོས་པའི་བླང་བྱ་བཏོན་པ་དང་། ཁོང་གིས་དམངས་གཙོས་མི་དམངས་ཀྱི་དགོས་མཁོ་ཐག་གཅོད་པའི་གནད་དོན་ཐག་གཅོད་བྱེད་པ་དང་། མི་སྣ་དེའི་རིགས་འདེམ་ཤོག་འཕེན་པའི་སྐབས་སུ་ད་གཟོད་སད་རྟོགས་བྱུང་བ་དང་། འདེམ་ཤོག་འཕང་ཚར་རྗེས་ངལ་གསོ་བའི་དམངས་གཙོ་དེ་ནི་ཕྱི་ཚུལ་རིང་ལུགས་ཞིག་ཡིན་པ་རེད་ཅེས་གསུངས། 2019ལོར། ཁོང་གིས་ཧྲང་ཧའེ་ཡི་སྲང་ལམ་ཞིག་ཏུ་རྟོག་ཞིབ་བྱེད་སྐབས“མི་དམངས་དམངས་གཙོ་ནི་བརྒྱུད་རིམ་ཧྲིལ་པོའི་དམངས་གཙོ་ཞིག་རེད”ཅེས་བཏོན་པ་རེད། ལོ་ངོ་བཅུའི་རིང་ལ། དམངས་གཙོ་འདེམ་བསྐོ་དང་། དམངས་གཙོའི་གྲོས་མོལ། དམངས་གཙོའི་ཇུས་ཐག་གཅོད་པ། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་གྱི་ལམ་ལུགས་དང་གོ་རིམ་བཅས་སྔར་ལས་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད།
2019ལོའི་ཟླ11ཚེས2ཉིན། ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཁྱེར་ཁྲང་ཉིང་ཆུའུ་ཧུང་ཆའོ་སྲང་ལམ་ཀུའུ་པེ་གྲོང་ཁྱེར་སྡོད་དམངས་ལྟེ་གནས་སུ་བཅའ་ཁྲིམས་འཆར་ཟིན་གྱི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་ཚོགས་འདུར་ཞུགས་མཁན་གྱི་རྒྱལ་ཁབ་ཕྱི་ནང་གི་སྡོད་དམངས་རྣམས་ལ་བརྩེ་བའི་གླེང་མོལ་མཛད་པ་དང་། བཅའ་ཁྲིམས་འཆར་ཟིན་གྱི་བསམ་འཆར་བསྡུ་ལེན་བྱ་བའི་གནས་ཚུལ་ཞིབ་མོར་འདྲི་རྟོགས་གནང་། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞའེ་ཧོན་ཁྲིས་ཡིས་པར་བླངས།
ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བཏང་བ་དེ་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གསར་བརྗེ་གཏིང་ཟབ་མོ་ཞིག་རེད། ཁོང་གིས2035ལོར་སླེབས་དུས་ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་རྩའི་ཆ་ནས་བསྐྲུན་ཐུབ་པ་བྱེད་དགོས་ཞེས་གསུངས། ཞི་ཅིན་ཕིང་ནི་རྩ་ཁྲིམས་ཀྱི་མདུན་ནས་དམ་བཅའ་འཇོག་མཁན་གྱི་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་པོ་རེད། ཁོང་གིས་རྩ་ཁྲིམས་ལ་ཆེས་མཐོ་བའི་བཅའ་ཁྲིམས་ཀྱི་གོ་གནས་དང་། བཅའ་ཁྲིམས་ཀྱི་དབང་ཐང་། བཅའ་ཁྲིམས་ཀྱི་ནུས་པ་བཅས་ལྡན་ཡོད་ཅེས་གསུངས།
ལོ་ངོ་བཅུའི་རིང་ལ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ནམ་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་དོན་ཚན70གསར་དུ་གཏན་འབེབས་བྱས་པ་དང་། བཅའ་ཁྲིམས་དོན་ཚན 223ལ་བཟོ་བཅོས་བརྒྱབ། ཀྲུང་གོ་མི་དམངས་ལ་དབང་བའི་དམངས་དོན་ཁྲིམས་གཞུང་ཞིག་དབུ་བརྙེས་པ་དེས་སྤྱི་དམངས་ཀྱི་དབང་ཆར་སྔར་ལས་འགན་སྲུང་ཐོབ། ཕྱོགས་ཡོངས་དང་མ་ལག་ལྡན་པའི་ཕྱི་དངུལ་ཁྲིམས་འཛུགས་དང་པོ་སྟེ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་ཕྱོགས་སྐོར་གྱི་བཅའ་ཁྲིམས་ལག་བསྟར་བྱས་པ་དང་། ཆུ་ཚད་མཐོ་བའི་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་གྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་། གསར་དར་ཁྱབ་ཁོངས་ཀྱི་སྟོང་ཆ་ལ་ཁ་གཏད་དེ། གཞི་གྲངས་བདེ་འཇགས་བཅའ་ཁྲིམས་དང་། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བཅའ་ཁྲིམས་སོགས་ཀྱི་བཅའ་ཁྲིམས་སྔ་རྗེས་སུ་བཏོན་པ་རེད། ཞི་ཅིན་ཕིང་གིས་ཁྲིམས་འཛིན་དཔུང་སྡེ་དག་ཐེར་བྱེད་པར་སྐུལ་འདེད་བཏང་བ་དང་། མང་ཚོགས་ལ་གནོད་འཚེ་གཏོང་མཁན་མང་པོ་ཞིག་གཙང་སེལ་བྱས། ཁོང་གིས“ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་མི་དམངས་མང་ཚོགས་རེ་རེ་ལ་འདྲ་མཉམ་དྲང་བདེན་ཚོར་དུ་འཇུག་པར་འབད་བརྩོན་བྱེད་དགོས”ཞེས་གསུངས།
2018ལོའི་ཟླ3ཚེས17ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བསྡུས། ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས། པར་འདི་ནི་ཞི་ཅིན་ཕིང་གིས་རྩ་ཁྲིམས་དམ་བཅའ་འཇོག་བཞིན་པའི་ཚུལ་རེད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅུས་ཕིན་གྱིས་པར་བླངས།
ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་འགོ་གསར་བ་ཚུགས་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། མི་གྲངས་དུང་ཕྱུར14ཡོད་པའི་རྒྱལ་ཁབ་ཆེན་པོས་ཡུན་རིང་གི་སྤྱི་ཚོགས་བརྟན་འཇགས་སྲུང་འཛིན་བྱས་པ་དང་། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་ཁོར་ཡུག་སྔར་ལས་ལེགས་པོར་གྱུར་ཡོད། ཞི་ཅིན་ཕིང་གིས་རྒྱུན་རྣམ་གསར་པ་དང་འཚམ་པར་བྱས་ནས་བཅོས་སྒྱུར་ཁྲོད་འཕྲད་པའི་དཀའ་ངལ་ཐག་གཅོད་པར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་པ་ནས་བཟུང་། ཁོང་ཉིད་ཐེངས་གསུམ་ལ་བཅོས་སྒྱུར་སྒོ་འབྱེད་ཀྱི་མདུན་གྲལ་གྱི་ཀོང་ཏུང་ཏུ་ཕེབས་ནས“བཅོས་སྒྱུར་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་གནད་འགག་གི་བྱེད་ཐབས་ཤིག་རེད”ཅེས་ཁྱབ་བསྒྲགས་གནང་། ཁོང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་སོགས་ཀྱི་སྒྲིག་གཞིར་མགོ་འདྲེན་གནངས་ཏེ། ཏང་གིས་བཅོས་སྒྱུར་སྒོ་འབྱེད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་ཚད་ཆེ་རུ་བཏང་། ཁོང་གིས་ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་དགོས་པའི་བླང་བྱ་བཏོན། ཁོང་གིས་སྲིད་གཞུང་གི་སྒྲིག་གཞི་ཁུ་བསྡུ་བྱེད་པར་འགོ་ཁྲིད་དེ་ཁེ་ལས་ཀྱི་དཔྱ་ཁྲལ་ཇེ་ཡང་དུ་བཏང་བ་དང་། རྣམ་པ་གསར་བའི་སྲིད་ཚོང་འབྲེལ་བ་འཛུགས་པར་སྐུལ་འདེད་བཏང་།
2013ལོར། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་ཚུན་ལ། ཕྱོགས་སོ་སོས་བཅོས་སྒྱུར་གྱི་ཇུས་གཞི་2000ལྷག་བཏོན་པ་དང་།དེ་དག་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་དང་། ཁྲིམས་འཛིན་སྒྲིག་སྲོལ། དཔལ་འབྱོར་སྒྲིག་སྲོལ། རིག་གནས། སློབ་གསོ། སྨན་བཅོས། རྒན་གསོ་སོགས་ཕྱོགས་སོ་སོར་འབྲེལ་བ་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བཅོས་བསྒྱུར་གྱི་དམིགས་འབེན་ལས་འགན་སྤྱིའི་ཆ་ནས་དུས་ལྟར་ལེགས་གྲུབ་བྱུང་ཡོད། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ21ཇེ་མང་དུ་བཏང་བ་དང་། ཧའེ་ནན་གླིང་ཕྲན་ཧྲིལ་པོ་རང་མོས་ཉོ་ཚོང་གྲུ་ཁ་ཞིག་ཏུ་གྱུར་ཡོད།
ཞི་ཅིན་ཕིང་གིས་གསར་སྐྲུན་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་པ་བཏོན་ཡོད། འཛམ་གླིང་དངུལ་ཁང་གི་སྔོན་ཆད་ཀྱི་མཐོ་རིམ་དཔལ་འབྱོར་རིག་པ་བ་པིས་ཏི·ཁའེ་ཉི་ཀི་ཡིས་བཤད་རྒྱུར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་སྲོག་ཤིང་ཡིན་པ་དང་། དེས་ཀྲུང་གོའི་དཔལ་འབྱོར་གྱི་རྣམ་པ་བསྒྱུར་བའི་མཛུབ་སྟོན་རྩ་དོན་ལེགས་པོར་བརྗོད་ཡོད་ཟེར། ཞི་ཅིན་ཕིང་གིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་བྱས་ནས་ཀྲུང་གོའི་དཔལ་འབྱོར་དེ“སྤུས་ཚད་མཐོ་བའི་འཕེལ་རྒྱས”ཕྱོགས་སུ་སྣེ་ཁྲིད་བྱས་པར་མ་ཟད། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོའི་གྲུབ་ཚུལ་གཙོ་བོ་ཡིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་གིས་ཕན་ཚུན་ལ་སྐུལ་འདེད་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཇེ་མགྱོགས་སུ་བཏང་། ལོ་ངོ་བཅུའི་རིང་ལ། དཔལ་འབྱོར་འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་དང་། མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མངོན་གསལ་དོད་པོས་ཇེ་དྲག་ཏུ་སོང་ཞིང་། དེས་ཀྲུང་གོས་སྔར་ལས་ཆེ་བའི་རྟིང་ཤུགས་དང་ནུས་པ་ལ་བརྟེན་ནས་གཅིག་རྗེས་གཉིས་མཐུད་དུ་ཐོན་པའི་ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ་དུ་བཅུག་ཡོད།
ཞི་ཅིན་ཕིང་གིས་དུས་རྒྱུན་པར་ཐོན་སྐྱེད་ལས་གཉེར་བྱེད་སར་རྟོགས་ཞིབ་གནང་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཐེངས་ཤིག་ལ་ཁོང་རྒྱལ་ནང་གི་རླངས་འཁོར་བཟོ་གྲྭ་ཞིག་གི་ཐོན་སྐྱེད་འཁོར་ཁང་དུ་ཕེབས་པ་ན། དེར་བཞག་ཡོད་པའི་རང་བཟོས་ཚོང་རྟགས་རླངས་འཁོར་འགའ་མཐོང་ནས་ནང་དུ་བཞུགས་ནས་ཉམས་ཞིབ་བྱས། ཞི་ཅིན་ཕིང་གིས་ཞིབ་འཇུག་གསར་སྤེལ་བྱེད་མཁན་གྱི་མི་སྣ་ལ་ནུས་ཁུངས་གསར་པའི་རླངས་འཁོར་འཕེལ་རྒྱས་སུ་གཏོང་རྒྱུ་ནི་རང་རྒྱལ་རླངས་འཁོར་གྱི་རྒྱལ་ཁབ་ཆེན་པོ་ནས་རླངས་འཁོར་གྱི་རྒྱལ་ཁབ་སྟོབས་ལྡན་དུ་བསྐྱོད་པའི་ལྡོག་མེད་ཀྱི་ལམ་བུ་ཡིན་པས། ནུས་ཁུངས་གསར་པའི་རླངས་འཁོར་ཐོན་ལས་དེ་འཕར་གཞི་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་གསུངས། གཞི་གྲངས་ལས་མངོན་པ་ལྟར་ན། 2015ལོ་ནས་བཟུང་། ཀྲུང་གོའི་ནུས་ཁུངས་གསར་པའི་རླངས་འཁོར་གྱི་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་བསྟུད་མར་ལོ་བདུན་ལ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། ཞི་ཅིན་ཕིང་གིས་སྡེ་བའི་ལས་བྱེད་མི་སྣ་དང་མཉམ་དུ་ཞོར་ཟས་དང་ཆང་དཀར་ཕྱིར་འཚོང་ཐབས་ལམ་ལ་གླེང་མོལ་མཛད། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་སྐབས་སུ། ཁོང་སྡེ་བ་ཞིག་གི་ཐད་གཏོང་སྟེགས་བུར་ཕེབས་པ་ན། དྲ་གྲོགས་ཚོས་ཁོང་ལ“ཆེས་བཟང་པོའི་ཕྱིར་འཚོང་མཁན”ཞེས་འབོད་བཞིན་ཡོད། དེའི་རྗེས་སུ་ཁོང་སྡེ་ཁུལ་གྱི་བཟོ་གྲྭར་ཕེབས་ནས་བལ་གྱི་རྩེད་ཆས་ཕྱིར་གཏོང་མངགས་ཐོའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོང་ད་རུང་སྲང་ལམ་གྱི་ཟ་ཁང་ཆུང་ངུའི་ནང་ཕེབས་ནས་ཟས་ཀྱི་རིགས་ལ་བལྟས་པ་དང་། ཚད་གཞི་གླེང་ཞིང་། རིན་གོང་འདྲི་རྟོགས་བྱས།
ཁོང་གིས་འགོ་ཁྲིད་འོག་ཏུ། ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་ཕུང་བོ་ཆེན་པོ་གཉིས་པ་ཡིན་པའི་གོ་གནས་སྲ་བརྟན་དུ་བཏང་། ལོ་ངོ་བཅུའི་རིང་ལ། རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་བསྡོམས་འབོར་ལྡབ་གཅིག་འཕར་བ་དང་། འཛམ་གླིང་དཔལ་འབྱོར་གྱི་བསྡུར་ཚད་དེ་ཉིས་སྟོང་བཅུ་གཉིས་ལོའི་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་གསུམ་ནས་བརྒྱ་ཆའི་བཅོ་བརྒྱད་དང་གྲངས་ཆུང་ལྔ་རུ་འཕར་བ་དང་། ཀྲུང་གོའི་དཔལ་འབྱོར་གྱིས་འཛམ་གླིང་དཔལ་འབྱོར་འཕར་སྣོན་ཐད་ཐོན་པའི་ཆ་སྙོམས་ཕན་འབྲས་དེ་བརྒྱ་ཆའི་སུམ་ཅུ་ལས་བརྒལ། ཀྲུང་གོ་ནི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་རྗེས་སུ། དཔལ་འབྱོར་སླར་གསོ་དང་འཕར་སྣོན་བྱུང་བའི་དཔལ་འབྱོར་གཙོ་གཞི་ཐོག་མ་རེད།
2021ལོར་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་ཨ་རིའི་སྒོར་མོ་ཁྲག་ཁྲིག་ཆེན་མོ་དྲུག་ལས་བརྒལ་ནས་ཨ་རིའི་བར་གྱི་ཉོ་ཚོང་མ་དངུལ་དུས་མཉམ་དང་བསྡུར་ན་བཅུ་ཆའི་གསུམ་འཕར་བ་དང་། ཨ་རིའི་སྒོར་མོ་ཁྲག་ཁྲིག་བདུན་དང་ཐེར་ཆེན་ལྔ་ཐེར་འབུམ་ལྔ་དུང་ཕྱུར་དྲུག་ལ་སླེབས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན། ཀྲུང་གོ་དང་ཨ་མེ་རི་ཁའི་ཚོང་ཚོགས་ཀྱི2022ལོའི་ཀྲུང་གོའི་ཚོང་ལས་ཁོར་ཡུག་རྟོག་དཔྱོད་སྙན་ཞུ་ལས་མངོན་པ་ལྟར་ན། ཚོགས་མིའི་ཁེ་ལས་བརྒྱ་ཆའི་རེ་དྲུག་གིས་ད་ལོར་ཀྲུང་གོར་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་པ་དང་། ཀྲུང་གོ་སྔར་བཞིན་དུ་ཚོགས་མིའི་ཁེ་ལས་བརྒྱ་ཆའི་དྲུག་ཅུ་ཡི་ཉེ་བའི་དུས་སྐབས་ཀྱི་གོ་ལ་ཧྲིལ་བོའི་དངུལ་གཏོང་འཆར་གཞིའི་ཁྲོད་ཀྱི་མ་དངུལ་གཏོང་ཡུལ་ཆེ་ཤོས་གསུམ་གྱི་གྲས་རེད།
2020ལོའི་ཟླ4པའི་ཚེས21ཉིན། ཞི་ཅིན་ཕིང་ཧྲན་ཞི་ཞིང་ཆེན་ཨན་ཁང་གྲོང་ཁྱེར་ཕིང་ལིས་རྫོང་ལའོ་ཞན་གྲོང་རྡལ་དུ་ཕེབས་ཏེ་ཇ་ཞིང་དུ་དབུལ་ཐར་མཁྲེགས་གཏོར་གནས་ཚུལ་ལ་རྟོགས་ཞིབ་མཛད་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཡན་ཡན་གྱིས་པར་བླངས།
