—ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། མཐུན་སྒྲིལ་བྱས་ན་གཞི་ནས་རྒྱལ་ཁ་ལེན་ཐུབ།”ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་མི་དམངས་དུང་ཕྱུར་མང་པོའི་གསར་གཏོད་ཀྱི་སྟོབས་ཤུགས་རླབས་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས་པ”དམིགས་བསལ་དུ་ནན་བཤད་གནང་བ་དང་།“རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོའི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོའི་ཕུགས་འདུན་མཉམ་དུ་བསྐྲུན་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་པའི”བླང་བྱ་གནང་བ་དང་།“ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི”འབོད་སྐུལ་གནང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་དང་། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གྲུ་གཟིངས་ཆེན་པོ་རླུང་བརྟེན་རླབས་གཤག་དང་གྲུ་གཡོར་འཕྱར་ནས་མདུན་སྐྱོད་བྱེད་དུ་འཇུག་དགོས།
ཀྲུང་གོ་མི་དམངས་ནི་མཐུན་སྒྲིལ་གྱི་སྙིང་རླབས་ཆེན་ལྡན་པའི་མི་དམངས་ཤིག་ཡིན། ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ་མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ་དང་། སྐུལ་སློང་ཐུབ་པའི་མཐུན་རྐྱེན་བཟང་པོ་མཐའ་དག་སྐུལ་སློང་བྱེད་པ། ཐུན་མོང་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གང་ཐུབ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་དང་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ཡོང་བའི་ལོ་རྒྱུས་སྟེང་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་བརྗིད་ཆེའི་ཡིད་དབང་འཕྲོག་པའི་ལེའུ་བརྩམས་ཡོད། ལྷག་པར་དུ་དུས་རབས་གསར་པར་སླེབས་སྐབས། ཏང་དང་རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་གནས་བབ་རྙོག་འཛིང་ཆེ་བ་དང་། འཐབ་རྩོད་དྲག་པོ་བྱེད་པ། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ལས་འགན་དཀའ་ཚེགས་ཅན་འཛམ་གླིང་སྟེང་མཐོང་དཀོན་པ་དང་ལོ་རྒྱུས་སྟེང་མཐོང་དཀོན་པ་ཞིག་རེད། ལོ་ངོ་བཅུའི་རིང་ལ། ང་ཚོས་ཆབ་སྲིད་དང་དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ཐད་ནས་ཐོན་པའི་ཉེན་ཁ་དང་འགྲན་སློང་གི་ཉམས་སད་ཐེག་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་རབ་དང་རིམ་པ་བྱུང་ནས་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད། དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་ཐོབ་པ་ཞིག་རེད། ལོ་ངོ་བཅུའི་རིང་ལ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་འགན་ལེན་ནུས་ལྡན་བྱུང་པ་དང་། ཏང་གིས་ཕྱོགས་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་སྔར་ལས་འདོན་སྤེལ་བྱེད་པ། ཏང་ཡོངས་བསམ་བློའི་སྟེང་སྔར་ལས་གཅིག་གྱུར་དང་། ཆབ་སྲིད་སྟེང་སྔར་ལས་མཐུན་སྒྲིལ། བྱ་སྤྱོད་སྟེང་སྔར་ལས་གཅིག་མཐུན་བཅས་བྱུང་ལ། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་རྩ་འཛུགས་ཀྱི་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད་ལ། དཀའ་ཉེན་སྣ་ཚོགས་ལ་འཕྲད་སྐབས་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་མི་དམངས་ཡོངས་ཀྱི་བློས་འགེལ་ཆོག་པའི་སྲོག་ཤིང་དུ་གྱུར་པས། ཉེན་ཁ་དང་འགྲན་སློང་གལ་ཆེན་སྣ་ཚོགས་ལ་ནན་ཏན་སྒོས་ཁ་གཏད་འཇལ་བའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཐུབ་ཡོད།
ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོ་མི་དམངས་སྔར་ལས་རང་རྟོན་དང་རང་ཚུགས། རང་དར་བཅས་བྱུང་བ་དང་། ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་ལས་འཕེལ་བ་དང་། བློ་སྟོབས་དང་ལ་རྒྱ། གདེངའཇོག སྤོབས་སེམས་བཅས་སྔར་ན་མེད་པའི་ཆེ་རུ་ཕྱིན་པ། ཏང་སེམས་དང་དམག་སེམས། དམངས་སེམས་བཅས་སྔར་ལས་རབ་ཏུ་འཕེལ་བ། རང་རྒྱལ་གྱི་འཕེལ་རྒྱས་ལ་སྔར་ལས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་དང་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་བྱུང་བ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ལྡོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པ་བཅས་མངོན་འགྱུར་བྱུང་ཡོད། དུས་རབས་གསར་པར་ཏང་དང་མི་དམངས་ཀྱི་འབད་འཐབ་ལོ་རྒྱུས་ལས་ང་ཚོས་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་བསྐྲུན་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན་པ་སྔར་ལས་ངོས་འཛིན་ཟབ་མོ་བྱུང་ཡོད།
འབད་འཐབ་ཀྱི་དམིགས་འབེན་གཏན་འཁེལ་བྱས་པ་ལས་བྱུང་བའི་མཐུན་སྒྲིལ་ནི་ཆེས་བརྟན་པའི་མཐུན་སྒྲིལ་ཞིག་ཡིན་པ་དང་། མཐུན་སྒྲིལ་དམ་ཟབ་བྱས་ནས་བྱུང་བའི་འབད་འཐབ་ནི་ཆེས་ནུས་ལྡན་གྱི་འབད་འཐབ་ཅིག་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཐད་མཛད་ཇུས་གལ་ཆེན་དང་འཐབ་ཇུས་བཀོད་སྒྲིག་གནང་ནས། 2035ལོར་སླེབས་སྐབས་རང་རྒྱལ་འཕེལ་རྒྱས་གཏོང་བའི་སྤྱིའི་དམིགས་འབེན་དང་རྗེས་ཕྱོགས་ལོ5ཡི་དམིགས་འབེན་དང་ལས་འགན་གཙོ་བོ་གཏན་འཁེལ་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། སྐྱོད་ལམ་གསར་པའི་སྟེང་འབད་འཐབ་ཀྱི་དམིགས་འབེན་གསར་པར་ཕྱོགས་ནས་རླུང་རླབས་ཆེ་བ་དང་ཐ་ན་རྦ་རླབས་འཇིགས་སུ་རུང་བའི་ཚོད་བགམ་ནན་མོ་ཐེག་པའི་གྲ་སྒྲིག་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་དམིགས་འབེན་དང་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ང་ཚོས་ཏང་གི་མཐུན་སྒྲིལ་གཅིག་གྱུར་ནི་ཏང་དང་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་པ་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་ས་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་གཡོ་འགུལ་གཏོང་མི་རུང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཏང་དར་འོག་མཐུན་སྒྲིལ་བྱས་ཏེ། “སྲ་ཞིང་བརྟན་པའི་ངར་ལྕགས”ལྟ་བུར་འགྱུར་བར་བྱསཏེ་དམངས་སེམས་གཅིག་མཐུན་དང་བློ་སེམས་གཅིག་སྒྲིལ་བྱས་ཚེ་གཞི་ནས་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་བའི་རླབས་ཆེན་སྟོབས་ཤུགས་གཅིག་སྒྲིལ་ཐུབ་པའི་ངོས་འཛིན་བྱེད་དགོས། ང་ཚོས “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཟབ་མོ་ཁོང་དུ་ཆུད་པར་བྱས་ཏེ། སྔར་ལས་རང་རྟོགས་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་སྲུང་སྐྱོང་དང་། རང་རྟོགས་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཐང་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ངང་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་སྲུང་སྐྱོང་བཅས་བྱས་ནས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཡང་དག་པའི་ཁ་ཕྱོགས་ཁག་ཐེག་བྱེད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་ལ་མཐུན་སྒྲིལ་འབད་འཐབ་ཀྱི་ཆབ་སྲིད་ཀྱི་གོང་བུ་འགྲིལ་ཤུགས་དང་འཕེལ་རྒྱས་ཀྱི་གདེང་ཚོད་ལྡན་པའི་འགན་ལེན་ཏན་ཏིག་བྱས་ཏེ། དུས་ངལ་མཉམ་སེལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་བའི་ཐད་ཤེས་རྟོགས་ཟབ་མོ་ཡོད་པར་བྱེད་དགོས།
སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྐྱོད་ལམ་གསར་པའི་སྟེང་ང་ཚོས་ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཡོད་ཚད་མི་དམངས་ལ་བརྟེན་རྒྱུ་རྒྱུན་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་ཡོད། མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་མཁན་གྱི་རྩ་བའི་སྟོབས་ཤུགས་རེད། དུས་ཡུན་རིང་པོར་ང་ཚོའི་ཏང་གིས་མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་ཀྱི་དེབ་ཐེར་དུ་འགོད་པའི་རྒྱུགས་ཤོག་ཡང་ཡང་ཕུལ་ཡོད། མདུན་སྐྱོད་ཀྱི་ལམ་བུའི་སྟེང་། རྦ་རླབས་དྲག་པོ་འཕྱུར་བའམ་ཡང་ན་རྦ་རླབས་འཇིགས་སུ་རུང་བ་གང་ཡིན་རུང་མི་དམངས་ནི་ནམ་ཡང་ང་ཚོའི་ཏང་གི་རྒྱབ་རྟེན་དང་གཏིང་ཤུགས་ཆེ་ཤོས་དེ་ཡིན། ཏང་ཡོངས་ཀྱིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ། མང་ཚོགས་ཀྱི་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ། མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། ཐམས་ཅད་མི་དམངས་ལ་བརྟེན་པ། མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཛིན་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་སྐྱོན་བརྗོད་དང་ལྟ་སྐུལ་དང་ལེན་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་བདེ་སྡུག་མཉམ་མྱོང་དང་གཅིག་སེམས་གཅིག་སྦྲེལ། མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མི་དམངས་ཀྱིས་མངགས་བཅོལ་དང་ལེན་བཅས་བྱས་ཏེ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་དེ་རྒྱུན་ཆད་མེད་པར་དོན་དངོས་སུ་འགྱུར་བར་བྱ་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མཐུན་སྒྲིལ་འབད་འཐབ་ཀྱི་དྲང་ནུས་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་དགོས། ཚད་ཆེ་ཤོས་ཀྱི་སྒོ་ནས་རིམ་པ་ཁག་དང་ཕྱོགས་གང་ཅིའི་ཐད་ཀྱི་བློ་གྲོས་དང་སྟོབས་ཤུགས་གོང་བུར་འགྲིལ་བ་དང་། སྤྱི་ཚོགས་ཡོངས་དང་མི་རིགས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ཐུབ་བྱས་ཏེ། ཐུན་མོང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་ཆེད་འབད་འཐབ་བྱ་དགོས། ང་ཚོས་མི་རིགས་སོ་སོ་མཐུན་སྒྲིལ་ཆེན་པོ་བྱེད་པ་དང་། རྒྱལ་ཡོངས་མི་དམངས་མཐུན་སྒྲིལ་བྱེད་པ། ཀྲུང་ཧྭའི་བུ་བུ་མོ་ཡོངས་མཐུན་སྒྲིལ་ཆེན་པོ་བཅས་རྒྱུན་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཀྲུང་ཧྭའི་བུ་བུ་མོ་ཡོངས་སྐུལ་སློང་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམིགས་ཏེ་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་སྒྲུབ་ན། སེམས་པ་གཅིག་མཐུན་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཐུབ་ངེས་རེད།
མཐུན་སྒྲིལ་ནི་ངར་ལྕགས་དང་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། མཐུན་སྒྲིལ་ནི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་མདུན་སྐྱོད་བགྲོད་ལམ་སྟེང་གི་ཉེན་ཁ་དང་འགྲན་སློང་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་། རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་པའི་འགན་ལེན་གལ་ཆེན་ཞིག་རེད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་སྤྱིའི་འཐབ་ཇུས་བཀོད་སྒྲིག་ནི་གོམ་སྟབས་གཉིས་སུ་ཕྱེ་ཡོད་དེ། 2020ལོ་ནས2035ལོའི་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རང་རྒྱལ་འདི་ཉིད་འབྱོརཕྱུག་དང་། དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་བསྐྲུན་རྒྱུ་དེ་རེད། དེ་ནི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་སྐྱོད་ལམ་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་དང་ཀྲུང་ཧྭའི་དཔལ་ཡོན་གྱི་འོད་སྟོང་འཕྲོ་བའི་ལེའུ་གསར་པ་རྩོམ་པའི་རླབས་ཆེན་གྱི་དུས་རབས་ཞིག་རེད། ཀྲུང་གོའི་མི་དམངས་ཀྱི་སྤྱི་དམངས་ཡོངས་དང་ཀྲུང་ཧྭ་མི་རིགས་ཡོངས་ཀྱིས་དུས་རབས་རླབས་ཆེན་འདི་འདྲ་ཞིག་ཏུ་གནས་པར་སྤོབས་སེམས་སྐྱེས་འོས་པ་ཞིག་རེད། རླབས་ཆེན་གྱི་སྐྱོད་ལམ་གསར་པའི་སྟེང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བྱེད་པ། ཆར་རླུང་འཚུབ་ཀྱང་འགོག་པ་མེད་པར་མདུན་སྐྱོད་བཅས་བྱས་ཚེ། ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་སྔར་ལས་མཛེས་སྡུག་ལྡན་པའི་བརྗིད་ཆེའི་ལེའུ་བརྩམས་ནས། མིའི་རིགས་ཀྱི་རླབས་ཆེན་ལོ་རྒྱུས་ཁྲོད་ཀྲུངཧྭ་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལོ་རྒྱུས་བསྐྲུན་ཐུབ་ངེས་རེད།
ཡིག་སྒྱུར་པ། ཤ་བོ་རིན་མཚོ།