ཞི་ཅིན་ཕིང་གིས“འཕེལ་རྒྱས་གཏོང་བར་མི་དམངས་ལྟེ་བར་འཛིན་དགོས”ཞེས་ཡང་དང་བསྐྱར་དུ་ནན་གྱིས་བསྟན། ཁོང་གིས་ཀྲུང་གོའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ“མི་དམངས་ཀྱི་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་ཤིང་གང་ལེགས་མ་ཡིན་པའི་འཕེལ་རྒྱས་བར་གྱི་འགལ་བར”འགྱུར་ཡོད་པའི་ཆོད་གཏམ་སྤེལ། ཁོང་གིས་མང་ཚོགས་ལ“ཆུང་དུས་གསོ་སྐྱོང་ཡོད་པ་དང་། སློབ་སྦྱོང་ལ་སློབ་གསོ་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཡོད་པ། རྒས་དུས་འཚོ་རྟེན་ཡོད་པ། གཞིས་སྡོད་ལ་ཁང་པ་ཡོད་པ། ཉམ་ཆུང་ལ་རོགས་སྐྱོར་ཡོད་པ ”བཅས་ཀྱི་ཐད་ཐུགས་ཁུར་གནངས། ཁོང་གིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་ལས་རིགས་སློབ་གྲྭ། རྒན་གསོ་ཁང་། སྨན་ཁང་དང་ཕན་བདེ་གླིང་བཅས་སུ་རྟོགས་ཞིབ་གནངས་ཏེ། རྒན་པའི་ཟས་ཐོ་ལ་གཟིགས་པ་དང་། བྱིས་པ་ཚོར“བསམ་བློ་དཔལ་ཡོན་དང་དེའི་སྙིང་སྟོབས་ཡོད་དགོས་ན། ཐོག་མར་གཟུགས་གཞི་བདེ་ཐང་དང་སྟོབས་ཆེན་ཡིན་དགོས”ཞེས་གསུངས།
ཞི་ཅིན་ཕིང་གིས“སློབ་གསོའི་རྒྱལ་ཁབ་སྟོབས་ལྡན”དུ་གཏོང་བར་སྐུལ་འདེད་ཤུགས་ཆེན་གནང་། ཧྥུའུ་ཀྲིག་རུ་བྱ་བ་བསྒྲུབས་པའི་སྐབས་སུ། ཁོང་གིས་ཞོར་དུ་མིན་ཅང་ལས་རིགས་སློབ་ཆེན་གྱི་སློབ་གཙོའི་འགན་བཞེས་ཏེ། “ཆེས་ཆེ་བ་མི་གཙོ་བར་ཆེས་བཟང་བོ་གཙོ་བ་དང་སྤྱི་ཚོགས་ཀྱི་དགོས་མཁོ་མཐུན་པའི”སློབ་སྒྲུབ་བྱེད་ཐབས་བཏོན་པ་རེད། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་ཐད་བཏང་བའི་འགྲོ་སོང་དེས་རྒྱལ་དམངས་ཐོན་སྐྱེད་སྤྱིའི་ཐོན་རིན་ཁྲོད་ཀྱི་བསྡུར་ཚད་དེ་བསྟུད་མར་ལོ་བཅུའི་རིང་ལ་བརྒྱ་ཆའི་བཞིའི་ཡན་སྲུང་འཛིན་བྱས་པ་དང་། སློབ་གསོ་དེ་ནོར་སྲིད་སྤྱིར་བཏང་སྤྱི་བའི་སྔོན་རྩིས་ཀྱི་འགྲོ་སོང་གཏོང་ས་ཆེས་ཆེ་ཤོས་ཤིག་ཏུ་གྱུར་ཡོད།
“ཕྲུ་གུ་གསུམ”གྱི་བུ་བཙའི་སྲིད་ཇུས་ལག་བསྟར་བྱེད་པ་ནས“ཉུང་འཕྲི་གཉིས”ཀྱི་སློབ་གསོ་ལག་བསྟར་བྱེད་པའི་བར་དང་། འཛམ་གླིང་ཐོག་གི་སྤྱི་ཚོགས་ཉེན་ཚབ་དྲ་བ་དང་སྨན་བཅོས་ཉེན་ཚབ་དྲ་བ་ཆེ་ཤོས་བཙུགས་པ་ནས་རྒྱལ་ཁབ་ཀྱི་སྨན་བཅོས་ཉེན་ཚབ་ཀྱི་སྨན་རྫས་དཀར་ཆག་གསར་ཤོས་སྤྱོད་འགོ་ཚུགས་པའི་བར། ཁྱིམ་ཐོའི་ལམ་ལུགས་བཅོས་སྒྱུར་བྱེད་པ་ནས་ངལ་རྩོལ་སློབ་སྐྱོང་ལམ་ལུགས་དང་བསྡུ་ཉར་སློབ་གསོའི་ལམ་ལུགས་མེད་པར་བཟོ་བའི་བར། གད་སྙིགས་རིགས་དབྱེ་དང་། དྭངས་གཙང་དྲོད་ལེན། གསང་སྤྱོད་གསར་བརྗེ་བཅས་ལ་སྐུལ་འདེད་ཆེན་པོ་གཏོང་བ་ནས “ཁང་པ་ནི་སྡོད་ས་ཡིན་པ་ལས་ཚོང་ལས་མིན་པ”དར་སྤེལ་གཏོང་བ་སོགས་ཀྱི་ཐད་དུ་ཞི་ཅིན་ཕིང་གིས་བྱེ་བྲག་གི་མཛུབ་སྟོན་དང་བཀོད་སྒྲིག་ཞིབ་རྒྱས་གནང་ཡོད། དབང་པོ་སྐྱོན་ཅན་བྱེ་བ་བརྒྱད་དང་ས་ཡ་ལྔར་དམིགས་ནས་གེགས་མེད་སྒྲིག་ཆས་ཁྱབ་ཚད་དེའང་ཁོང་གི་སྐུལ་འདེད་འོག་རྒྱུན་མཐུད་ངང་ཇེ་མཐོར་སོང་ཡོད།
ཞི་ཅིན་ཕིང་གིས་མཉམ་དུ་ཕྱུག་པོར་འགྱུར་བར་བྱ་རྒྱུ་དེ་སྲིད་སྐྱོང་གི་ཉིན་རེའི་གྲོས་རིམ་ནང་དངོས་སུ་བཅུག་པར་མ་ཟད། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་པ་ནན་བཤད་གནང་། ཁོང་གིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་མྱོང་བའི་ཀྲེ་ཅང་ཞིང་ཆེན་གྱིས་མིག་སྔར་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ནས་རྒྱལ་ཡོངས་སུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱས་ནས་མཉམ་དུ་ཕྱུག་འགྱུར་གྱི་ལམ་བུ་འཚོལ་ཞིབ་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད། “རིམ་བཞིན་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་བྱ་དགོས”ཞེས་པ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་ཏང་གི་སྒྲིག་ཡིག་ནང་བཀོད་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། མཉམ་དུ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་པར་མི་གཅིག་ཀྱང་རྗེས་སུ་ལུས་མི་རུང་ལ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་མེད་མི་རུང་། ཀྲུང་གོར་མི་རིགས་ང་དྲུག་ཡོད་ལ། ལོ10ཡི་རིང་། ཞི་ཅིན་ཕིང་མི་རིགས་ས་ཁུལ་དུ་ཐེངས་མང་ཕེབས་ཏེ་མི་རིགས་སོ་སོ“སེ་འབྲུ་ལྟར་དམ་པོར་འབྲེལ་དགོས”བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་ཞེས་རྒྱུན་དུ་དེ་ལྟར་གསུངས་བཞིན་ཡོད།
2022ལོའི་ཟླ7ཚེས13ཉིན། ཞི་ཅིན་ཕིང་གིས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ཐེན་ཧྲན་ཆུའུ་ཀུའུ་ཡོན་སྲང་ལམ་སྡེ་ཁུལ་དུ་གཟིགས་ཞིབ་མཛད་སྐབས། རིགས་སོ་སོའི་མང་ཚོགས་ལ་ཕྱག་བརྡ་གནང་ནས་གུས་འདུད་ཞུས། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཡན་ཡན་གྱིས་པར་བླངས།
ལོ10ཡི་རིང་ལ།ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལོ་རྒྱུས་རང་བཞིན་དང་། དཀྱོག་མཚམས་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ཡོད། ཞི་ཅིན་ཕིང་གིས་བཏོན་པའི“ཐཱན་གཉིས”དམིགས་འབེན་ལས་ཀྲུང་གོ་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ཁྲོད་ཞུགས་པའི་བློ་སྤོབས་མངོན་ཡོད། ཁོང་གིས་འབྲི་ཆུའི་འབབ་རྒྱུད་ཀྱི་གཙོ་གནད་ཆུ་ཁོངས་སུ་ལོ་བཅུའི་རིང་ཉ་འཛིན་མི་ཆོག་པའི་བཀོད་སྒྲིག་གནང་བར་མ་ཟད། ཆུ་དཔོན་ལམ་ལུགས་བཙུགས་ནས་རྒྱལ་ཡོངས་ཀྱི་ཆུ་བོ་ཚང་མར“བདེ་ཐང་ལྟ་སྲུང་པ”ཡོད་པར་བྱ་རྒྱུའི་བཀོད་སྒྲིག་ཀྱང་གནང་བ་རེད། སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་པ་དང་ཆབས་ཅིག་དོམ་ཁྲ་དང་གཙོད། གསའ་སོགས“འཇིག་ཉེན་ཡོད་པའི”མིང་བྱང་མེད་པར་བཟོས།
པེ་ཅིན་དུ་སྐབས་ཤིག་རིང་རླུང་ཁམས་ཆེན་མོའི་སྦགས་བཙོག་ཚབས་ཆེ་བ་རེད། ཞི་ཅིན་ཕིང་གིས་དུས་ཚོད་རེ་ཞིག་ལ་ཁོང་ཉིན་རྒྱུན་ཞོགས་པར་མལ་ལས་བཞེངས་རྗེས་ཀྱི་ལས་ཀ་དང་པོ་ནི་མཁའ་རླུང་གི་སྤུས་ཀ་ཅི་འདྲ་ཡིན་པར་ལྟ་རྒྱུ་དེ་ཡིན་ཞེས་གསུངས་མྱོང་། ཁོང་གིས་ཀྲུང་གོའི་འགོ་ཁྲིད་དེ་སྔར་བྱུང་མ་མྱོང་བའི་ནུས་ཤུགས་ཆེན་པོར་བརྟེན་ནས་རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱས། ད་ལྟ་པེ་ཅིན་གྱི་མཁའ་དབུགས་ཀྱི་སྤུས་ཚད་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ཡོད་པར་མ་ཟད། རྒྱལ་ཡོངས་ཀྱི་མཁའ་དབུགས་ཀྱང་ཇེ་ལེགས་སུ་སོང་ཡོད། ཀྲི་ཅ་ཀི་སློབ་ཆེན་ནུས་རྒྱུའི་སྲིད་ཇུས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་སྙན་ཞུ་ཞིག་ལས2013ལོ་ནས2020ལོའི་བར་ཀྲུང་གོས་མཁའ་དབུགས་ཀྱི་སྦགས་བཙོག་དངོས་པོའི་གར་ཚད40%ཙམ་ཇེ་ཉུང་དུ་བཏང་ཡོད། གལ་ཏེ་འཕེལ་ཕྱོགས་འདི་རྒྱུན་མཐུད་ཐུབ་ཚེ་རྒྱལ་དམངས་ལ་ལོ་གཉིས་ཀྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ཇེ་རིང་དུ་གཏོང་ཐུབ་ཅེས་བཀོད་ཡོད།
ཞི་ཅིན་ཕིང་གིས་སྔ་མོ་ནས་ཚན་རྩལ་གསར་སྐྲུན་གྱི་འགག་རྩའི་ནུས་པར་ངོས་འཛིན་གནང་ཡོད་པར་མ་ཟད། དེའི་ཆེད་དུ་སེམས་ཤུགས་ཧ་ཅང་ཆེན་པོ་བཏོན་ཡོད། ཀྲིན་ཏེན་རུ།དེ་སྔའི་རྒྱང་བསྒྲགས་ས་ཚིགས་ཀྱི་ལས་བཟོ་བ་ཞིག་གིས་ལས་ཁུར་དགོངས་ཞུ་བྱས་ཏེ་བཟོ་གྲྭ་བཙུགས་པ་དང་། རང་འགུལ་སྒོས་སྒྲ་གདངས་འགྱུར་ལྡོག་ལ་དབྱེ་འབྱེད་ཐུབ་པའི་གར་སྟེགས་གློག་འོད་སྒྲིག་ཆས་གསར་པ་ཞིག་ཞིབ་བཟོ་བྱས་པ་རེད། ཞི་ཅིན་ཕིང་གིས་ཁོ་ལ“རྫོང་ཏང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གྱི་བྱ་དགའ”ཞེས་བྲིས་ཡོད་པའི“རང་སྦྱོང་བྱས་ནས་འཇོན་མིར་འགྱུར་བའི་བྱ་དགའ”གནང་པར་མ་ཟད། ཁོང་སྐུ་དངོས་སུ་ཐོན་རྫས་ཀྱི་ཚོང་ལམ་འབྱེད་རོགས་ཀྱང་མཛད།
ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་རྗེས་ཚན་རྩལ་གསར་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཕྱོགས་ཡོངས་ཀྱི་གོ་གནས་གཙོ་བོར་བཞག་ནས། “ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ”དང་། “གསར་སྐྲུན་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ”ནན་གསུང་གནང་སྟེ། འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་དམིགས་འབེན་བཏོན་པ་རེད། ཁོང་གིས་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ལ་གཙོ་སྐྱོང་གནང་བ་དང་ཆེད་མཁས་པ་གདན་དྲངས་ནས་མིའི་ཐབས་ཀྱི་རིག་ནུས་དང་། གཞི་གྲངས་ཆེན་མོ། ཚད་རྡུལ་ཚན་རྩལ། ཁུལ་དུམ་སྦྲེལ་ཐག་སོགས་མདུན་གྲས་ཀྱི་ཚན་རྩལ་གྲོས་གཞི་འཆད་ཁྲིད་གནང་། ཁོང་གིས་མཁའ་སྐྱོད་ལྟེ་གནས་དང་། ཉིང་ལྷེབ་ཚན་ཞིབ་ཁང་། མྱུར་བགྲོད་ལྕགས་ལམ་བཟོ་སྐྲུན་སྒྲིག་སྦྱོར་འཁོར་ཁང་བཅས་ལ་རྟོགས་ཞིབ་གནང་བར་མ་ཟད། འགག་རྩའི་ལྟེ་བའི་ལག་རྩལ་ནི་ཡོང་མི་ཐུབ་པ་དང་། ཉོ་མི་ཐུབ་པ། སློང་མི་ཐུབ་པ་བཅས་ཡིན་པས་ངེས་པར་དུ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་ཞེས་གསུངས་པ་རེད།
འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི《2022ལོའི་གོ་ལ་ཧྲིལ་པོའི་གསར་སྐྲུན་སྟོན་གྲངས་སྙན་ཞུའི》ལས་ཀྲུང་གོ་ཨང11པར་སླེབས་པ་དེ་2012ལོ་དང་བསྡུར་ན་ཨང23ལ་འཕར་ཡོད། བསྡོམས་རྩིས་ལས་ད་དུང་ཀྲུང་གོའི་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་གྱི་གཏོང་སྒོ་དེ་ལོ་བཅུའི་སྔོན་གྱི་སྒོར་དུང་ཕྱུར་ཁྲི་གཅིག་ནས་སྒོར་དུང་ཕྱུར་ཁྲི2དང་སྟོང8བར་འཕར་སྣོན་བྱུང་ནས་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད་པ་མངོན་ཡོད།
ཞི་ཅིན་ཕིང་དང་དམག་དཔུང་བར་ལ་འབྲལ་ཐབས་མེད་པའི་འབྲེལ་བ་དམ་པོ་དང་བརྩེ་དུང་ཟབ་མོ་ཡོད། ཁོང་གིས“རྩ་སློག་རང་བཞིན”ཞེས་འབོད་པའི་དམག་དཔུང་བཅོས་སྒྱུར་ལ་གཙོ་ཁྲིད་གནང་སྟེ། མི་དམངས་དམག་དཔུང་མགྱོགས་མྱུར་སྒོས་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་སྐྲུན་པ་རེད། ཁོང་གིས་མཐོ་རིམ་དམག་དཔོན་བརྒྱ་ཕྲག་ཁ་ཤས་ཁྲིད་དེ་ཀུའུ་ཐན་དུ་ཡང་བསྐྱར་འཚམས་འདྲི་གནང་བ་དང་། “ཏང་གིས་མེ་མདར་བཀོད་འདོམས་བྱེད་པ”བསྐྱར་བསྒྲགས་གནང་ནས་དམག་དཔུང་གི་རིམ་གྲས་མཐོ་བ་དང་འབྲེལ་བ་ཡོད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཁག་གཅིག་ཞིབ་བཤེར་ཐག་གཅོད་གནང་བ་རེད། ཁོང་གིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། དམག་དོན་ཨུ་ཡོན་ལྷན་ཁང་གིས་སྤྱི་འདོམས་དང་། འཐབ་ཁུལ་གྱིས་གཙོ་འཐབ། དམག་རིགས་ཀྱིས་གཙོ་འཛུགས་བཅས་བྱེད་པའི་རྣམ་པ་གསར་པ་ཞིག་ཆགས་པར་བྱས་ཡོད། མི་དམངས་དམག་དཔུང་གིས་འཐབ་འཛིང་ནུས་ཤུགས་ཞེས་པའི་རྩ་བའི་ཚད་གཞི་ཁོ་ན་འདི་དམ་འཛིན་བྱས་ཏེ། མཉམ་འབྲེལ་དམག་འཐབ་ཀྱི་བཀོད་འདོམས་མ་ལག་དང་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་པ་དང་། “ཞི་བདེའི་སྐྱོན་བསགས”ཤུགས་ཆེན་པོས་ཡོ་བསྲང་བྱས་བ་རེད།
ཞི་ཅིན་ཕིང་གིས་ཐེངས་མང་པོར་དམག་གཟིགས་གནང་བ་རེད། ཁོང་གིས“དམག་འཐབ་བྱེད་ཐུབ་ན་དམག་འཐབ་རྒྱག་མཚམས་འཇོག་ཀྱང་ཐུབ”ཅེས་གསུངས་ཡོད། ལོ10ཡི་རིང་ཀྲུང་གོས་བཟོས་པའི་གནམ་གྲུ་འབབ་སའི་གྲུ་གཟིངས་གཉིས་མཚོ་ནང་དུ་བསྐྱོད་པ་དང་། རབས་ལྔ་པའི་དམག་འཐབ་གནམ་གྲུ་རྒོལ་གཏོར་རྟགས་ཅན20དངོས་སུ་འཕུར་སྐྱོད་བྱས་པ། ཤར་རླུང་རྟགས་ཅན17མདེལ་ལམ་འཕུར་མདའ་སྒྲིག་ཆས་འབོར་ཆེན་སྤྱད་པ་བཅས་ཀྲུང་གོ་མྱུར་ཚད་ལས་ཆེས་ཆེར་བརྒལ་བའི་མཚོན་ཆ་ཞིབ་འཇུག་དང་གསར་བཟོ་བྱེད་པའི་ཐད་མདུན་གྲལ་དུ་བསྐྱོད་ཡོད། ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་དམག་དཔུང་ལ་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་། མངའ་ཁོངས་གཅིག་གྱུར་དང་ཆ་ཚང་དུ་གཏོང་ཐུབ་པར་ཡིད་ཆེས་དང་ནུས་པ་ཡོད་ལ།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱུང་བར་འཐབ་ཇུས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་ཐུབ་པར་ཡིད་ཆེས་དང་ནུས་པ་ཡོད་ཞིང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་བྱས་རྗེས་སྔར་ལས་ཆེ་བ་འཇོག་པར་ཡིད་ཆེས་དང་ནུས་པ་ཡོད།
2019ལོའི་ཟླ12ཚེས17ཉིན། ཀྲུང་གོས་བཟོས་པའི་གནམ་གྲུ་འབབ་སའི་གྲུ་གཟིངས་ཐོག་མ་སྟེ་ཧྲན་ཏུང་དམག་གྲུ་ཧའེ་ནན་སན་ཡ་ཡི་དམག་དཔུང་གྲུ་ཁ་ཞིག་ནས་མཚོ་དམག་ལ་སྤྲད། ཞི་ཅིན་ཕིང་རྩིས་སྤྲོད་མཛད་སྒོར་ཞུགས་པར་མ་ཟད་དམག་གྲུའི་ཐོག་གཟིགས་སྐོར་གནང་། འདི་ནི་མཛད་སྒོ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་ཧྲན་ཏུང་དམག་གྲུའི་ཐོག་ཕེབས་ནས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིས་ཀང་གིས་པར་བླངས།
“ཞི་ཅིན་ཕིང་ནི་ཀྲུང་གོ‘སྟོབས་ཆེན་ཕྱོགས་སུ’འཁྲིད་མཁན་གྱི་འགོ་ཁྲིད་ཡིན།” “ཁོང་གིས་ཡུན་རིང་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་བཅད་ནས། ཕུགས་ལ་འབྲེལ་བ་ཡོད་པའི་དོན་ཆེན་དང་བྱ་བ་གལ་ཆེན་མང་པོ་བསྒྲུབས་ཡོད”། “ཁོང་གིས་བསྐྲུན་པའི་བྱས་རྗེས་དག་ནི་གསར་སྐྲུན་རང་བཞིན་དང་། དམིགས་བསལ་རང་བཞིན། འཛམ་གླིང་རང་བཞིན་བཅས་ལྡན་པ་ཞིག་རེད”ཅེས་རྒྱལ་ཁབ་ཕྱི་ནང་གི་མི་སྣས་འདི་ལྟརདཔྱད་བརྗོད་བྱེད་ཀྱིན་ཡོད།
《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་ནང་ཁོང་གིས་ཧུར་བརྩོན་རྒྱལ་སྐྱོང་གནང་བ་སྟེ “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པར་མཐུན་སྦྱོར་སྐུལ་འདེད་གཏོང་བར་འདུས་པའི་བསམ་གཞིག་དང་སྒྲུབ་སྟངས་ཕྱོགས་བསྡུས་མཛད་ནས། པོད་བཞི་པར་སྐྲུན་བྱས་ཡོད། ཞི་ཅིན་ཕིང་གིས་ཀྲུང་གོའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ནས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་བློ་གྲོས་བསྡུ་ལེན་བྱས་ཡོད། ཁོང་གིས“རྒྱལ་ཁབ་ཆེན་པོ་སྐྱོང་བར་ཐབས་དང་ཤེས་རབ་དགོས ”ཞེས་གསུངས་པ་དང་། རྒྱལ་ཁབ་ཀྱི་མདུན་ལམ་དང་མི་རིགས་ཀྱི་ལས་དབང་ལ་ཕྱོགས་པའི་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་སྔར་ལས་ཆེན་པོ་དགོས་པར་མ་ཟད། རྒྱལ་སྲིད་སྐྱོང་ལུགས་ཀྱང་བློ་ལ་ངེས་དགོས་ཞེས་བསྟན་ཡོད། ཁོང་གིས“གནམ་འོག་གི་རྩ་བ་རྒྱལ་ཁབ་ལ་ཐུག་པ་དང་རྒྱལ་ཁབ་ཀྱི་རྩ་བ་ཁྱིམ་ཚང་ལ་ཐུག་ཡོད”ཅེས་གསུངས་བའི་དོན་སྙིང་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་བདེ་ཚེ། གཞི་ནས་རྒྱལ་ཁབ་བདེ་ཞིང་མི་རིགས་བདེ་སྐྱིད་ཡོང་ཐུབ་པ་དེ་རེད།
ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཀྲུང་གོ་གུང་ཁྲན་ཏང་གི་མཛུབ་སྟོན་དགོངས་པར་དངོས་སུ་གཏན་འཁེལ་བྱས་པ་རེད། དགོངས་པ་འདི་མའོ་ཙེ་ཏུང་གི་དགོངས་པ་དང་། ཏིན་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱི་རྗེས་སུ་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ནང་བཀོད་པ་དང་། ཀྲུང་གོའི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་བྱ་གཞག་སྣ་ཚོགས་ཀྱི་མཛུབ་སྟོན་ཡིན།
《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དབྱིན་ཡིག་གི་པར་གཞི་བཟོ་བཅོས་བྱེད་མཁན་ཆེད་མཁས་པ་ཏ་ཝུའེ·ཧྥུའུ་ཀི་སེན་གྱིས་བཤད་རྒྱུར། དབུལ་ཐར་མཁྲེགས་གཏོར་ནས་སྦགས་བཙོག་འགོག་བཅོས་ཀྱི་བར་དང་། དེ་ནས“རྒྱུད་གཅིག་ལམ་གཅིག”གི་བར་བཅས་སུ་ཞི་ཅིན་ཕིང་གི་དགོངས་པ་དེ་ཁྱབ་ཁོངས་སོ་སོར་ཁྱབ་པ་དང་། རིམ་གྲས་སོ་སོ་ནས་བྱ་སྤྱོད་ཁྲོད་དོན་འཁྱོལ་བྱུང་སྟེ། འདས་ཟིན་པའི་ལོ་བཅུའི་ནང་ཀྲུང་གོར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བར་སྐུལ་འདེད་བཏང་ཡོད་ཟེར།
2016ལོར་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནས་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་སུ་གཏན་འཁེལ་གསལ་པོ་བྱས།
ཞི་ཅིན་ཕིང་གིས་གསུངས་དོན། “ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ནི་ང་ལ་མཚོན་ན་འགན་འཁྲི་ཞིག་ཡིན་པས། ངས་ཚེ་གང་གི་སེམས་ཤུགས་དང་ཚེ་སྲོག་ཡོད་ཚད་སྤྱད་དེ་ཏང་དང་མི་དམངས་ཀྱི་ཡིད་ཆེས་ལ་དྲིན་ལན་འཇལ་རྒྱུ་ཡིན་ལ། ཚེ་གང་བོར་འབད་འཐབ་ལྷོད་མེད་དང་། དཀའ་སྤྱད་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་གསུངས།
2014ལོའི་ཟླ3ཚེས17ཉིན། ཞི་ཅིན་ཕིང་གིས་ཧི་ནན་ཞིང་ཆེན་ལན་ཁའོ་རྫོང་དུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་རྟོགས་ཞིབ་དང་མཛུབ་སྟོན་གནང་སྐབས། བློ་མཐུན་ཅའོ་ཡུས་ལུའུ་ཡི་དྲན་གསོ་ཁང་ལ་གཟིགས་སྐོར་གནང་བ་རེད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིས་ཞུའེ་རིན་གྱིས་པར་བླངས།
ལོ5ཡི་རྗེས་སུ། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི《ཏང་གི་ལོ་བརྒྱའི་རིང་གི་འབད་འཐབ་གྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ནང་། ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་སུ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་གྱི་གོ་གནས་གཏན་འཁེལ་བྱས་པ་ལས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད་པ་བསྟན་ཡོད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་བལྟས་ན། བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་སུ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་གྱི་གོ་གནས་གཏན་འཁེལ་བྱས་པས། ཏང་གིས་ད་གཟོད་ཏང་གི་ཡུན་རིང་སྲིད་སྐྱོང་དང་། རྒྱལ་ཁབ་ཡུན་རིང་བདེ་འགོད། མི་དམངས་བདེ་སྐྱིད་བཅས་ལ་ཤུགས་རྐྱེན་ཐེབས་པའི་འབུར་ཐོན་གྱི་འགལ་བ་དང་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་དང་། ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་མེད་པར་བཟོས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པར་རྩ་བའི་ཐོག་ནས་འགན་ལེན་ཏན་ཏིག་བྱུང་ཡོད།
རིགས་པའི་གཞུང་ལུགས་ལས་རིགས་ཀྱིས་བལྟས་ན། ཞི་ཅིན་ཕིང་གིས་ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ཚན་རིག་དང་མཐུན་པའི་ལན་བཏབ་ཡོད་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་མ་འོངས་བའི་འཕེལ་རྒྱས་ཀྱི་འཆར་འགོད་གསར་བ་ཡང་རིས་སུ་བཀོད་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སིའི་རིང་ལུགས་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཡིན་པས། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་ཡོད།
ཀྲུང་གོའི་ལས་བྱེད་པ་དང་ཏང་ཡོན་ཚང་མས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་བྱེད་ཀྱིན་ཡོད། རྒྱལ་སྤྱིའི་ཐོག་ཏུ་ཡང་མཁས་པ་མང་པོས་དེར་ཞིབ་འཇུག་བྱེད་བཞིན་ཡོད། འཇར་མན་པེ་ལིན་ཕུའུ་ལུའུ་ཧྲི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཧྥུའར་ཁེར·ཆ་ཕུའུ་ཁི་ཡིས་བཤད་རྒྱུར། ཁོས《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དཔེ་དེབ་བཀླགས་པ་ན་དེའི་ཁྲོད་དུ་ཡིད་དབང་འགུག་པའི་བསམ་ཚུལ་མང་པོ་ཞིག་འདུག ཞི་ཅིན་ཕིང་གིས་ཀྲུང་གོའི་སྣེ་ཁྲིད་དེ་དེང་རབས་ཅན་དུ་བསྐྱོད་པ་ནི་ནུབ་ཕྱོགས་དང་མི་འདྲ་ཟེར། ནམ་ཞིག་མི་རྣམས་ཀྱིས་ཀྲུང་གོའི་བགྲོད་ལམ་གྱིས་མིའི་རིགས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་བའི་ཕྱོགས་སུ་བསྐྱོད་པར་ཁྲིད་སྟོན་བྱེད་རྒྱུ་ཡིན་པར་ངོས་འཛིན་ཐུབ་སྲིད་ཟེར།
གསུམ། ཉེན་ཁ་གོ་སྐབས་སུ་བསྒྱུར་ནས་བློ་རྩ་བརྟན་པོས་འགན་འཁྲི་ལག་ལེན་བྱས།
མི་རྣམས་ཞི་ཅིན་ཕིང་གི་སྙིང་རུས་དང་། སྤོབས་པ། བློ་བརྟན་འགྱུར་མེད་བཅས་ལ་ཧ་ལས་བཞིན་ཡོད། དཀའ་ངལ་གྱི་མདུན་དུ་ཁོང་གིས་ནམ་ཡང་ཕྱིར་བཤོལ་གཏན་ནས་མི་བྱེད་ལ། ཕུགས་བསམ་གྱི་ཆེད་དུ་ཁོང་གིས་ནམ་ཡང་རྒྱུན་འཁྱོངས་ལྷོད་མེད་གནང་གིན་ཡོད།
མཉམ་དུ་བྱ་བ་སྒྲུབ་མྱོང་པའི་མི་ཡིས་ཁོང་ལ་སྟོབས་ཤུགས་ཆེན་པོ་ཞིག་ཡོད་པར་འདོད། ཁོང་གིས་ཉམས་སད་མང་པོ་བརྒྱུད་མྱོང་ལ་ཁ་གཏད་འཇལ་བའི་ཉམས་མྱོང་ཡང་མང་པོ་བསགས་ཡོད། ཧྥུའུ་ཅན་དང་ཀྲེ་ཅང་། ཧྲང་ཧའེ་བཅས་སུ་འགན་བཞེས་སྐབས། ཁོང་གིས་རྒྱ་མཚོའི་རླུང་འཚུབ་ཐེངས་མང་ལ་ཁ་གཏད་འཇལ་བར་འགོ་ཁྲིད་གནང་བ་རེད། ཁོང་གིས་མཚན་མོར་མང་ཚོགས་རྣམས་གནས་སྤོ་བྱེད་པར་བཀོད་འདོམས་གནང་བར་བརྟེན། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚད་ངེས་ཅན་ཞིག་གི་སྟེང་ནས་ཇེ་ཉུང་དུ་བཏང་ཡོད།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་སྐབས། ཞི་ཅིན་ཕིང་གིས་གཙོ་བོ་པེ་ཅིན་ཨོ་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བ་དམ་འཛིན་གནང་ཞིང་། བྱ་བའི་ཐད་གནོན་ཤུགས་སྣ་ཚོགས་འཕྲད་མྱོང་བ་སྟེ། བུན་ཁྲོན་ས་ཡོམ་དང་། ལྷ་སའི“3·14”རྡུང་གཅོག་འཕྲོག་སྲེག་གི་དྲག་ཤུགས་དོན་རྐྱེན། དཔལ་འབར་བརྒྱུད་སྤྲོད་བྱེད་སྐབས་ཀྲུང་གོར་ངོ་རྒོལ་བྱེད་མཁན་སྟོབས་ཤུགས་ཀྱི་འགོག་རྐྱེན་ཐེབས་པ་བཅས་རེད། འོན་ཀྱང་མཇུག་མཐར་པེ་ཅིན་ཨོ་རྩལ་འགྲན་ཚོགས་དེ་ལོ་རྒྱུས་ཐོག་གི་ཆེས་ལེགས་འགྲུབ་བྱུང་བའི་ཨོ་རྩལ་འགྲན་ཚོགས་ཀྱི་གྲས་ཤིག་ཏུ་གྱུར། ལོ14ཡི་རྗེས་སུ་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་སྐབས་སུ་པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁ་ཤས་ཀྱིས་དེ་ལ“ཕྱི་འབྲེལ་གྱི་བཀག་འགོག”ཅེས་བརྗོད་མོད། འོན་ཀྱང་ཞི་ཅིན་ཕིང་གིས་ཀྲུང་གོའི་འགོ་ཁྲིད་དེ་འཛམ་གླིང་ལ་སྟབས་བདེ་དང་། བདེ་འཇགས། ངོ་མཚར་བཅས་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་ཕུལ་བ་རེད།
2022ལོའི་ཟླ2ཚེས4ཉིན། པེ་ཅིན་སྐབས་ཉེར་བཞི་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ར་བར་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་རྩོམ་པ་ཁྱབ་བསྒྲགས་གནང་བ་རེད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཡའེ་ཡའེ་བིས་ཀྱིས་པར་བླངས།
དུས་རབས་གསར་པར་སླེབས་པའི་ཀྲུང་གོར་ཛ་དྲག་ཆེ་ཞིང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་ཉེན་ཁ་དང་འགྲན་སློང་ཧ་ཅང་ཆེན་པོར་འཕྲད་ཡོད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས།” ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་ཞུའི་འཆར་ཟིན་འགོད་པར་གཙོ་སྐྱོང་གནང་སྐབས། ཁོང་གིས་ཆོད་གཏམ་འདི་ཁ་སྣོན་རྒྱག་རྒྱུའི་བླང་བྱ་གསལ་པོ་བཏོན་ཡོད།
ཁོང་གིས“ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ནི་ལས་སླ་པོར་བྱུང་བ་ཞིག་གཏན་ནས་མིན་ལ། རྔ་བརྡུངས་དར་འཕྱར་བྱས་ནས་མངོན་འགྱུར་ཐུབ་པ་ཞིག་ཀྱང་གཏན་ནས་མིན་པས། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར་ངེས་པར་དུ་རླབས་ཆེན་གྱི་འཐབ་རྩོད་བྱེད་དགོས། མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོར་འཕྲད་པའི་ཉེན་ཁ་དང་ཉམས་སད་དེ་སྔར་ལས་རྙོག་འཛིང་ཆེ་རུ་འགྲོ་བར་མ་ཟད། ཐ་ན་བསམ་ཡུལ་ལས་འདས་པའི་རྦ་རླབས་འཇིགས་སུ་རུང་བར་ཡང་འཕྲད་སྲིད”ཅེས་ཡང་ཡང་བསླབ་བྱ་གནང་བ་རེད།
2015ལོའི་ཡེ་མིན་གྱི་ཉམས་ཉེན་ཁྲོད་ཁོང་གིས་གནམ་གྲུ་དང་དམག་གྲུ་མངག་ནས་ཀྲུང་གོའི་ཕྱིར་སྡོད་རང་མི་ཕྱིར་འཐེན་བྱ་རྒྱུའི་མཛུབ་སྟོན་མཐའ་གཅིག་ཏུ་གནང་བ་རེད། དེའི་རྗེས་སུ་ཐེངས་དེའི་ཕྱིར་སྡོད་རང་མི་ཕྱིར་འཐེན་གྱི་བྱ་སྤྱོད་དེ་གློག་བརྙན་དུ་བསྒྱུར་ནས་བསྟན་པས་རྒྱལ་གཅེས་རིང་ལུགས་ཀྱི་ཚ་རླབས་ཤིག་འཕྱུར། ལོ་དེར་ཀྲུང་གོའི་རྐང་དངུལ་འཛིན་ལོར་གྱི་ཉོ་ཚོང་ཁྲོམ་ར་ཉམས་རྒུད་དུ་སོང་བ་དང་དངུལ་རྩའི་ཁྲོམ་རར་འགྱུར་ལྡོག་བྱུང་། ཞི་ཅིན་ཕིང་གིས་འགོ་ཁྲིད་དེ་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་དངངས་སྐྲག་གི་བསམ་ཚུལ་བཀག་འགོག་བྱས་ནས་མ་ལག་རང་བཞིན་གྱི་ཉེན་ཁ་དེ་སྔོན་འགོག་བྱས་པ་རེད།
སྐབས་ཤིག་རིང་ཞང་ཀང་གི་གནས་བབ་ཧ་ཅང་ཛ་དྲག་ཏུ་གྱུར་བ་དང་། ཀྲུང་གོར་ངོ་རྒོལ་དང་ཞང་ཀང་ལ་ཟིང་འཁྲུག་སློང་བའི་སྟོབས་ཤུགས་ཀྱིས་ཕྱིའི་དགྲར་འཛིན་སྟོབས་ཤུགས་དང་ངན་འབྲེལ་བྱས་ཏེ། ཁྲིམས་འགལ་གྱིས“ཞང་ཀང་གི་ལྟེ་གནས་ས་ཁུལ་བཙན་བཟུང”དང་ཁྲོམ་གཞུང་གི་ཟིང་འཁྲུག་སྐུལ་སློང་བྱས་ཤིང་། “དམངས་གཙོ”བརྩོན་ལེན་བྱ་རྒྱུར་ཁ་གཡར་ནས་རྒྱལ་ཁབ་ཁ་བྲལ་གཏོང་བ་དང་སྲིད་དབང་རྩ་སློག་གཏོང་བའི་དོན་དངོས་ལག་བསྟར་བྱས་ནས། ཞང་ཀང་དེ“ཚོན་མདོག་གསར་བརྗེ”ལག་བསྟར་བྱེད་པའི་ཟམ་སྣེའི་བཙན་རྫོང་ཞིག་ཏུ་འགྱུར་རྒྱུའི་རེ་ངན་བཅངས། ཞི་ཅིན་ཕིང་གིས་འགོ་ཁྲིད་དེ་རྩ་ལག་མཉམ་བཅོས་ཀྱི་“མཉམ་ཤུགས”ཆ་ཚང་ཞིག་བཏོན་པ་དང་། དེའི་ནང་ཞང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་བཟོ་བ་དང་ལག་བསྟར་བྱེད་པ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་དབང་ཆ་དོ་དམ་བྱེད་པ་དང“རྒྱལ་གཅེས་པས་ཞང་ཀང་སྐྱོང་བའི”རྩ་དོན་དོན་འཁྱོལ་བྱེད་པ། ཞང་ཀང་ཟང་ཟིང་ནས་བཅོས་སྐྱོང་བྱེད་པ་དེ་བཅོས་སྐྱོང་དང་དར་རྒྱས་སུ་འགྲོ་བའི་དུས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་རྒྱུ་བཅས་འདུས་ཡོད།
2022ལོའི་ཟླ7ཚེས1ཉིན། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོའི་ཐོག ཞི་ཅིན་ཕིང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་བཟང་པོ་འདི་ལྟ་བུར་འགྱུར་ལྡོག་གཏོང་བའི་རྒྱུ་མཚན་ཅི་ཡང་མེད་པས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུངས་བ་རེད།
འདི་ནི་ཞི་ཅིན་ཕིང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་པོ་ལིས་ཅ་ཁྲའོ་ཡིས་འགན་བཞེས་དམ་བཅའ་འཇོག་པའི་གནས་ཚུལ་རེད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།ཅུས་ཕིན་གྱིས་པར་བླངས།
2015ལོར་ཞི་ཅིན་ཕིང་དང་མ་དབྱིན་ཅིག་རྣམ་གཉིས་སིང་ཀ་ཕོར་ནས་ཐུག་འཕྲད་བྱུང་སྟེ། 1949ལོའི་ཚུན་དུ་མཚོ་འགག་འགྲམ་གཉིས་ཀྱི་འགོ་ཁྲིད་མི་སྣ་ཐེངས་དང་པོར་ཐུག་འཕྲད་བྱུང་བ་མངོན་འགྱུར་བྱུང་། 2016ལོར་དམངས་གཙོ་ཡར་སྐུལ་ཏང་སྲིད་སྟེགས་ཐོག་བུད་རྗེས“ཐའེ་ཝན་རང་བཙན”ལ་སྐུལ་འདེད་མཐའ་གཅིག་ཏུ་བཏང་བས། འགྲམ་གཉིས་ཀྱི་འབྲེལ་བར་གྱེན་ལྡོག་གི་གནོད་པ་ཚབས་ཆེན་བཟོས། ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཐའེ་ཝན་གནད་དོན་ཐག་གཅོད་བྱ་རྒྱུའི་སྤྱིའི་ཇུས་གཞི་བཏོན་པ་དང་། “ལམ་ལུགས་གཉིས”ཀྱི་ཐའེ་ཝན་ཇུས་གཞི་འཚོལ་ཞིབ་བྱ་རྒྱུ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། འགྲམ་གཉིས་ཀྱི་འབྲེལ་བའི་གཙོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་བློ་ལ་བརྟན་པོར་ཆུད་ཡོད། ཁོང་གིས་ནན་གྱིས་བསྟན་དོན། “ང་ཚོས་ལྷག་བསམ་རྣམ་དག་དང་འབད་བརྩོན་ཆེན་པོའི་ཐོག་ནས་ཞི་བདེ་གཅིག་གྱུར་གྱི་མདུན་ལྗོངས་བརྩོན་ལེན་བྱེད་པ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་མོད། འོན་ཀྱང་དྲག་ཤུགས་མི་སྤྱོད་པར་ཁས་ལེན་གཏན་ནས་མི་བྱེད་པར་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱོད་པའི་གདམ་ག་སོར་འཇོག་བྱ་རྒྱུ་ཡིན།
ད་ལོའི་ཟླ་བརྒྱད་པར་ཨ་རིའི་རྒྱལ་ཚོགས་ཀྲུང་དབྱི་ཡོན་གྲོས་ཁང་གི་འགོ་གཙོ་ཕེ་ལུའོ་ཞིས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ཐ་ཚིག་ནན་མོ་སྣང་མེད་དུ་བཞག་ནས་ཐའེ་ཝན་དུ་འཚམས་འདྲིར་བསྐྱོད་པས་ཐའེ་ཝན་གྱི་གནས་བབ་ཛ་དྲག་ཏུ་གྱུར། ཐའེ་ཝན་གླིང་ཕྲན་ཉེ་འཁོར་གྱི་མཚོ་ཐོག་དང་མཁའ་དབྱིངས་སུ་བཅིངས་འགྲོལ་དམག་གིས་གཞི་ཁྱོན་སྔ་ན་མེད་པའི་དངོས་འཐབ་ཅན་གྱི་མཉམ་འབྲེལ་ནང་སྦྱོང་བྱས་ནས། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་སྟོབས་ཤུགས་དང་ཨ་རི་དང་ཐའེ་ཝན་གཉིས་ཀྱིས་ངན་འབྲེལ་སྒོས་འཁྲུག་རྐྱེན་བསྟུད་མར་བསླངས་པར་ཟིལ་ཤུགས་ཆེན་པོ་ཐོན་ཡོད། ཀྲུང་གོ་གཅིག་གི་རྩ་དོན་དེ་སྔར་ལས་ཁྱབ་ཆེ་བའི་རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད།
རང་བྱུང་གནོད་འཚེ་ཚབས་ཆེན་བྱུང་ཐེངས་རེར་ཞི་ཅིན་ཕིང་གིས་འཕྲལ་དུ་མཛུབ་སྟོན་གནང་ནས། ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱེད་དགོས་པའི་ཐུགས་རེ་བཏོན། ཁོང་ཉིད་གནོད་འཚེ་ཐེབས་པའི་ཡུལ་དངོས་སུ་ཐེངས་མང་ཕེབས་ནས་མང་ཚོགས་ལ་འཚམས་འདྲི་དང་གནོད་འགོག་རྒུད་སྐྱོབ་ཀྱི་ལས་དོན་ལ་བཀོད་འདོམས་གནང་བ་དང་། 2018ལོར་ཀྲུང་གོས་འཕྲལ་སྡོམ་དོ་དམ་པུའུ་བཙུགས། ཞི་ཅིན་ཕིང་གིས་གསུངས་དོན། “རྒྱལ་ཁབ་གཅིག་གི་ལམ་ལུགས་ལེགས་འགྲུབ་བྱུང་མིན་དང་ཁྱད་དུ་འཕགས་པ་ཡིན་མིན་ལ་བསྡུར་ཞིབ་བྱེད་པའི་ཕྱོགས་གལ་ཆེན་ཞིག་ནི་ཉེན་ཁ་དང་འགྲན་སློང་གལ་ཆེན་གྱི་མདུན་དུ། ཕྱོགས་སོ་སོར་བཀའ་བརྡ་གཏོང་བ་དང་། ཕྱོགས་ཡོངས་རྩ་འཛུགས་བྱས་ནས་མཉམ་དུ་ཁ་གཏད་འཇལ་ཐུབ་མིན་ལ་བལྟ་དགོས། ལོ10ཡི་རིང་ཀྲུང་གོའི་རང་བྱུང་གནོད་འཚེ་ཡོད་ཚད་ལ་དུས་ཐོག་ཏུ་རོགས་སྐྱོབ་ཐོབ་པ་དང་གནོད་ཤུལ་བསྐྱར་སྐྲུན་ལས་དོན་གྱི་མྱུར་ཚད་དང་སྤུས་ཚད་ཀྱང་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།
ཞི་ཅིན་ཕིང་གིས་ཉིན་མཚན་ཀུན་ཏུ་སྤྱི་དོན་ལ་གཞོལ་ནས་ཧུར་བརྩོན་གྱིས་བྱ་བ་སྒྲུབ་བཞིན་ཡོད།ཁོང་གིས་སྔོན་ཆད་ཐེངས་ཤིག་ལ་རང་ཉིད“མཚན་གང་བོར་གཉིད་མ་ཁུག་པའི”མྱོང་བ་ཡོངས་བསྒྲགས་བྱས་མྱོངས་ཤིང་།དེ་ནི2020ལོའི་ཟླ་དང་པོའི་ཚེས་ཉེར་བཞི་ཉིན་ཏེ་ལུགས་རྙིང་གི་ལོ་གསར་ཚེས་སུམ་ཅུའི་ཉིན་རེད།ཉིན་དེར་ཀྲུང་གོ་བའི་ལོ་གཅིག་ནང་གི་མཉམ་འཛོམས་ཉིན་མོ་གལ་ཆེ་ཤོས་དེ་ཡིན་མོད།འོན་ཀྱང་ཝུའུ་ཧན་དུ་སྔར་བྱུང་མ་མྱོང་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བས། ཞི་ཅིན་ཕིང་མཚན་གང་བོར་གཟིམ་མ་ཐུབ་པ་དང་།ཕྱི་ཉིན་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་ཞིབ་འཇུག་བྱས་པ་དང་།དེ་སྔོན་ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་མི་སྣ་འགྲོ་འོང་དང་ཕྱི་ཕྱོགས་བགྲོད་ལམ་ལ་དོ་དམ་ཚོད་འཛིན་ལག་བསྟར་བྱེད་དགོས་པའི་གཏན་འབེབས་གལ་ཆེན་གནང་།
2020ལོའི་ཟླ3པའི་ཚེས10ཉིན་ཏེ།རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནད་འགག་སྐབས་སུ། ཞི་ཅིན་ཕིང་ཝུའུ་ཧན་དུ་ཕེབས་ནས་རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོར་རྟོགས་ཞིབ་གནང་ཞིང་།ཁོང་གིས་གཅིག་བསྡུས་བཅོས་སྐྱོབ་ས་ཚུགས་ཏེ་ཧོ་ཧྲིན་ཧྲན་སྨན་ཁང་དུ་ནད་པར་འཚམས་འདྲི་མཛད།ཁོང་གིས་སྡེ་ཁུལ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་གནས་ཚུལ་ལ་རྟོགས་ཞིབ་གནང་བ་མ་ཟད།ཝུའུ་ཧན་བས་ཉ་གསོན་པོ་ཟ་རྒྱུར་དགའ་པོ་བྱེད་པ་དང་ཆ་རྐྱེན་འཛོམས་པའི་གནས་ཚུལ་འོག་མཁོ་སྤྲོད་མང་ཙམ་རྩ་འཛུགས་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།
ཝུའུ་ཧན་དངོས་སུ“གློད་གྲོལ”བྱས་པའི་ཉིན་དེར། ཞི་ཅིན་ཕིང་གིས་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་གྱི་བྱ་བ་སྒྲུབ་མཁན་ཡོངས་ལ་འཕྲིན་ལན་ཞིག་བཏང་བ་དང་།འཕྲིན་ལན་གྱི་འགོ་བརྗོད་དུ“ང་ཝུའུ་ཧན་ནས་ཕྱིར་ལོག་རྗེས། རྒྱུན་པར་ཝུའུ་ཧན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སེམས་ཁྲལ་ཡོད་བྱེད་བཞིན་ཡོད”ཅེས་བྲིས་འདུག་ལ།ཉིན་དེར་ཝུའུ་ཧན་གྱི་སྡོད་དམངས་མང་པོ་ཞིག་ཉི་ཁྱམས་སུ་བསྐྱོད་དེ་རང་ཤུགས་ཀྱིས《ང་དང་ངའི་མེས་རྒྱལ》ཞེས་པའི་གླུ་གཞས་བཏང་།
ཞི་ཅིན་ཕིང་གིས་རིམས་ནད་ལ་འགོག་རྒོལ་བྱེད་པ་དེ་དམག་འཁྲུག་ཅིག་གི་དཔེ་རུ་བཀོད་ནས།ཀྲུང་གོས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་སྔོན་ལ་རིམས་ནད་ཚོད་འཛིན་བྱས་ཏེ་ཐོན་ལས་སླར་གསོ་བྱ་རྒྱུ་མངོན་འགྱུར་བྱུང་ཡོད།རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་རྒྱུན་རྣམ་ཅན་གྱི་དུས་མཚམས་སུ་སླེབས་པ་དང་། ཞི་ཅིན་ཕིང་གིས་འགོ་ཁྲིད་ནས“འགུལ་རྣམ་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ།ཀྲུང་གོར་ནད་འགོས་ཚད་དང་མི་ཤི་ཚད་ཧ་ཅང་དམའ་བའི་ཆུ་ཚད་དུ་རྒྱུན་འཁྱོངས་བྱས་ཡོད་ལ།2022ལོར་ཞི་ཅིན་ཕིང་གིས་ཡང་བསྐྱར“ཧྲང་ཧའེ་སྲུང་སྐྱོབ་དམག་འཐབ”ལས་རྣམ་པར་རྒྱལ་རྒྱུའི་བཀོད་སྒྲིག་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་རྒྱུར།ཀྲུང་གོའི་མི་འབོར་གྱི་གཞི་གྲངས་ཆེ་བས་གལ་སྲིད“ཐུན་མོང་རིམས་ཐར”དང“རིམས་ནད་རྒྱ་ཡན་དུ་གཏོང་བའི”སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་ལག་བསྟར་བྱས་ཚེ་མཇུག་འབྲས་ཧ་ཅང་ཚབས་ཆེན་འབྱུང་སྲིད།“གནས་སྐབས་ཤིག་ལ་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཅུང་ཙམ་ཐེབས་ནའང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་གནོད་འཚེ་ཕོག་ཏུ་མི་འཇུག་པ་དང་། ལྷག་པར་དུ་ལོ་ལོན་དང་བྱིས་པར་སྲུང་སྐྱོང་ཡག་པོ་བྱེད་དགོས།གལ་ཏེ་སྡོམ་རྩིས་ཤིག་བརྒྱབ་ནའང།ང་ཚོའི་རིམས་འགོག་བྱ་ཐབས་ནི་དཔལ་འབྱོར་ཆེ་ཤོས་དང་ཕན་འབྲས་ཡག་ཤོས་ཤིག་རེད།”དབྱིན་ཇིའི《རང་བྱུང་དང་གསོ་རིག》ཅེས་པའི་དུས་དེབ་ཐོག་ད་ལོའི་ཟླ5པར་ཞིབ་འཇུག་སྙན་ཞུ་ཞིག་སྤེལ་བའི་ནང་། གལ་སྲིད་ཀྲུང་གོས“འགུལ་རྣམ་གཙང་སེལ”གྱི་རྣམ་པ་དོར་ཚེ། ཡུན་ཐུང་གི་ཟླ་བ་ཁ་ཤས་ནང་གཏན་འཁེལ་བྱས་པའི་ནད་པ་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་གཉིས་ལྷག་གསར་དུ་ཐོན་ནས་མི་ས་ཡ་གཅིག་དང་འབུམ་ལྔ་ལྷག་ཙམ་རྐྱེན་ལམ་དུ་འཆོར་སྲིད་ཅེས་འཁོད་ཡོད།
2020ལོའི་ཟླ3པའི་ཚེས10ཉིན། ཞི་ཅིན་ཕིང་ཆེད་དུ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་རིམས་ནད་ཚོད་འཛིན་གྱི་བྱ་བར་རྟོགས་ཞིབ་བྱེད་པར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་དུ་རྟོགས་ཞིབ་བྱེད་སྐབས་ཁྱིམ་དུ་ལོགས་བཀར་བྱས་ཡོད་པའི་སྡོད་དམངས་ལ་ཕྱག་བརྡ་མཛད་ནས་འཚམས་འདྲི་ཞུ་བཞིན་པའི་ཚུལ་རེད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཤེ་ཧོན་ཁྲེ་ཡིས་པར་བླངས།
མིག་སྔར་འཛམ་གླིང་ཐོག་ཆེས་རྙོག་འཛིང་དང་ཆེས་གལ་ཆེ་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་སྟེ།ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུ་ནི་འདས་ཟིན་པའི་ལོ་ངོ་བཅུ་ཡི་ནང་། ཞི་ཅིན་ཕིང་གིས་སེམས་ཤུགས་གང་མང་བཏོན་མྱོང་བའི་ཞིབ་འཇུག་བྱ་གཞི་ཞིག་རེད།2018ལོའི་ཟླ3པར།སྐབས་དུས་ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་བརྗེད་བྱང་སྟེང་མིང་རྟགས་བཀོད་དེ།ཀྲུང་གོས་ནང་འདྲེན་བྱེད་པའི་ཚོང་ཟོག་ལ་གཞི་ཁྱོན་ཆེན་པོས་དཔྱ་ཁྲལ་བསྡུས་པར་མ་ཟད། ད་དུང་ཀྲུང་གོའི་ཁེ་ལས་ཀྱིས་ཨ་རིར་མ་འཇོག་བྱས་ནས་མཉམ་ཉོ་བྱེད་པར་ཚོད་འཛིན་བྱས་ཏེ་ཉོ་ཚོང་དམག་འཐབ་བསླངས་པ་རེད། ཞི་ཅིན་ཕིང་གི་འགོ་ཁྲིད་འོགཀྲུང་གོས“འཐབ་མི་འདོད་ཅིང་འཐབ་ལ་མི་སྐྲག་པ།དགོས་ངེས་ཀྱི་སྐབས་སུ་མི་འཐབ་ཐབས་མེད”ཀྱི་རྩ་དོན་དང་ཉམས་འགྱུར་ལ་བརྟེན་ནས་ཁ་གཏད་འཇལ།
ཞི་ཅིན་ཕིང་གིས་པུ་དབྱི་ནོ་སི་ཨེ་རི་སི་དང་ཏཱ་པན་ནས་ཐི་ལིང་ཕུའུ་དང་མཉམ་དུ་ཐུག་འཕྲད་གནང་ནས།ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀ་གདོང་གཏུག་དང་འགྲན་རྒོལ་གྱི་འོབ་ཏུ་མི་ལྷུང་པར་མཉམ་ལས་ནི་ཕྱོགས་གཉིས་ཀྱི་གདམ་ག་ཆེས་ཡག་ཤོས་རེད་ཅེས་གསུང་པ་རེད།ཞི་ཅིན་ཕིང་གིས་ཨ་རིའི་ད་ལྟའི་ཙུང་ཐུང་པའེ་ཏེང་དང་ཁ་པར་ཐེངས་གསུམ་ལ་བཏང་བར་མ་ཟད། ད་དུང་བརྙན་ལམ་ནས་མཇལ་འཕྲད་གནང་སྟེ་ཀྲུང་གོ་དང་ཨ་རིས་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་བྱེད་འོས་པ་དང་།ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་དང་གཟབ་ནན་ངང་བྱ་བ་བསྒྲུབ་དགོས་པར་གསུངས།
ཕྱི་ཕྱོགས་ཀྱི་གནོན་ཤུགས་ལ་གདོང་གཏོད་སྐབས། ཞི་ཅིན་ཕིང་གིས་ནན་གྱིས་གསུང་རྒྱུར། “བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ཡག་པོར་སྒྲུབ་དགོས།”ཀྲུང་གོས་མུ་མཐུད་དུ་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་།དུས་མཚུངས་སུ་བྱེད་ཐབས་སྣ་ཚོགས་སྤྱད་ནས་རྒོལ་ལན་དྲག་པོ་བསློགས་ཏེ།རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཕྱོགས་མང་རིང་ལུགས་ཧུར་ཐག་སྒོས་དར་སྤེལ་གཏོང་བ་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་ཕྱོགས་རྐྱང་རིང་ལུགས་དང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་དགོས།
ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐུན་འཇུག་གཏན་ནས་མེད་པར་འཐབ་རྩོད་བྱེད་པ་རེད།ཁོང་ཉིད་བྱ་བར་ཞུགས་པ་ནས་བཟུང་གནད་དོན་འདི་གཉིས་ལ་དགྲ་བོ་ལྟར་སྡང་སེམས་འཛིན་ངེས།ཐེངས་ཤིག་ཁོང་གིས་དབུལ་སྐྱོར་ལས་དོན་ཁྲོད་ཀྱི་དཔེ་འཇོག་དྲངས་ནས་སྐྱོན་བརྗོད་བྱས་དོན།དབུལ་ཕོངས་ས་ཁུལ་འགའ་རེས་ཐོན་ལས་འཕེལ་རྒྱས་གཏོང་བར་རྟོགས་དཔྱོད་ཞིབ་འཇུག་མི་བྱེད་པར་ཐབས་ཇུས་ཁོ་ནར་བརྟེན་པ་དང་།ན་ནིང་ལོར་དབུལ་ཕོངས་ཁྱིམ་ཚང་གིས་བྱ་གསོ་ར་བ་བཙུགས་དང་ད་ལོར་དབུལ་ཕོངས་ཁྱིམ་ཚང་གིས་ལུག་གསོ་སྤེལ་བྱེད་པ། སང་ལོར་དབུལ་ཕོངས་ཁྱིམ་ཚང་གིས་སྨན་རྩྭ་འདེབས་འཛུགས་བཅས་བྱས་པ་དང་།དབུལ་སྐྱོར་ལས་གཞི་དང་དབུལ་ཕོངས་ཁྱིམ་ཚང་གི་ཐོན་ལས་ཀྱི་དགོས་མཁོ་གཉིས་ཁ་ཐོར་ཚབས་ཆེན་དུ་གྱུར་ཡོད།
2013ལོའི་ཟླ་11ཚེས་3ཉིན་ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཆེན་ཤང་ཤིས་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཁུལ་ཧྭ་ཡོན་རྫོང་ཧྲི་པ་ཐུང་སྡེ་བའི་མེའོ་རིགས་སྡེ་མི་ཧྲི་པ་སན་གྱི་ཁྱིམ་དུ་ནང་མི་དང་གླེང་མོལ་མཛད་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལན་ཧུང་ཤན་གྱིས་པར་བླངས།
ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོར་བསླབ་འདོམས་གནང་དོན་སྔོན་དཔག་བྱེད་ཐུབ་པ་དང་སྔོན་དཔག་བྱེད་དཀའ་བའི་འགྱུར་ལྡོག་དང་དཀའ་སྡུག་སྣ་ཚོགས་ཀྱི་ཁྲོད་དུ།ང་ཚོའི་འཚོ་གནས་བྱེད་ཤུགས་དང་འགྲན་རྩོད་བྱེད་ཤུགས།འཕེལ་རྒྱས་གཏོང་ཤུགས།རྒྱུན་མཐུད་བྱེད་ནུས་བཅས་ཇེ་དྲག་ཏུ་བཏང་ནས།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཕེལ་རིམ་ཇེ་དལ་དུ་མི་འགྲོ་བ་དང་རྒྱུན་མི་འཆད་པར་འགན་ལེན་ཏན་ཏིག་བྱ་དགོས་པའི་བསླབ་བྱ་གནང་།
“ཏང་དང་མི་དམངས་ལ་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་འཐབ་རྩོད་བྱས་ནས་ཐོབ་པ་ཤ་སྟག་རེད།”ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་ནང་དོན་ཏང་གི་སྒྲིག་ཡིག་ནང་བཀོད།
2019ལོའི་ཟླ་གསུམ་པར། ཞི་ཅིན་ཕིང་གིས་སྐབས་དེའི་དབྱི་ཐ་ལིའི་གྲོས་ཚོགས་འོག་མའི་གྲོས་དཔོན་ཧྥེ་ཁོའོ་དང་མཇལ་འཕྲད་གནང་པ་རེད།ཧྥེ་ཁོའོ་ཡིས་ཞི་ཅིན་ཕིང་ལ་དྲི་བ་ཞིག་བཏོན་པ་སྟེ།“ཁྱེད་ཉིད་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་སྐབས་སེམས་ཁམས་ཅི་འདྲ་ཞིག་རེད”ཅེས་པར། ཞི་ཅིན་ཕིང་གིས་གསུང་རྒྱུར། “རྒྱལ་ཁབ་འདི་འདྲ་ཆེན་པོ་ཞིག་གི་ཡིན་པས་འགན་འཁྲི་ཧ་ཅང་ལྕི་བ་དང་ལས་ཀ་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། བདག་འཛིན་རིང་དུ་སྤང་ཤིང་དམངས་དོན་པང་དུ་ལེན་དགོས། ངས‘བདག་མེད’ཀྱི་བསམ་པ་ཞིག་གི་ངོས་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཆེད་དུ་རང་ཉིད་ལེགས་སྐྱེས་སུ་འབུལ་འདོད་ཡོད།”བདག་འཛིན་སྤོང་རྒྱུ་ནི་ཀྲུང་གོའི་སྤྱོད་བཟང་འདུན་ཆེའི་མི་སྣའི་སྲོལ་རྒྱུན་ཞིག་དང་སྙིང་སྟོབས་ཤིག་ཡིན་ལ།ཐུན་མོང་གི་ཕུགས་བསམ་གྱི་ཆེད་དུ་ཡོད་ཚད་བློས་གཏོང་རྒྱུའི་དམ་བཅའ་བཞག་ཡོད་པས། མི་སྒེར་གྱི་ཁེ་ཕན་གང་ལའང་བསམ་བློ་གཏོང་མི་སྲིད།
ཞི་ཅིན་ཕིང་ནི་སྒམ་ཞིང་བརླིང་ལ་ཞི་ཞིང་དུལ་བའི་མི་ཞིག་ཡིན།ལོ་ངོ་བཅུ་ཡི་ནང་། ཞི་ཅིན་ཕིང་གིས་ཐེངས་མང་པོར་ཨ་རིའི་སློབ་འབྲིང་སློབ་མ་དང་སློབ་ཆུང་སློབ་མ་ཚུད་པའི་དམངས་ཚོགས་ལ་ཡིག་ལན་བཏང་སྟེ། ཁོ་ཚོས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་ཕོ་ཉ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་སྔོན་ཆད་དུས་ཡུན་རིང་བོར་ཐའེ་ཝན་དང་ཁ་ཐག་ཉེ་བའི་ཧྥུ་ཅན་དང་ཀྲེ་ཅང་དུ་ལས་འགན་བཞེས་མྱོང་།ཁོང་དང་ཡུན་རིང་བོར་མཉམ་དུ་བྱ་བ་བསྒྲུབས་མཁན་གྱིས་ཁོང་ནི་ཐའེ་ཝན་གྱི་ཚོང་པ་དང་ཐའེ་ཝན་སྤུན་ཟླའི་སྙིང་ཉེ་བའི་གྲོགས་པོ་ཡིན་ཞེས་བརྗོད།ཞཱ་མཱན་དུ་མ་འཇོག་བྱས་པའི་ཐའེ་ཝན་གྱི་ཚོང་པ་ཞིག་གིས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་བུ་ལོན་འཇལ་ཐབས་བྲལ་ནས་འཚོ་བ་སྡུག་པོ་རོལ་དགོས་བྱུང་། ཞི་ཅིན་ཕིང་གིས་ཐེངས་མང་པོར་ཐའེ་ཝན་ཚོང་པ་དེ་དང་བཞུགས་མོལ་བྱས་ཏེ།ཁོ་ལ་འཕྲད་པའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཤིང་།ཐའེ་ཝན་ཚོང་པ་དེ་སེམས་འགུལ་ཐེབས་པའི་ངང་ནས་ཞི་ཅིན་ཕིང་གི་ཐུགས་ཁུར་ནི་ཁོས“ཚེ་གང་བོར་བརྗེད་པར་དཀའ་བ”ཞིག་ཡིན་ཞེས་བཤད་པ་རེད།
བསམ་འཆར་འདྲ་མིན་དང་ཐ་ན་སྐྱོན་བརྗོད་བྱེད་པར་ཡང་ཞི་ཅིན་ཕིང་གིས་བཟོད་སྒོམ་བྱེད་ངེས།ཞི་ཅིན་ཕིང་གིས་ཀྲིན་ཏེན་རྫོང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་སྐབས།ཞིང་སྡེའི་ན་གཞོན་ཞིག་གིས་བྲིས་པའི་སྐྱོན་བརྗོད་ཡི་གེ་ཞིག་ཁོང་གི་ཕྱག་ཏུ་འབྱོར་བ་དང་།ཡི་གེའི་ནང་དུ་རྫོང་ཏང་ཨུ་ཡིས་ཚོང་ཟོག་ཐོན་སྐྱེད་ལ་དམ་འཛིན་བྱེད་སྟངས་ནི་ཁ་བཤད་ཙམ་ལས་ལག་ལེན་དུ་བཏབས་པར་ཉུང་བ་མ་ཟད།ད་དུང་ཕྱོགས་བཞིའི་ཐད་ནས་རང་ཉིད་ཀྱི་ལྟ་བ་བཏོན་ཡོད། ཞི་ཅིན་ཕིང་ཐུགས་ཁྲོས་པ་ཕར་ཞོག་ད་དུང་དགོད་ཞོར་དུ“ན་གཞོན་འདི་ལ་ཆུ་ཚད་ཅུང་ཟད་ཡོད་པ་འདྲ།བསམ་ཚུལ་ཡང་ཕལ་ཆེར་འགྲིག་འདུགད་དུང་འཇོན་མི་ཞིག་ཀྱང་ཡིན་པར་སྙམ།”“ངས་མི་མངགས་ནས་རྟོགས་ཞིབ་ཅིག་བྱེད་དུ་འཇུགགལ་ཏེ་ན་གཞོན་འདི་དངོས་གནས་ཡག་པོ་འདུག་ན་ང་ཚོས་ཁོ་གདན་འདྲེན་ཞུས་ནས་སྡེ་བའི་ཚོང་ཟོག་ཐོན་སྐྱེད་དམ་འཛིན་བྱེད་དུ་འཇུག་རྒྱུ་ཡིན”ཞེས་གསུངས།སྤྱི་ཁྱབ་ཧྲུའུ་ཅི་ཡི་འགན་བཞེས་པའི་རྗེས་སུ། ཞི་ཅིན་ཕིང་གིས་ཏང་ནང་གི་མཐོ་རིམ་ལས་བྱེད་པས་དམངས་གཙོས་ཇུས་ཆོད་ལ་མཐོང་ཆེན་བྱེད་དགོས་པ་དང་།ནང་གྲོས་དང་གྲོས་བསྡུར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་གང་བསམ་ལྷུག་བརྗོད་དང་།སྐྱོན་བརྗོད་བྱས་ཆོག་ལ་ཐ་ན་ངོ་རྒོལ་ཡང་བྱས་ཆོག་སྟེ།བཤད་མཁན་ལ་ཉེས་པ་མེད་ཅེས་ནན་གསུང་གནང་།
པར་འདི་ནི་1983ལོར་ཧོ་པེ་ཞིང་ཆེན་ཀྲིན་ཏེན་རྫོང་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་པའི་ཞི་ཅིན་ཕིང་གིས་གནས་སྐབས་ཁྲོམ་གཞུང་ཐོག་སྒྲོག་རྩེ་བསྒྲིགས་ནས་མང་ཚོགས་ཀྱི་བསམ་འཆར་ལ་ཉན་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ།
ཞི་ཅིན་ཕིང་ནི་ཤེས་ལྡན་མི་སྣ་དང་རྩོམ་རིག་སྒྱུ་རྩལ་པར་གྲོགས་བསྒྲིག་པར་སྤྲོ་བ་ཡོད།ཤེས་ལྡན་ན་གཞོན་པ་ཡིན་པའི་སྐབས་ཤིག་ལ།ཞི་ཅིན་ཕིང་ལུའུ་ཡའོ་དང་མཉམ་དུ་ས་ཕུག་ཅིག་གི་ནང་དུ་བསྡད་མྱོངས་ཤིང་།སྐབས་དེར་ལུའུ་ཡའོ་ཡིས་ད་དུང《ཕལ་བའི་འཇིག་རྟེན》ཞེས་པ་བྲིས་མེད།ཁོང་གཉིས་ཀྱིས་རྩོམ་རིག་དང་མི་ཚེའི་སྐོར་ནས་མཚན་གང་བོར་གླེང་མོལ་མཛད་པ་དང་།ཁོང་གིས་ད་དུང་ཀྲིན་ཏེན་རྫོང་གི་རྩོམ་པ་པོ་ཅ་ཏ་ཧྲན་དང་མཛའ་བརྩེ་ཟབ་མོ་བཙུགས།1985ལོར། ཞི་ཅིན་ཕིང་གི་ལས་གནས་ཧྥུའུ་ཅན་དུ་སྤར་བ་དང་།ཁ་གྱེས་ཁར་ཞི་ཅིན་ཕིང་དང་ཅ་ཏ་ཧྲན་རྣམ་པ་གཉིས་ཀར་སེམས་འགུལ་ཚད་མེད་ཐེབས་བཞིན་སྤྱན་ཆབ་བཞུར་ཞིང་། ཕན་ཚུན་འབྲལ་མི་འདོད་པའི་འདང་བརྩེ་ཟབ་མོ་ནི་བརྗོད་ཐབས་བྲལ་བ་ཞིག་རེད།
ཞི་ཅིན་ཕིང་གིས་ཤེས་ལྡན་མི་སྣ་ནི་རྒྱལ་ཁབ་ཀྱི་རྒྱུ་ནོར་རྩ་ཆེན་ཡིན་ཞེས་གསུངས།ཁོང་གིས་དགེ་རྒན་ཆེན་མོ་བ་རྒན་གྲས་དང་སྒྱུ་རྩལ་པ་དག་ལ་འཕྲིན་ཡིག་བསྐུར་ཞིང་། ཐེངས་མང་པོར་མཐོ་རིམ་སློབ་གྲྭར་ཕེབས་ནས་ཤེས་ལྡན་མི་སྣ་ཚོ་དང་ལྷན་དུ་བགྲོ་གླེང་གནང་བ་རེད།པེ་ཅིང་སློབ་ཆེན་དུ་ཁོང་གིས་དགུང་ལོ་བརྒྱད་ཅུར་སོན་པའི་མཚན་ཉིད་རིག་པ་ཐང་དབྱི་ཅེ་དང་གསུང་གླེང་ལྷུག་པོ་གནང་བ་དང་།《རུའུ་ལུགས་དཔེ་ཚོགས》རྩོམ་སྒྲིག་བྱས་ཚུལ་སྐོར་ལ་རྒྱུས་ལོན་གནང་། ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པ་དང་།ཚོགས་འདུ་གྲོལ་རྗེས་རྩོམ་པ་པོ་དང་སྒྱུ་རྩལ་པ་སོགས་ལ་ཕྱག་འཇུ་གནང་ནས་གསུངས་གླེང་མཛད།
ཞི་ཅིན་ཕིང་གིས་སེམས་ཤུགས་ཆེན་པོ་བསྐྱེད་དེ་ལྗིད་རྫོབ་ཆེ་བའི་ལས་ཀ་སྒྲུབ་བཞིན་ཡོད།ཁོང་སྐུ་ན་གཞོན་པའི་སྐབས་སུ་ངལ་རྩོལ་ནང་ཞུགས་པར་བརྟེན་སྐུ་གཟུགས་ལེགས་པོ་ཡོང་བར་རྨང་གཞི་བརྟན་པོ་ཡོད།“ལུས་རྩལ་ལ་དགའ་མཁན”ཞིག་ཡིན་པའི་ཆ་ནས།ཁོང་གིས་རྐང་རྩེད་སྤོ་ལོ་དང་འཁྱགས་ཐོག་སྤོ་ལོ།རི་འཛེགས།ཆུ་རྐྱལ།རྫོག་འཛིང་སོགས་ལ་སྤྲོ་བ་རབ་ཏུ་རྒྱས་ཡོད།ཁོང་གིས་སྔར་བཞིན་ཁོམ་སྐབས་ཀྱི་དུས་ཚོད་སྤྱད་ནས་ཆུ་རྐྱལ་བྱེད་པ་དང་།ཆུར་རྐྱལ་ཐེངས་རེར་སྨི་སྟོང་གཅིག་ལྷག་ཙམ་ལ་རྐྱལ་བཞིན་ཡོད།ཁོང་གིས་ཛ་དྲག་གི་ལུས་རྩལ་འགྲན་བསྡུར་ཁྲོད་ནས་འགྲན་སློང་ལ་ཁ་གཏད་གཅོག་པའི་གནས་ལུགས་ཀྱང་རྟོགས་ཡོད།“ལུས་རྩལ་འགྲན་བསྡུར་དང་ལྷག་པར་དུ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཡིད་དབང་འཕྲོག་ཤུགས་ནི་སྔོན་དཔག་བྱེད་དཀའ་བ་ཞིག་རེད”ཅེས་གསུངས་པ་དང་།ཁོང་གིས་དཔལ་འབྱོར་ལས་དོན་དེ་ཆུ་ཚད་མཐོ་བའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བཞིན་མི་སྒེར་གྱི་ལག་རྩལ་ཁོ་ན་བརྟེན་མི་རུང་བར་སྔ་གཞུག་དང་གཡས་གཡོན་བཅས་ཕྱོགས་ཧྲིལ་བོར་བརྟེན་དགོས་པའི་བླང་བྱ་བཏོན།
བཞི།འཛམ་གླིང་སྔར་ལས་ཕན་ཚུན་དམ་པོར་འབྲེལ་ཐུབ་པར་བྱ་དགོས།
ཞི་ཅིན་ཕིང་སྐུ་ན་གཞོན་པའི་དུས་ནས་བཟུང་།འཛམ་གླིང་གི་སྣ་མང་ཕུན་སུམ་ཚོགས་པ་དང་མིའི་རིགས་ཀྱི་རྣམ་པ་འདྲ་མིན་སྣ་ཚོགས་ལ་སྤྲོ་བ་ཆེན་པོ་ལྡན།ཁོང་གིས་ཧྲའན་པེ་ཡི་ཞིང་སྡེར་ལས་དོན་བསྒྲུབས་སྐབས་འཛམ་གླིང་གི་བརྩམས་ཆོས་གྲགས་ཅན་འབོར་ཆེན་ཞིག་བཀླགས་ཤིང་། ཐེངས་ཤིག《ཧྥུའུ་ཧྲི་ཏེ》ཅེས་པའི་དཔེ་དེབ་ཅིག་གཡར་བར་སྤྱི་ལེ་སུམ་ཅུའི་ལམ་ཐག་བརྒྱུད་པ་རེད། །ཁོང་གིས་ཧྲ་ཧྲི་པི་ཡའི་འཁྲབ་གཞུང་བཀླགས་ནས།རྒྱུན་པར་མིའི་རིགས་ཀྱི་ཡོངས་ཁྱབ་གནད་དོན་ཏེ“འཚོ་གནས་སམ་ཡང་ན་རྩ་མེད་གཏོང་བ”སྐོར་ལ་བསམ་གཞིག་བྱས།ཁོང་གིས་ས་ཕུག་ནང་དུ་རྡོ་སྣུམ་འོག་ཏུ《མ་རྩའི་རྣམ་བཤད》ཞེས་པ་ཐེངས་གསུམ་ལ་བཀླགས་ཤིང་།དེབ་བཅོ་བརྒྱད་ཀྱི་དཔེ་ཀློག་ཟིན་བྲིས་བཀོད།ཁོང་གིས“མར་ཁེ་སི་རིང་ལུགས་ནི་རྒྱ་ཆེ་ཞིང་གཏིང་ཟབ་ལ།མཐར་གཏུགས་ཚིག་གཅིག་ཏུ་བསྡུས་ནས་བཤད་ན་མིའི་རིགས་ཀྱི་ཆེད་དུ་བཅིངས་འགྲོལ་བརྩོན་ལེན་བྱ་རྒྱུ་དེ་ཡིན”ཞེས་བསྟོད་བསྔགས་གནངས།
བསམ་གཞིག་དེ་དག་ཁོང་གིས་ལོ་བཅུའི་རྗེས་སུ་བཏོན་པའི“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི”འདུ་ཤེས་དང་མཉམ་འདྲེས་བྱུང་ཡོད།ཁོང་གིས“མིའི་རིགས་ཀྱིས་སའི་གོ་ལའི་གྲོང་ཚོ་གཅིག་ཏུ་འཚོ་བ་སྐྱེལ་བཞིན་ཡོད་ཅིང་།ལོ་རྒྱུས་དང་དངོས་ཡོད་འབྲེལ་མཚམས་ཀྱི་ཡུལ་དུས་གཅིག་གི་ནང་འཚོ་བ་སྐྱེལ་བཞིན་ཡོད་པས་སྔར་ལས་ཕན་ཚུན་དབྱེར་མེད་དུ་འདྲེས་ནས་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཏུ་འགྱུར་བཞིན་ཡོད”ཅེས་གསུངས།
ཁོང་གིས་མིའི་རིགས་ཀྱི་དཔལ་ཡོན་གྱི་སྣ་མང་རང་བཞིན་ལ་བསྔགས་བརྗོད་བྱས་ནས་འཛམ་གླིང་གི་དཔལ་ཡོན་གྱི་མེ་ཏོག་ལྡུམ་རའི་བཀྲག་མདངས་འཚེར་ཏུ་འཇུག་དགོས་པ་དང་།སྣ་མང་རང་བཞིན་མེད་ན་མིའི་རིགས་ཀྱི་དཔལ་ཡོན་ཡོད་མི་སྲིད་ཅེས་གསུངས།ཀྲུང་གོའི་ཕུགས་འདུན་ནི་ཀྲུང་གོ་མི་དམངས་ཀྱིས་བདེ་སྐྱིད་དོན་གཉེར་བྱེད་པའི་ཕུགས་འདུན་ཡིན་ལ།རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་ཕུགས་འདུན་དང་དམ་པོར་འབྲེལ་ཡོད།ཁོང་གིས་བསྟན་དོན།ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དོ་ཁུར་བྱས་ནས“མིའི་རིགས་ཡར་རྒྱས་དོན་གཉེར་དང་འཛམ་གླིང་ལ་སྤྱི་སྙོམས་ཆེན་པོ་དོན་གཉེར་བྱེད་དགོས།”
ཞི་ཅིན་ཕིང་གིས1979ལོར་སྐབས་དེའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀེང་པེའོ་ཕེབས་རོགས་བྱས་ཏེ་ཡོ་རོབ་བྱང་མར་འཚམས་འདྲི་གནང་བ་རེད།ནོར་ཝེ་རུ་ཁོང་ཉིད་ས་གནས་དེ་གའི་དམངས་ཚོགས་ཕལ་བའི་ཁྱིམ་ཚང་དུ་འཚམས་འདྲིར་ཕེབས་པ་དང་།ནོར་ཝེའི་དར་རྒྱས་ཆེ་བའི་ཕན་བདེའི་སྤྱི་ཚོགས་ལ་བག་ཆགས་ཟབ་མོ་ཡོད།1985ལོར་ཀྲིན་ཏེན་རྫོང་ཏང་ཨུའི་ཧྲུའུ་ཅི་ཡིན་པའི་ཞི་ཅིན་ཕིང་ཨ་རིར་ཞིང་ལས་ལ་རྟོགས་ཞིབ་གནང་བར་ཕེབས་ཤིང་།ཁོང་ས་གནས་དེ་གའི་་ཁྱིམ་ཚང་ཞིག་ཏུ་བཞུགས་ཏེ་ཁང་བདག་གི་བུའི་ཉལ་ཁང་དུ་གཟིམས་ཤིང་།《སྐར་མཚམས་མཁའ་འགྲུལ》ཞེས་པའི་རྩེད་ཆས་ཅི་དགར་རོལ་བ་དང་།ཁོང་གིས་སྐབས་དེའི་བརྒྱུད་རིམ་ཕྱིར་དྲན་བྱེད་ཞོར་གསུང་རྒྱུར།མངོན་གསལ་དོད་པའི་བག་ཆགས་ཤིག་ནི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཐུན་མོང་གི་སྐད་ཆ་ཧ་ཅང་མང་པོ་ཡོད་པས་གཉིས་ཕན་མཉམ་ལས་ཀྱི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོར་འགྱུར་ཐུབ་ངེས་རེད་ཅེས་གསུངས་པ་རེད།
ཨ་རིར་འཚམས་འདྲི་ཐེངས་བརྒྱད་ལ་ཕེབས་པ།དུས་རབས་གོང་མའི་ལོ་རབས་དགུ་ཅུ་པར་ཁོང་ལ་སྣེ་ལེན་བྱས་མྱོང་བའི་ཕྱི་འགྲིམ་སློབ་མ་ཞིག་གིས་ཕྱིར་དྲན་བྱས་ཏེ་བཤད་རྒྱུར།ཆེད་ལས་ཀྱི་ངོ་སྤྲོད་ཚོགས་འདུ་འགའི་སྟེང་། ཞི་ཅིན་ཕིང་གིས་ཧ་ལམ་མགོ་ནས་མཇུག་བར་ཟིན་བྲིས་འགོད་པར་མ་ཟད།དྲི་བ་འདོན་རྒྱུར་ཧ་ཅང་དགའ་པོ་འདུགདེ་རྗེས་ཀྱི་ལོ་འགའི་ནང་།ཕྱི་འགྲིམ་སློབ་མ་འདི་ལ་ལོ་རེའི་དཔྱིད་གསར་དུས་ཆེན་སྐབས་སུ་ཞི་ཅིན་ཕིང་གིས་ལོ་གསར་ཤིས་བྱང་བསྐུར་ཡོང་བ་རེད།ཞི་ཅིན་ཕིང་ནི་ཨ་རིའི་ཡུལ་དངོས་ནས་ཨ་རིའི་ལས་རིགས་ལྒང་ལི་(NBA)འགྲན་བསྡུར་ལ་གཟིགས་མཁན་གྱི་ཀྲུང་གོ་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་པོ་ཡིན།ཀུའུ་པར་འཚམས་འདྲི་མཛད་སྐབས།ཁོང་ད་དུང་ཆེད་དུ་ཧའེ་མིང་ཝུའེ་ཡིས《བགྲེས་པོ་དང་མཚོ་མོ》ཞེས་པ་རྩོམ་སའི་ཟམ་པའི་འགྲམ་དང་རྒྱུན་པར་འགྲོ་སའི་ཆང་ཁང་དུ་ཕེབས་ནས་ཨ་རིའི་རྩོམ་པ་པོ་ཁོང་གི་རྩོམ་འབྲི་གནང་སྐབས་ཀྱི་བསམ་པའི་འཇིག་རྟེན་དང་ཡུལ་ལྗོངས་ཀྱི་རྣམ་པར་ཉམས་ཞིབ་གནང་བ་རེད།
ཞི་ཅིན་ཕིང་གིས2013ལོ་ནས་བཟུང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་ཐེངས་བཞི་བཅུ་ལྷག་ལ་མཇལ་འཕྲད་གནང་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཇེ་བཟང་དང་ཇེ་བརྟན།བརྟན་འཇགས་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་གནངས་ཏེ།ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་པར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་བཏང་ཡོད།ཀྲུང་གོ་དང་ཨུ་རུ་སུའི་ཉོ་ཚོང་བསྡོམས་འབོར་དེ2012ལོའི་ཨ་སྒོར་དུང་ཕྱུར881ནས2021ལོའི་ཨ་སྒོར་དུང་ཕྱུར1468བར་འཕར་ཡོད།རྒྱལ་ཁབ་གཉིས་ཀྱིས་ཀྲུང་ཨུའི་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་སྦུག་ལམ་དང་།ཐེན་དབན་དང་ཞུས་ཏ་པའོ་ཉིང་རྡུལ་གློག་ཁང་སོགས་ནུས་རྒྱུའི་རྣམ་གྲངས་གལ་ཆེན་སྐོར་ཞིག་མཉམ་ལས་འཛུགས་སྐྲུན་བྱས་པར་མ་ཟད།རྒྱལ་སྤྱིའི་ཟླ་བའི་གོ་ལའི་ཚན་ཞིབ་ས་ཚིགས་ཀྱི་མཉམ་ལས་ཀྱང་བྱེད་འགོ་ཚུགས་ཡོད།
ཞི་ཅིན་ཕིང་གིས་དཔེ་གསར་ཅན་གྱི་རྒྱལ་ཁབ་ཆེན་པོར་འབྲེལ་བ་འཛུགས་འདོད་ཡོད།ཀྲུང་གོ་ཁ་གཏད་དུ་ལངས་པ་དང་མནའ་འབྲེལ་བྱེད་པའི་བསམ་ཕྱོགས་རྙིང་པ་ལས་བརྒལ་ནས་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བའི་དྲ་རྒྱ་བཏོད་ཡོད། ཞི་ཅིན་ཕིང་གིས་གསུངས་རྒྱུར།ལུས་པོ་དུས་རབས་ཉེར་གཅིག་པར་སླེབས་ཀྱང་ཀླད་པ་ད་དུང་འཇམ་འཐབ་ཀྱི་བསམ་གཞིགས་དང་རྒྱལ་ཕམ་འགྲན་རྩོད་ཀྱི་དུས་རབས་རྙིང་པར་གནས་མི་རུང་།
ཀྲུང་གོ་ནི་འཛམ་གླིང་ཐོག་ཁྱིམ་མཚེས་རྒྱལ་ཁབ་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན།ཞི་ཅིན་ཕིང་གིས་གསུངས་རྒྱུར།“ཁྱིམ་མཚེས་བཟང་པོ་གསེར་གྱིས་མི་ཁུག”ཁོང་གིས་ཧ་ལམ་མཐའ་འཁོར་གྱི་རྒྱལ་ཁབ་ཚང་མར་འཚམས་འདྲི་གནང་ནས་མཛའ་བརྩེ་དང་ལྷག་བསམ།ཕན་འདོགས།ཁོང་ཡངས་བཅས་ཀྱི་འདུ་ཤེས་ལ་བརྟེན་ནས་མཐའ་འཁོར་རྒྱལ་ཁབ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ།རང་ངོས་འཕེལ་རྒྱས་ཀྱིས་མཐའ་འཁོར་རྒྱལ་ཁབ་ལ་ཕན་པ་དེ་བས་ལེགས་པ་ཐོབ་རྒྱུར་འབད་བརྩོན་བྱེད་དགོས་པར་བསྟན།།
ཞི་ཅིན་ཕིང་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་སྲོལ་རྒྱུན་གྱི་མཛའ་བཤེས་རྒྱུན་མཐུད་བྱེད་པར་མཐོང་ཆེན་བྱས།ཁོང་ཐེངས་གཉིས་ལ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་རྗེས་ཐོག་མར་འཚམས་འདྲི་གནང་བར་ཕེབས་ཤིང་། དེའི་ཁྲོད་ཨ་ཧྥེ་རི་ཁ་འདུས་ཡོད།2013ལོར་ཁོང་གིས་ཐན་སཱང་ནེ་ཡ་ནེ་ལེའར་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་སྐར་མ་སུམ་ཅུའི་རིང་གི་གསུང་བཤད་གནང་པར་ཐལ་མོའི་རྡེབ་སྒྲ་ཐེངས་སུམ་ཅུར་ཐོབ་པ་རེད།ཁོང་གིས་མིའི་རིགས་ཀྱི་འབྱུང་ཁུངས་ཡིན་པའི་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་ཐུགས་ཁུར་ཚད་མེད་གནངས་ཏེ།ཨ་ཧྥེ་རི་ཁ་ནི“གསོན་ཤུགས་དང་རེ་བས་ཁེངས་པའི་སྐམ་ས་ཆེན་མོ་ཞིག་རེད”ཅེས་གསུངས།
ཞི་ཅིན་ཕིང་ཐེངས་གསུམ་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དབུ་ཚོགས་དང་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྟེང་ཞུགས་ཏེ“མཉམ་ལས་ཆེན་པོའི་འཆར་གཞི་བཅུ”དང“འགུལ་སྐྱོད་ཆེན་པོ་བརྒྱད”“བཟོ་བསྐྲུན་རྣམ་གྲངས་དགུ”སོགས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དངོས་སྒྲུབ་མཉམ་ལས་ཀྱི་གྲོས་འགོ་ཁྱབ་བསྒྲགས་བྱས་པ་རེད།2022ལོར་ལྷོ་ཨ་ཧྥེ་རི་ཁའི་ཐེབས་རྩ་ཚོགས་པ་ཞིག་གིས་ཁྱབ་བསྒྲགས་བྱས་པའི་དམངས་འདོད་བརྟག་དཔྱད་ལས་མངོན་པ་ལྟར་ན།ཨ་ཧྥེ་རི་ཁའི་ན་གཞོན་གྱི་ངོས་ནས་བརྗོད་ན་ཀྲུང་གོ་འདི་ཉིད་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་མོར་ཤུགས་རྐྱེན་ཆེས་ཆེ་བའི་ས་ཁོངས་ཕྱི་རོལ་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད།
2018ལོའི་ཟླ་9ཚེས་4ཉིན།ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་སྒོར་ཅོག་གྲོས་ཚོགས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས། ཞི་ཅིན་ཕིང་དང་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཕུའུ་ས་རྣམ་གཉིས་ཀྱིས་སོ་སོར་དུས་མཚམས་དང་པོ་དང་དུས་མཚམས་གཉིས་པའི་གྲོས་ཚོགས་ལ་འགོ་འཛིན་མཛད།ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཐའོ་ཡིས་པར་བླངས།
ཞི་ཅིན་ཕིང་གིས་གསེར་འབོ་རྒྱལ་ཁབ་ཚབ་མཚོན་ཡིན་པའི་གསར་དར་དཔལ་འབྱོར་དངོས་ཕུང་གིས་སྒོ་འབྱེད་དང་གསར་སྐྲུན་རྒྱུན་འཁྱོངས་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།2020ལོར་ཁོང་གིས་ཞཱ་མཱན་དུ་གསེར་འབོ་རྒྱལ་ཁབ་ཀྱི་བཟོ་ལས་གསར་བའི་གསར་བརྗེའི་རོགས་ཟླའི་འབྲེལ་བའི་གསར་སྐྲུན་རྟེན་གཞི་འཛུགས་པར་ཁྱབ་བསྒྲགས་གནང་བ་རེད།
ཀྲུང་གོས་ཕ་ཁི་སི་ཐན་དང་ཁམ་ཕུ་ཁྲེ།འབར་མ།ལོའོ་ཝོའོ། ཡོ་ནན་སོགས་རྒྱལ་ཁབ་དང་ལག་རྡང་སྦྲེལ་ནས་ཕྱོགས་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་ཤིང་།འབྲེལ་ཡོད་ཕྱོགས་སོ་སོའི་མཐའ་འཁོར་དང་ཨེ་ཤེ་ཡ།ཞི་བདེ་རྒྱ་མཚོ་ཆེན་མོ།ཧྲང་ཧའེ་མཉམ་ལས་རྩ་འཛུགས།ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ།ཀྲུང་གོ་དང་ཨ་ཧྥེ་རི་ཁ།ཀྲུང་གོ་དང་ལ་ཏིང་མེ་གླིང་།ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་སོགས་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས་དྲ་རྒྱའི་བར་སྟོང་དང་ཉིང་རྡུལ་བདེ་འཇགས།རྒྱ་མཚོ།འཕྲོད་བསྟེན་བདེ་ཐང་།མི་དང་རང་བྱུང་།གོ་ལ་ཧྲིལ་པོའི་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཐུན་མོང་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད།ཕྱོགས་མང་དང་ལངས་གཟུགས་ཀྱི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ལག་ལེན་མ་ལག་ཉིན་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད།
མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ནང་བཀོད་ཡོད་ལ།མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་ཕྱོགས་མང་ལམ་སྲོལ་གྱི་ཡིག་ཆ་གལ་ཆེན་ནང་ཐེངས་མང་པོ་བཀོད་ཡོད།སྐབས་དོན་གཅིག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་ཀྲུའུ་ཞི་པི་ཏེ·ཐང་མུའུ་སེན་གྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ནི“མིའི་རིགས་ནི་གོ་ལ་འདིའི་སྟེང་གི་འབྱུང་འགྱུར་ཁོ་ན་ཡིན”ཞེས་གསུངས་པ་རེད།
མིའི་རིགས་ཀྱིས་དཀའ་སྡུག་མཉམ་ཁུར་བྱེད་འོས་པའི་བློ་རྩ་བརྟན་པོར་དམིགས་ནས་ 2017ལོར་ཞི་ཅིན་ཕིང་སུའེ་ཙེར་གྱི་ཏ་ཝོ་སིར་ཕེབས་པ་དང་།དེ་ནི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་ནང་ཞུགས་མཁན་གྱི་ཀྲུང་གོའི་འགོ་ཁྲིད་དང་པོར་གྱུར་ཡོད།ཁོང་གིས“འཛམ་གླིང་དཔལ་འབྱོར་གྱི་རྒྱ་མཚོ་དེ་ཁེར་རྐྱང་གི་མཚེའུ་ཆུང་ཆུང་རེ་དང་ཆུ་བོ་ཆུང་ཆུང་རེར་ཕྱིར་ལོག་བྱེད་དུ་འཇུག་རྒྱུ་ནི་དཔེ་མི་སྲིད་པ་ཞིག་ཡིན་ལ།ལོ་རྒྱུས་ཀྱི་རླབས་རྒྱུན་དང་ཡང་མཐུན་ཐབས་མེད”ཅེས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་གནང་།
2017ལོའི་ཟླ1པོའི་ཚེས17ཉིན། ཞི་ཅིན་ཕིང་སུའེ་ཙེར་གྱི་ཏ་ཝོ་སི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཛམ་གླིང་དཔལ་འབྱོར་གླེང་སྟེགས2017ལོའི་ལོ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད།《དུས་རབས་ཀྱི་འགན་འཁྲི་མཉམ་དུ་འཁུར་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་པ་བརྗོད་གཞི་བྱས་ཏེ་གཏམ་བཤད་གནང་། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལན་ཧུང་ཤན་གྱིས་པར་བླངས།།
ཏ་ཝོ་སིའི་གཏམ་བཤད་རྗེས་ཀྱི་ཉིན་གཉིས་པར་ཞི་ཅིན་ཕིང་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་སྤྱི་ཁྱབ་པུའུ་རུ་ཕེབས། ཁོང་གིས་རྗེས་ཕྱོགས་སུ་མི་རྣམས་ཀྱིས་ཡང་ཡང་གླེང་བཞིན་པའི“འཛམ་གླིང་གི་དྲི་བ”དང“དེང་སྐབས་འཛམ་གླིང་ལ་ངེས་གཏན་མེད་པའི་རང་བཞིན་གྱིས་ཁེངས་ཡོད་པ།མི་རྣམས་ཀྱིས་མ་འོངས་པར་རེ་སྒུག་བྱེད་ཀྱི་ཡོད་ལ་སོམ་ཉིའི་དྲ་བར་ཡང་ཚུད་ཡོད།འཛམ་གླིང་ལ་ཅི་བྱུང་སོང་།ང་ཚོས་ཇི་ལྟར་བྱེད་དགོས་སམ”ཞེས་པ་སོགས་གསུངས།
ཁོང་གིས་བལྟས་ན།འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ལས་དབང་ལ་སྔར་མེད་ཀྱི་འབྲེལ་བ་དམ་ཟབ་ལྡན་མོད།འོན་ཀྱང་མིའི་རིགས་ཀྱི་སྤྱི་ཚོགས་དེ་བཅོས་སྐྱོང་མཚལ་ཡིག་དང་ཡིད་རྟོན་མཚལ་ཡིགའཕེལ་རྒྱས་མཚལ་ཡིགཞི་བདེ་མཚལ་ཡིག་བཅས་ཛ་དྲག་གི་འགྲན་སློང་དང་འཕྲད་ཡོད་པར་འདོད།
“མཚལ་ཡིག་ཆེན་པོ་བཞི”ཐག་གཅོད་བྱས་ཏེ།ཀྲུང་གོས་ཞི་བའི་ཐབས་ལམ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་རྒྱུ་དར་སྤེལ་བྱེད་པ་དང་གླེང་མོལ་དང་གྲོས་བསྡུར་བྱས་ནས་རྩོད་གཞི་ཐག་གཅོད་བྱེད་རྒྱུ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་བཙུགས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་གི་སྒོ་ནས་རྒྱལ་ཁབ་སོ་སོ་དང་མི་རེ་རེར་ཕན་པ་ཐོབ་པར་བྱེད་པ། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་རང་མོས་ངང་འཁོར་སྐྱོད་བྱེད་པར་འགོག་རྐྱེན་བཟོ་བའི་བཀག་རྒྱ་གཏོར་ནས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་པར་སྐུལ་འདེད་གཏོང་བ། གྲོས་མོལ་གྱིས་གདོང་གཏུག་གི་ཚབ་བྱེད་པ་དང་གྲོས་མོལ་གྱིས་བཙན་ཤེད་ཀྱི་ཚབ་བྱེད་པ།མཉམ་རྒྱལ་གྱིས་ཐིག་མཚུངས་ཀྱི་ཚབ་བྱེད་པ། འདུ་ཤེས་འཛིན་སྟངས་ཀྱི་དབྱེ་མཚམས་དོར་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་མཐུན་སྒྲིལ་དང་སྐུལ་འདེད་གཏོང་བ། ཕན་ཚུན་བརྩི་འཇོག་དང་དྲང་གཞག་དྲང་བདེན།མཉམ་ལས་མཉམ་རྒྱལ་བཅས་ཀྱི་དཔེ་གསར་ཅན་གྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་དགོས།
ཞི་ཅིན་ཕིང་བཏོན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ལྟ་བ་དེས་ལོ་ངོ་བརྒྱ་ཕྲག་རིང་གི་རྒྱལ་སྤྱིའི་སྒྲིག་ལམ་འཕོ་འགྱུར་བྱུང་བའི་རྒྱབ་ཕྱོགས་སུ་བཙན་པོས་གཉོམ་ཆུང་ཟ་བ་དང་རྒྱལ་མཁན་གྱིས་མཉམ་དུ་ཟ་བའི་འཇིག་རྟེན་ལྟ་བ་རྙིང་པ་ལས་སྒྲོལ་ཏེ།གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འགྱུར་དང་མི་འགྱུར་པའི་རྩོད་སྒྲུབ་ཀྱི་འབྲེལ་བ་གསལ་བོར་བཟོས་ཏེ།ཕྱོགས་གཅིག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན།ཕྱོགས་མང་རིང་ལུགས་བཅས་ཀྱི་དར་ཆ་འགྱུར་བ་བྱུང་མི་རུང་བ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་མཐུན་སྦྱོར་ངང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་དང་འཇིགས་སྐུལ་ལ་ཁ་གཏད་གཅོག་རྒྱུར་ཤུགས་སྣོན་རྒྱག་དགོས་པ་མ་ཟད།ད་དུང་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བྱས་པ་བརྒྱུད།འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚོགས་སྤྱིའི་རང་བཞིན་གྱི་དར་རྒྱས་མཚོན་པའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་དོན་དངོས་ཀྱང་མཚོན་པར་བྱས་ཡོད།
ཞི་ཅིན་ཕིང་གིས་སྤྱིའི་ཆ་ནས་གསུང་དོན།“ཀྲུང་གོའི་འཕེལ་རྒྱས་དེ་འཛམ་གླིང་དང་ཁ་འབྲལ་ཐབས་མེད་ལ་འཛམ་གླིང་གི་འཕེལ་རྒྱས་ལའང་ཀྲུང་གོ་དགོས”པ་མ་ཟད།ཉམས་ལེན་འབད་སྒྲུབ་ཀྱིས་འཛམ་གླིང་ལ“ཀྲུང་གོའི་གཏམ་རྒྱུད་ཡག་པོ་འཆད་པ་དང་ཀྲུང་གོའི་སྐད་སྒྲ་ཡག་པོ་བརྒྱུད་བསྒྲགས་བྱེད་དགོས”པ་རེད། ཁོང་གིས་གསོན་ཉམས་ལྡན་པའི་དཔེ་སྣ་ཚོགས་ཀྱི་སྒོ་ནས་ཀྲུང་གོ་དང་འཛམ་གླིང་བར་གྱི་འབྲེལ་བ་བརྗོད་ཡོད་པ་སྟེ།དཔེར་ན།ཀྲུང་གོ་ནི“ཞི་བདེ་དང་སྙིང་ཉེ་བ།དཔལ་ཡོན་ལྡན་པའི་སེང་གེ”ལྟ་བུའི“མགོ་བོ་ཆེ”བ་ལས“མོ་ཧྥེ་སི་ཐུའོ”ལྟ་བུ་ཞིག་ཡིན་མི་སྲིད། དབུལ་ཕོངས་བརྒྱུད་མྱོང་བའི་འགོ་ཁྲིད་པ་ཞིག་ཡིན་པའི་ཆ་ནས། ཞི་ཅིན་ཕིང་གི་ལེགས་བཤད་གྲགས་ཅན་ཞིག་ནི“རྒྱལ་ཁབ་གང་ཞིག་ཡིན་རུང་རྗེས་སུ་ལུས་མི་རུང་བར་འབད་བརྩོན་བྱེད་དགོས”ཞེས་པ་དེ་རེད། ཁོང་གིས་རྒྱལ་ཁབ་སོ་སོ“ཀྲུང་གོའི་འཕེལ་རྒྱས་ཀྱི་མེ་འཁོར་དུ་སྡོད་རྒྱུར”དགའ་བསུ་ཞུས་ཡོད།
2016ལོའི་ཟླ6ཚེས19ཉིན། ཞི་ཅིན་ཕིང་གིས་པེར་ཀེ་ལེ་ཏེར་ཧི་ཀང་སྡེ་ཚོགས་སར་པི་ཡའི་སི་མེ་ཏའེ་ལུའེ་ཝོ་ངར་ལྕགས་བཟོ་གྲྭར་རྟོགས་ཞིབ་གནང་སྐབས་ལས་བཟོ་བའི་ཟ་ཁང་དུ་ཕེབས་ནས་ལས་བཟོ་པ་རྣམས་དང་གླེང་མོལ་མཛད་བཞིན་པ།
ཞི་ཅིན་ཕིང་གིས་གསུང་རྒྱུར། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་འཛུགས་སྐྲུན་བྱེད་མཁན་ཞིག་ཡིན་པ་དང་། མི་ཚང་མས་ཞི་བདེར་གཅེས་སྤྲས་དང་ཞི་བདེ་སྲུང་སྐྱོང་བྱེད་པ་དང་།མི་ཚང་མས་དམག་འཁྲུག་གི་ཡ་ང་བའི་བསླབ་བྱ་སེམས་ལ་བཅངས་ཚེ་ཞི་བདེ་ལ་གཞི་ནས་རེ་བ་ཡོད། ཁོང་གིས་སྐབས་དེ་དུས་ཀྱི་ཀེ་རི་སེའི་ཙུང་ཐུང་ཕ་ཕུའུ་ལུའོ་ཕུའུ་ལུའོ་སི་དང་མཉམ་དུ་ཡ་ཏེན་ཝེ་ཁྲིན་རྟེན་རྫས་བཤམས་མཛོད་ཁང་དུ་གཟིགས་སྐོར་གནང་བ་དང་།“བསམ་གཞིག་ཀྱིས་ཁེངས་པའི་ཡ་ཏེན་ནཱ”ཡི་འབུར་བརྙན་མདུན་དུ་ཡ་ཏེན་ནཱ་ཡིས་དམག་འཁྲུག་དང་ཞི་བདེར་བསམ་གཞིག་བྱེད་སྟངས་དང་ཀྲུང་གོའི་གཏམ་དཔེ“དྲག་ཤུགས་མ་སྤྱད་པར་ཕ་རོལ་མགོ་སྒུར་དུ་འཇུག་པ”ཞེས་པའི་བར་གྱི་གཅིག་མཚུངས་རང་བཞིན་ལ་བགྲོ་གླེང་མཛད།
ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཁྲོད་ཀྱི་ཞི་བདེ་སྲུང་སྐྱོང་དམག་དཔུང་མངགས་གཏོང་བྱ་ཡུལ་རྒྱལ་ཁབ་དང་པོ་དེ་ཡིན་པ་དང་།ཀྲུང་གོའི“རྨོག་སྔོན་པོ”དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་གི་འགག་རྩའི་སྟོབས་ཤུགས་སུ་གྱུར་ཡོད། ཡུག་རེན་གྱི་ཉམས་ཉེན་ཐོན་རྗེས། ཞི་ཅིན་ཕིང་གིས་དེ་མ་ཐག་འབྲེལ་ཡོད་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ཁ་པར་བཏང་ནས་ཞི་བདེ་ལ་སྐུལ་འདེད་བཏང་། ཁོང་གིས་ད་དུང་པ་དབྱིས་གདོང་གཏུག་དང་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ།ཨ་ཧྥུའུ་ཀ་ནི་སི་ཐན་གྱི་གནད་དོན་སོགས་ས་ཁུལ་གྱི་ཛ་དྲག་གནད་དོན་ཧུར་ཐག་གིས་ཐག་གཅོད་བྱེད་པར་སྐུལ་འདེད་བྱས། ཞི་ཅིན་ཕིང་གིས་དེ་སྔོན་ཧྥ་རན་སིར་འཚམས་འདྲི་གནང་སྐབས་ནུའོ་མན་ཏིའི་གཡུལ་འགྱེད་ཀྱི་མནའ་འབྲེལ་དམག་གི་སྐམ་སར་ཕེབས་ནས། ཕེབས་རོགས་མི་སྣར་དམག་འཁྲུག་གིས་འབྲེལ་ཡོད་རྒྱལ་ཁབ་དང་མི་དམངས་ལ་བཟོས་པའི་གནོད་འཚེ་གླེང་ཞིང་། སྐབས་དེར་ཁོང་གིས་དབུ་སྒུར་ནས་བསམ་གཞིག་ཡུན་རིང་གནང་མྱོང་། ཁོང་གིས“དམག་འཁྲུག་ནི་མེ་ལོང་ལྟ་བུ་ཞིག་ཡིན་པས་མི་རྣམས་ཀྱིས་ཞི་བདེའི་རིན་ཐང་ལ་སྔར་ལས་ལེགས་པའི་སྒོ་ནས་ངོས་འཛིན་ཐུབ་པ་བྱེད་དགོས”ཞེས་གསུངས།
པྲོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་ཁྱབ་སྐབས། ཞི་ཅིན་ཕིང་གིས“དྲ་སྟེང་ཕྱི་འབྲེལ་བྱ་བ”ཞིབ་ཚགས་ཀྱིས་སྤེལ་ཞིང་།2021ལོ་ཁོ་ནར་ཁ་པར་དང་འཕྲིན་ཡིགབརྙན་ལམ་སོགས་ཀྱི་རྣམ་པའི་ཐོག་ནས་ཕྱི་འབྲེལ་བྱེད་སྒོ་ཐེངས་བརྒྱ་ལྷག་ཙམ་སྤེལ་ཡོད། རིམས་ནད་བྱུང་བའི་རིང་གི་རྒྱལ་སྤྱིའི་ནད་ཡམས་འགོག་པའི“དྲ་སྟེང་གྲོས་ཚོགས”ནང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པས་གསར་དུ་བདམས་པའི་པྲོག་གསར་གློ་ཚད་ཀྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་དང་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་བརྙན་ལམ་གྲོས་ཚོགས།ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་དང་རིམས་ནད་འགོག་བཅོས་ཀྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་སོགས་འདུས་ཡོད།
2020ལོའི་ཟླ་3ཚེས26ཉིན།ཞི་ཅིན་ཕིང་པེ་ཅིང་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་འགོ་ཁྲིད་མི་སྣས་པྲོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ལ་ཞུགས་ནས།《ལག་གདང་སྦྲེལ་ནས་རིམས་ནད་འགོག་པ་དང་དུས་ངལ་མཉམ་སེལ་བྱེད》ཅེས་པའི་གསུང་བཤད་གལ་ཆེན་གནང་། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཞའོ་རིན་གྱིས་པར་བླངས།
ཞི་ཅིན་ཕིང་གིས་རྒྱལ་ཁབ150ལྷག་ཙམ་ལ་རིམས་ནད་འགོག་བཅོས་ཀྱི་དངོས་ཟོག་མཁོ་འདོན་བྱས་ནས།ཀྲུང་གོས་རང་བརྟེན་ཞིབ་བཟོ་བྱས་པའི་རིམས་འགོག་སྨན་ཁབ་དེ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་བརྩིས་ནས་འཛམ་གླིང་ས་གནས་ཁག་ལ་ཁྱབ་གདལ་གཏོང་དགོས་པའི་མཛུབ་སྟོན་གནང་། རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་སྔར་ལས་ཆེ་བ་ནི་ཞི་ཅིན་ཕིང་གིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་མགོ་རེད། འཛམ་གླིང་སྟེང་གི་བཞི་ཆའི་གསུམ་ཙམ་གྱི་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པ་དང་། “རྒྱུད་གཅིག་ལམ་གཅིག”དེ་དེང་སྐབས་འཛམ་གླིང་སྟེང་དགའ་བསུ་ཆེན་པོ་ཐོབ་པའི་རྒྱལ་སྤྱིའི་མཉམ་ལས་སྟེགས་བུ་ཞིག་ཏུ་གྱུར་ཡོད།
ཀྲུང་གོ་ནི་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་མངའ་ཁོངས་འགྱུར་ལྡོག་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། གོ་ལ་ཧྲིལ་བོ་རང་བཞིན་གྱི་གནད་དོན་འགའ་ཞིག་ལ་ཁ་གཏད་འཇལ་བའི་གྲོས་མགོ་དང་བྱེད་ཐབས་བཏོན་པ་ནི།ཞི་ཅིན་ཕིང་གིས་སྐུལ་འདེད་ནུས་ལྡན་བྱས་པར་བརྟེན་ད་གཟོད་ཕན་འབྲས་ལྡན་པའི་སྐུལ་སྤེལ་བྱེད་ཐུབ་པ་བྱུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དེ་སྔའི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཕྱིར་དྲན་བྱས་ནས་བཤད་རྒྱུར།2016ལོར། ཞི་ཅིན་ཕིང་གིས་ཁོ་དང་སྐབས་དེ་དུས་ཀྱི་ཨ་རིའི་ཙུང་ཐུང་གི་འགན་འཁུར་ཡོད་པའི་ཨོ་པ་མ་གཉིས་ཧང་ཀྲོའུ་རུ་འཚམས་འདྲི་ཕེབས་པར་གདན་དྲངས་པ་དང་།རྒྱལ་ཁབ་ཉུ་ཤུའི་དབུ་ཚོགས་ཀྱི་སྔོན་གྱི་ཉིན་དང་པོར་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཁོ་ལ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་ཆོད》ཀྱི་ཆོག་མཆན་ཡིག་ཆ་ཕུལ། “གལ་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་མགོ་བཏོན་པ་མིན་ཚེ་ང་ཚོས་ད་ལྟའང《ཕ་རི་སིའི་གྲོས་ཆོད》འཇོག་ཐུབ་ཀྱི་མ་རེད” ཅེས་ཕན་ཅི་ཝུན་གྱིས་བཤད།
ཞི་ཅིན་ཕིང་གིས་གསུང་རྒྱུར།ཀྲུང་གོར་གོ་ལ་ཧྲིལ་པོའི་ལས་དོན་ཁྲོད་སྔར་ལས་ནུས་པ་ཆེན་པོ་འདོན་པའི་ནུས་པ་ཡོད་ལ་འགན་འཁྲི་ཡང་ཡོད། ཁོང་གིས་ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ།དྲང་བདེན།དམངས་གཙོ།རང་དབང་བཅས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ལྟ་བ་བཏོན། རིམས་ནད་བྱུང་རྗེས།ཁོང་གིས་སྔ་རྗེས་སུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་མགོ་བཏོན་ཏེ།རིམས་ནད་རྗེས་ཀྱི་དུས་རབས་ཀྱི་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་གཏོད་བྱེད་ཆེད་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་དགོས་པར་བཏོན་ཡོད། གྲོས་མགོ་དེ་གཉིས་ཀྱིས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྤྱི་འདོམས་བྱས་ནས།ཐུན་མོང་དང་ཕྱོགས་བསྡུས།མཉམ་ལས།རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་ཀྱིས་དབུལ་པོ་ཉུང་གཏོང་དང་འབྲུ་རིགས་བདེ་འཇགས།ནད་ཡམས་སྔོན་འགོག་དང་རིམས་འགོག་སྨན་ཁབ།འཕེལ་རྒྱས་ཀྱི་མ་དངུལ་གྲབས་གསོག་བྱེད་པ།གནམ་གཤིས་འགྱུར་ལྡོག་དང་ལྗང་མདོག་འཕེལ་རྒྱས།བཟོ་ལས་ཅན།གྲངས་གཞིའི་དཔལ་འབྱོར།ཕན་ཚུན་འབྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་རྒྱུན་འཁྱོངས་བྱས་ནས།མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་ཚད་ཇེ་མགྱོགས་སུ་བཏང་པས།རྒྱལ་ཁབ100ལྷག་ཙམ་གྱིས་ཧུར་བརྩོན་ངང་དང་ལེན་བྱས་ཡོད།
2021ལོའི་ཟླ10ཚེས25ཉིན།ཞི་ཅིན་ཕིང་པེ་ཅིང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་ཐུབ་ནས་ལོ50འཁོར་བར་དྲན་གསོ་ཞུ་བའི་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཞའོ་རིན་གྱིས་པར་བླངས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུ་ཐེ་ལེ་སི་ཡིས་ཞི་ཅིན་ཕིང་གིས་རྒྱང་རིང་ཞིང་ལྟ་བ་ཟབ་མོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ་བཏོན་པར་ཚད་མཐོའི་བསྔགས་བརྗོད་གནང་བ་དང་། ཁོས་གྲོས་མགོ་དེ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་དང2030ལོའི་གྲོས་རིམ་དོན་འཁྱོལ་བྱེད་པར་དོན་སྙིང་གལ་ཆེན་ལྡན་པས་འཛམ་གླིང་སྔར་ལས་རྒྱུན་མཐུད་དང་ཁོང་ཡངས་ཀྱི་མ་འོངས་པའི་ཕྱོགས་སུ་བསྐྱོད་པར་སྐུལ་མ་ཐེབས་ཐུབ་རྒྱུ་རེད་ཅེས་གསུངས།
“ཀྲུང་གོས་ལས་དབང་གཅིག་མཐུན་གྱི་འཛམ་གླིང་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད།” དབྱིན་ཇིའི་སྤྱི་ཚོགས་ཚན་རིག་གླིང་གི་ཡོན་ཧྲི་མ་ཏིང·ཨའར་པུའུ་ལའོ་ཡིས“འགོ་ཁྲིད་ཀྱི་ནུས་པ་དེའི་རིགས་དམག་དོན་ཐད་མངོན་པ་ཞིག་མིན་པར་ཀུན་སྤྱོད་དང་རིན་ཐང་ཐད་ཀྱི་ཤུགས་རྐྱེན་ཞིག་རེད”ཅེས་བཤད། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨའར་ཝུའེ་ཡིས།ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྒྱུད་བསྒྲགས་གནང་བ་ལྟར།འཛམ་གླིང་འདི་ལ་སྔར་ལས་ལེགས་པོའི་མཉམ་ལས་ཤིག་དང་སྔར་ལས་གཏིང་ཟབ་པའི་ཕན་ཚུན་རྒྱུས་ལོན་ཞིག སྔར་ལས་རྒྱ་ཆེ་བའི་ཞི་བདེ་ཞིག་མཁོ་ཟེར།
ལྔ། མིའི་རིགས་དཔལ་ཡོན་གྱི་རྒྱུན་རྣམ་གསར་བཏོད་དགོས།
“ང་ཚོས་དུས་ཚོད་ལ་གོ་བ་ལེན་རྒྱུ་དེ་ནི་ལོ་བརྒྱ་དང་སྟོང་ལ་བསམ་བློ་གཏོང་དགོས་ཀྱི་ཡོད” ཞི་ཅིན་ཕིང་གིས་ཁོང་གི་དུས་ཚོད་ཀྱི་ལྟ་བ་དེ་ལྟར་བརྗོད་མྱོང་པ་དང་།ཁོང་གིས་ཀྱང་འཇར་མན་གྱི་རྩོམ་པ་པོ་ལའེ་ཞིན་གྱི་ལེགས་བཤད་གྲགས་ཅན་ཏེ།“ལོ་རྒྱུས་ནི་དྲན་ཤེས་ཀྱི་ཁུར་པོ་ཞིག་མིན་པར་བློ་རིག་གི་སྒོ་མོ་འབྱེད་པ་ཞིག་ཡིན་དགོས”ཞེས་པ་དྲངས་ནས་རང་ཉིད་ཀྱིས་ལོ་རྒྱུས་ལ་བཟུང་བའི་རྣམ་འགྱུར་གསལ་སྟོན་གནང་ཡོད།
ཞི་ཅིན་ཕིང་སྐུ་ན་གཞོན་པའི་དུས་སུ་ལོ་རྒྱུས་ཀྱི་དཔེ་དེབ་ཀློག་རྒྱུར་སྤྲོ་བ་ཆེན་པོ་ཡོད་ཅིང་།ཁོང་གིས་དགོངས་པར་གནད་དོན་ལ་བསམ་གཞིག་དང་ཐབས་ཇུས་འདོན་པར་ལོ་རྒྱུས་ཀྱི་མིག་རྒྱང་ལྡན་དགོས་པར་འདོད་ཡོད། ཁོང་གིས་ཐེངས་མང་པོར་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་དུས་གཏན་བྱ་གཞག་རླབས་ཆེན་ལ་གཞོལ་ནས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་གཞོལ་ཏེ།“ལོ་རྒྱུས་ཀྱི་ཡིད་རྟོན་ཇེ་བརྟན་དང་ལོ་རྒྱུས་ཀྱི་རང་འགུལ་ཇེ་དྲག་ཏུ་གཏོང་དགོས”ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ“ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་དང་བླ་སྲོག”ཅེས་བརྗོད་ཀྱི་ཡོད། ཁོང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་སྣེ་ཁྲིད་དེ་ཀྲུང་ཧྭའི་ཤེས་རིག་གི་འབྱུང་ཁུངས་འཚོལ་ཞིབ་བཟོ་སྐྲུན་དུ་མཉམ་དུ་སློབ་སྦྱོང་གཏིང་ཟབ་བྱས་པར་མ་ཟད།མའོ་ཙེ་ཏུང་གི་གསུང་ཚིག་དྲངས་ནས་“ཁུང་ཧྥུ་ཙི་ནས་སུན་ཀྲུང་ཧྲན་བར་ང་ཚོས་སྤྱི་བསྡོམས་བྱས་ཏེ་རྩ་ཆེའི་ཤུལ་བཞག་འདི་རྒྱུན་འཛིན་བྱེད་དགོས”ཞེས་གསུངས། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པ་མ་འཚོག་པའི་སྔོན་དུ།། ཞི་ཅིན་ཕིང་གིས《བསྐྱར་དར་ཡིག་མཛོད》ཅེས་པའི་ཁ་ཡིག་ལ《བསྐྱར་དར་གྱི་བགྲོད་ལམ་དུ་བློ་བརྟན་འགྱུར་མེད་ཀྱིས་མདུན་སྐྱོད་བྱེད་དགོས》ཞེས་པའི་གླེང་གཞི་བྲིས་ཏེ།ལོ་རྒྱུས་ཟིན་ཐོར་བཀོད་ནས་མིག་དཔེ་སྟོན་པ་དང་ལོ་རྒྱུས་ཉར་ཚགས་བྱས་ནས་རིག་གནས་རྒྱུན་འཛིན་བྱེད་དགོས་ཞེས་བཏོན་ཡོད།
ཁོ་རེ་ཡའི་ཀྲུང་དབྱང་ཉིན་རེའི་ཚགས་པར་ཁང་ཀྲུང་གོ་ཞིབ་འཇུག་སུའོ་ཡི་དེ་སྔོན་གྱི་སུའོ་ཀྲང་ཧན་ཡིའུ་ཏེ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོགཀྲུང་གོ་དམངས་ཚོགས་ཀྱི་ཡིད་རྟོན་མངོན་གསལ་གྱིས་ཆེ་རུ་སོང་ཡོད་ཟེར། ཞི་ཅིན་ཕིང་གིས“རང་རྟོན”དེ་ཕྱོགས་བཞི་རུ་སྙིང་བསྡུས་བྱས་ཡོད་དེ།བགྲོད་ལམ་གྱི་རང་རྟོན་དང་རིགས་པའི་གཞུང་ལུགས་ཀྱི་རང་རྟོན།ལམ་ལུགས་ཀྱི་རང་རྟོན།རིག་གནས་ཀྱི་རང་རྟོན་བཅས་དང་། དེ་དག་ལས“རྨང་གཞི་སྔར་ལས་བརྟན་པ་དང་ཁྱབ་རྒྱ་སྔར་ལས་ཆེ་བ། སྔར་ལས་གཏིང་ཟབ་པ”ནི་རིག་གནས་རང་རྟོན་ཡིན།
འདས་ཟིན་པའི་ལོ10ཡི་ནང་དུ། ཞི་ཅིན་ཕིང་ཧྲན་ཏུང་ཆུའུ་ཧྥུའུ་ཁུང་ཧྥུའུ་དང་ཧུའུ་ནན་ཁྲང་ཧྲ་ཡེའེ་ལུའུ་དཔེ་ཁང་།ཧྥུའུ་ཅན་ཝུའུ་དབྱི་ཧྲན་ཀྲུའུ་ཞི་ཡོན་སོགས་ས་ཆར་ཕེབས་ཤིང་། “གལ་ཏེ་ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་གི་དཔལ་ཡོན་མེད་ཚེ་ཀྲུང་གོའི་ཁྱད་ཆོས་གང་དུ་ཡོད་སྲིད་དམ།གལ་ཏེ་ཀྲུང་གོའི་ཁྱད་ཆོས་མ་ལྡན་ཚེ་ང་ཚོས་ད་ལྟའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་སྟེང་གྲུབ་འབྲས་དེ་འདྲ་ཞིག་ཐོབ་ག་ལ་སྲིད”ཅེས་གསུངས། དེ་དང་མཉམ་དུ་ཁོང་གིས་དཔལ་ཡོན་སྤེལ་རེས་དང་མཉམ་འདྲེས་ཀྱིས“དཔལ་ཡོན་གྱི་གདོང་གཏུག་སྨྲ་བ”སེལ་ནས།ཀྲུང་ཧྭའི་དཔལ་ཡོན་གྱི་མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་དགོས་ཞེས་གསུངས། ཞི་ཅིན་ཕིང་གིས་ཕན་ཚུན་བརྩི་འཇོག་དང་སྐྱིད་སྡུག་མཉམ་ཁུར།མཐུན་སྡེབ་མཉམ་གནས་བཅས་ཀྱི་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་བུ་དར་སྤེལ་གཏོང་དགོས་པའི་གྲོས་མགོ་བཏོན།
2021ལོའི་ཟླ3ཚེས22ཉིན།ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་ནན་ཕིང་ཝུའུ་དབྱི་ཧྲན་ཀྲོའུ་ཞི་གླིང་དུ་ཕེབས་ཏེ། ཀྲོའུ་ཞིའི་ལོ་རྒྱུས་དང་གནས་ལུགས་རིག་པའི་ཞིབ་འཇུག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅུའུ་ཕིན་གྱིས་པར་བླངས།
དབྱིན་ཇིའི་མཁས་དབང་མ་ཏིང·ཡ་ཁི་ཡིས་ཀྲུང་གོ་ནི་མི་རིགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་ཙམ་མ་ཟད།དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཅིག་ཀྱང་ཡིན།གལ་ཏེ་ཚུལ་འདིར་རྒྱུས་ལོན་བྱེད་མ་ཐུབ་ཚེ་ཀྲུང་གོ་དང་འབྲེལ་བ་ཡོད་པའི་གནད་དོན་གང་ཞིག་ལའང་དངོས་གནས་རྒྱུས་ལོན་བྱེད་ཐབས་བྲལ་ཞེས་བཤད།
ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་ཞིག་གཏོད་པར་ངོས་འཛིན་བྱེད་ཀྱི་ཡོད། ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་ཕྱོགས་ལྔ་རུ་སྙིང་བསྡུས་བྱས་ཡོད་དེ།མི་གྲངས་ཀྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་དེང་རབས་ཅན་དང་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན།དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན།མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན།ཞི་བདེའི་ངང་གོང་དུ་འཕེལ་བའི་ལམ་བུར་སྐྱོད་པའི་དེང་རབས་ཅན་བཅས་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱལ་ཁབ་སོ་སོའི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་ལ།རང་ཉིད་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་པའི་ཀྲུང་གོའི་ཁྱད་ཆོས་ཀྱང་ལྡན།
“ང་ཚོས་སྐུལ་སྤེལ་བྱེད་པའི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་པས།ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་རྒྱུན་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་དགོས་ཤིང་།བཀག་སྡོམ་རྙིང་འགྱུར་གྱི་ལམ་རྙིང་པར་བསྐྱོད་མི་རུང་ལ་དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུའང་བསྐྱོད་མི་རུང་བར།རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས།ཀྲུང་གོ་འཕེལ་རྒྱས་ཡར་ཐོན་ཡོང་བར་བྱེད་པའི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས”ཞེས་ཞི་ཅིན་ཕིང་གིས་གསུངས།
ཀྲུང་གོ་དང་ཕྱི་རྒྱལ་གྱི་མཁས་པ་རྣམས་ཀྱིས་ཟུར་སོ་སོ་དང་རིམ་པ་མང་པོའི་ཐད་ནས།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་ཁྱད་ཆོས་ལ་ཞིབ་འཇུག་བྱས་ཤིང་། དེའི་ནང་མི་དམངས་ལྟེ་བར་འཛིན་པ་ལས་མ་རྩས་དབང་སྒྱུར་བྱས་པ་མིན་པ་དང་།མར་ཁེ་སིས་བཏོན་པའི“མིའི་རང་དབང་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་རྒྱུ”བརྩོན་ལེན་བྱེད་པ།ལོ་ངོ་ལྔ་སྟོང་གི་ཀྲུང་ཧྭའི་དཔལ་ཡོན་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་དགོས་ལ།མིའི་རིགས་ཀྱིས་གསར་གཏོད་བྱས་པའི་དཔལ་ཡོན་གྱི་ཕུལ་བྱུང་གྲུབ་འབྲས་ཡོད་ཚད་བསྡུ་ལེན་བྱེད་པར་དོ་སྣང་ཡང་བྱེད་དགོས།ཞི་བདེའི་ངང་འཕེལ་རྒྱས་དང་མཉམ་དུ་ཡར་ཐོན་ཡོང་བ་རྒྱུན་འཁྱོངས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་པ་བཅས་འདུས་ཡོད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དཀའ་གནད་མང་པོ་སེལ་རྒྱུར་གཞོལ་ནས།མིའི་རིགས་ཀྱིས་སྔར་ལས་ལེགས་པའི་སྒོ་ནས་སྤྱི་ཚོགས་ཀྱི་ལམ་ལུགས་འཚོལ་ཞིབ་བྱེད་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱེད་ཀྱི་ཡོད།
2022ལོའི་ཟླ8ཚེས17ཉིན།ཞི་ཅིན་ཕིང་གིས་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་འཕྲུལ་ཆས་མིའི་རང་འགུལ་ཅན་གྱི་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་གཟིགས་ཞིབ་གནང་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅུའུ་ཕིན་གྱིས་པར་བླངས།
ཞི་ཅིན་ཕིང་གིས་འཆར་འགོད་གནང་བའི་འཕེལ་རྒྱས་ཀྱི་རྣམ་པ་གཞིར་བཟུང་ནས2035ལོར་སླེབས་སྐབས།ཀྲུང་གོ་འདི་ཉིད་འཛམ་གླིང་སྟེང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པར་གཞི་རྩའི་ཆ་ནས་དེང་རབས་ཅན་མངོན་འགྱུར་འབྱུང་ཐུབ་པ་དེས།མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཐོག་དང་པོར་མི་གྲངས་དུང་ཕྱུར་བཅུ་ལས་བརྒལ་བའི་གཞི་ཁྱོན་ཅན་གྱི་རྒྱལ་ཁབ་ཧྲིལ་བོར་དེང་རབས་ཅན་དུ་སླེབས་པ་མཚོན་ཡོད། ཀྲུང་གོས་རང་གི་དམིགས་བསལ་གྱི་བྱེད་ཐབས་ལ་བརྟེན་ནས་འཛམ་གླིང་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་ནི།ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་བཞག་པའི་ལེགས་སྐྱེས་ཆེ་ཤོས་རེད།
སྐབས་དེར།ཀྲུང་གོའི་མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་འབོར་དེ་འབྲིང་རིམ་གྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་པ་དང་།ཀྲུང་གོ་འདི་ཉིད་གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ནས་ཐཱན་ཕྱིར་གཏོང་བྱེད་ཚད་མཐོ་ཤོས་སུ་སླེབས་རྗེས་བརྟན་པོའི་ཁྲོད་མར་ཆག་རྒྱུ་དང་། འཛམ་གླིང་དུ་ཁྱབ་རྒྱ་ཆེ་ཤོས་ཀྱི་མྱུར་བགྲོད་ལྕགས་ལམ་མ་ལག་གི་སྤྱིའི་རིང་ཚད་ལྡབ་གཅིག་ཙམ་གྱིས་ཆེ་རུ་སོང་ནས་མི་གྲངས་འབུམ་ལྔ་ཡན་ཟིན་པའི་གྲོང་ཁྱེར་དུ་མྱུར་བགྲོད་ལྕགས་ལམ་ཤར་གཏོང་བྱེད་ཐུབ། མིག་སྔར་ཀྲུང་གོའི་ཡོང་འབབ་འབྲིང་གྲས་ཚོགས་སྤྱིའི་གཞི་ཁྱོན་མི་འབོར་དུང་ཕྱུར4ལས་བརྒལ་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚད་གཞིར་གཞིགས་ན།ཀྲུང་གོ་མི་དམངས་ཀྱི་འཚོ་བ་བལྟོས་བཅས་ཀྱིས་འབྱོར་ཕྱུག་ལྡན་པའི་དུས་མཚམས་སུ་སླེབས་ཡོད། 2035ལོར་སླེབས་སྐབས།ཡོང་འབབ་འབྲིང་བའི་ཚོགས་སྤྱིའི་བསྡུར་ཚད་མངོན་གསལ་གྱིས་མཐོ་རུ་འགྲོ་བ་དང་།མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་པར་སྔར་ལས་དོན་དངོས་ཀྱི་རང་བཞིན་ལྡན་པའི་འཕེལ་རིམ་མངོན་གསལ་འབྱུང་རྒྱུ་རེད།
2020ལོའི་ཟླ10ཚེས14ཉིན།ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་ལེན་ཧྭ་རི་བོའི་སྤྱི་གླིང་དུ་དམིགས་བསལ་ཁུལ་གྱི་རྣམ་པ་གསར་པར་གཟིགས་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅུའུ་ཕིན་གྱིས་པར་བླངས།
“དཔལ་ཡོན་རྡུལ་དཀྲུག”གི་གོད་ཆག་ལོ་ཟླ་ནས་མིའི་རིགས་དཔལ་ཡོན་གྱི་རྣམ་པ་གསར་པ་གཏོད་པའི་བར།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་གྱིས་ཀྲུང་གོ་བ་དུང་ཕྱུར14ལྷག་ཙམ་ལ་སྤོབས་སེམས་སྐྱེས་སུ་བཅུག་པ་དང“ལོ་རྒྱུས་ཀྱི་མཇུག་མཐའི་སྡོམ་ཚིག”མཇུག་བསྒྲིལ་བ་མ་ཟད།ད་དུང་འཛམ་གླིང་སྟེང་རང་ཉིད་མྱུར་དུ་འཕེལ་རྒྱས་སུ་འགྲོ་བ་དང་རང་ཉིད་ཀྱི་རང་ཚུགས་རང་བཞིན་རྒྱུན་འཁྱོངས་ཐུབ་པར་རེ་བ་བྱེད་བཞིན་པའི་རྒྱལ་ཁབ་དང་མི་རིགས་ལ་གདམ་གསེས་གསར་པ་མཁོ་འདོན་བྱས་ཡོད།
ཐན་ཙན་ནི་ཡའི་ཏ་རེ་སི་ས་ལཱ་མུའུ་སློབ་ཆེན་ཀྲུང་གོའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧན་ཧྥུའུ་ལའེ·མོ་ཞིས་ཀྱི་གཞུང་ལས་ཁང་གི་སྒྲོག་ཙེའི་སྟེང་དུ《 ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་པ》སོགས་ཀྱི་གསུང་རྩོམ་ཧ་ཅང་མང་པོ་ཞིག་མཐོང་ཐུབ། “ཀྲུང་གོའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་ལས་ང་ཚོར་དབུལ་ཕོངས་དང་རྗེས་ལུས་ལས་རྣམ་པར་རྒྱལ་ཐུབ་པ་དང་ཡང་དག་པའི་ཐབས་ལམ་ཞིག་འཚོལ་ཐུབ་པ་མ་ཟད།ཨ་ཧྥེ་རི་ཁའི་རྒྱལ་ཁབ་དག་ཀྱང་དར་རྒྱས་གོང་འཕེལ་དུ་ཐུབ་པ་གསལ་བཤད་བྱས་འདུག”ཟེར།
དབྱིན་ཇིའི་ལོན་ཏོན་གྱི་དཔལ་འབྱོར་དང་ཚོང་ལས་སྲིད་ཇུས་ཧྲུའུ་ཡི་ཧྲུའུ་ཀྲང་གི་འགན་འཁུར་མྱོང་བའི་ཀྲུང་གོའི་གནད་དོན་གྱི་ཆེད་མཁས་པ་ལུའོ་སི་དབྱི་ཡིས།ཀྲུང་གོས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་མྱུར་ཚད་མགྱོགས་ཤོས་ཀྱི་ཐོག་ནས་མི་གྲངས་མང་ཤོས་ཀྱི་བདེ་སྐྱིད་ཆེ་རུ་བཏང་སྟེ་རང་ཉིད་ལ་བདེ་སྐྱིད་བསྐྲུན་པ་མ་ཟད།མི་གཞན་པ་ལའང་བདེ་སྐྱིད་བསྐྲུན་པ་དེ་ནི་ཆེས་རླབས་ཆེ་བའི་གྲུབ་འབྲས་ཤིག་རེད་ཅེས་དང་། “ལོ་རྒྱུས་ཀྱི་དཔང་པོ་བྱེད་འདོད་མེད་མཁན་སུ་ཞིག་ཡོད།དེའི་ཁྲོད་ནས་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་དང་ལེན་བྱེད་འདོད་མེད་མཁན་ཞིག་ཡོད་དམ”ཞེས་བཤད།
མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་།ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་ལངས་ཡོད། འདིས་ལོ་ངོ500ལྷག་གི་སྔོན་དུ་དབུ་བརྙེས་པ་དང་ཀྱག་ཀྱོག་གི་འཕེལ་རྒྱས་ལོ་རྒྱུས་བརྒྱུད་མྱོང་བའི་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་དེ་འདུ་འཛི་ཆེ་བའི་སྐོར་བཅོམ་ཁྲོད་དུ་ཕམ་ཉེས་བྱུང་མེད་པར་མ་ཟད།དེ་ལས་ལྡོག་སྟེ་དུས་རབས་གསར་པའི་ཀྲུང་གོའི་གུང་ཁྲན་ཏང་མིའི་ལག་ཏུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་མཚོན་ཡོད།
2021ལོའི་ཟླ7ཚེས1ཉིན།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་གཟབ་རྒྱས་ངང་ཚོགས་ཤིང་།ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅུའུ་ཕིན་གྱིས་པར་བླངས།
ལོ་བཅུའི་སྔོན་དུ།ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་བླངས་མ་ཐག་དང་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར“ཏང་ཡོངས་ཀྱི་བློ་མཐུན་ཚོའི་མངགས་བཅོལ་ཟབ་མོ་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་རེ་བ་ནི།ང་ཚོས་ལས་དོན་ཡག་པོ་སྒྲུབ་པས་སྐུལ་ལྕག་ཆེན་པོ་ཞིག་ཡིན་ལ་ང་ཚོའི་ཕྲག་སྟེང་གི་འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན”ཞེས་གསུངས།
ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་རྗེས། ཞི་ཅིན་ཕིང་གིས་གསུང་རྒྱུར།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རླབས་ཆེ་ལ་དཀའ་ཚེགས་ཆེ་བའི་བྱ་གཞག་ཅིག་ཡིན་པས།“དཀའ་ཚེགས་ཇི་འདྲ་ཆེ་ན་དེ་ལྟར་རླབས་ཆེན་ཡིན་པ་དང་དཀའ་ཚེགས་ཇི་འདྲ་ཆེ་ན་དེ་ལྟར་གཟི་བརྗིད་ལྡན།”“ང་ཚོས་ངེས་པར་དུ་ཏང་གི་ངོ་བོ་དང་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་།རང་ཉིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ།རང་འགན་ནན་སྒྲུབ་དང་འབད་བརྩོན་ཆེན་པོས་བྱ་བ་བསྒྲུབ་པ་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏན་ནས་གཏོང་མི་རུང”ཞེས་གསུངས།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱིས་ཡུན་རིང་ཞི་བདེ་དང་།ཡོངས་ཁྱབ་བདེ་འཇགས།ཐུན་མོང་དར་རྒྱས།སྒོ་འབྱེད་བསྟུན་མཁས།དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་ལམ་བུ་གསར་པ་བཏོད་ཡོད། “ལམ་ཐག་རིང་ལ་དཀའ་སྡུག་ཆེ་ཡང་མུ་མཐུད་དུ་མདུན་བསྐྱོད་བྱས་ན་མཐའ་རུ་བསླེབ་ཐུབ།”
ཡིག་སྒྱུར་བ། སྒྲོལ་མ་སྐྱིད། ཤ་བོ་རིན་མཚོ། ཚེ་རིང་སྒྲོལ་མ། རྟ་མགྲིན་སྐྱབས། གཡང་འབུམ་རྒྱལ།