—ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།
མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ།
“ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩ་དེ་ཏང་ལ་ཐུག་ཡོད།”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། “ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དེ་ནམ་ཡང་ལམ་དུ་གནས་པ་དང་། ཏང་གི་རང་ངོས་གསར་བསྒྱུར་ནམ་ཡང་ལམ་དུ་གནས་པས་ལྷོད་གཡེང་དང་ངལ་དུབ་ཀྱི་བསམ་ཚུལ་གཏན་ནས་ཡོད་མི་རུང་བ་ཏང་ཡོངས་ཀྱིས་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས་པ་དང་། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་ནན་མོ་བཏང་ནས། ཏང་གི་རང་ངོས་གསར་བསྒྱུར་གྱིས་སྤྱི་ཚོགས་ཀྱི་གསར་བརྗེ་ལ་སྣེ་ཁྲིད་བྱེད་དགོས་པ”ནན་གྱིས་བསྟན།
ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་ནི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་སྒྱུར་བྱེད་པའི་ལག་ལེན་རླབས་ཆེན་ཞིག་ཡིན་ཞིང་། ལོ་ངོ་བརྒྱ་ལྷག་རིང་གི་ཏང་ཆེན་པོའི་རང་ངོས་གསར་སྒྱུར་བྱེད་པའི་བསམ་ཕྱོགས་གསར་པ་བཏོད་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྔར་བྱུང་མྱོང་མེད་པའི་བློ་སྟོབས་དང་ངེས་ཤུགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་སྐུལ་མ་གཏིང་ཟབ་བཏང་སྟེ།“མི་བརྒྱ་སྟོང་ལ་ཕོག་ཐུག་བཏང་རུང་མི་དུང་ཕྱུར་བཅུ་བཞི་ཡི” འགན་འཁྲི་ཕྲག་ཏུ་འཁུར་ནས་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་སྟེ། རང་ངོས་གསར་སྒྱུར་བྱེད་པའི་མཉམ་སྡེབ་ཀྱི་བྱེད་ཐབས་ཆ་ཚང་ཞིག་བཏོན་ཡོད། “བརྩོན་པས་རྒྱུན་མ་ལྷོད་པར”ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་ལོ་རྒྱུས་རང་བཞིན་དང་གསར་སྐྲུན་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཕྱོགས་ཀུན་དང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཡོད། ལོ་ངོ་མང་པོའི་རིང་བཀག་འགོག་བྱེད་མ་ཐུབ་པའི་བྱ་ངན་སྤྱོད་ངན་འགའ་ཤས་བཀག་འགོག་བྱས་ཏེ། དུས་ཡུན་རིང་པོའི་ནང་ཐག་གཅོད་བྱས་མེད་པའི་ནད་རྙིང་ལྟ་བུའི་གནད་དོན་མང་པོ་ཐག་གཅོད་བྱས་པ་དང་། ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་མེད་པར་བཟོས་པ། རང་ཉིད་གཙང་བཅོས་དང་རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་གོང་སྤེལ་བཅས་ཀྱི་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན་ལ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ལྷུག་ལྷོད་འཇམ་གསུམ་གྱི་གནས་ཚུལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་བ། སྤྱོད་གཙང་གཞུང་དྲང་གི་ཏང་ནང་གི་ཆབ་སྲིད་ཁོར་ཡུག་རྒྱུན་ཆད་མེད་པར་གྲུབ་པ་དང་འཕེལ་རྒྱས་ཕྱིན་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཏང་གིས་རང་ངོས་གསར་སྒྱུར་ཞེས་པའི་ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་ཐོན་པའི་དྲིས་ལན་གཉིས་པ་དེ་རྙེད་ཅིང་། མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་སྲུང་འཛིན་བྱས་པ། མི་དམངས་ཀྱིས་སྙིང་ཐག་པ་ནས་བརྩི་བཀུར་བྱེད་པའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་པ་དང་། ཏང་ཡོངས་ཀྱི་མཐུན་སྒྲིལ་ཚད་མཐོའི་གཅིག་གྱུར་བྱུང་བ། དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ། མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་བཅས་ཀྱི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་པ་རེད། ལོ་ངོ་བརྒྱ་ཕྲག་གི་འབད་འཐབ་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། ཏང་ཕྱིའི་མི་དམངས་དམངས་གཙོ་འཕེལ་རྒྱས་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱས་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ། རང་ངོས་གསར་བསྒྱུར་ལ་སྐུལ་འདེད་བཏང་བ། བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ། ནང་དུ་དགོས་གལ་ཆེ་ན་ནང་དུ་སྨན་བཅོས་བྱེད་ཕོད་པ་བཅས་བྱས་ནས། ཏང་འདི་ཉིད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་དང་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བའི་ཁག་ཐེག་བྱས་ཡོད།
འགྱུར་ལྡོག་མང་པོ་བརྒྱུད་ཀྱང་ཐོག་མའི་བསམ་འདུན་མི་བརྗེད་བའི་ཏང་ཞིག་ཡིན་ཕྱིན། ད་གཟོད་བྱ་གཞག་གི་རྨང་གཞི་བརྟན་པོ་ཡོང་ཐུབ། འོད་སྟོང་འཕྲོ་བའི་བྱས་རྗེས་བཞག་ཀྱང་སྔར་བཞིན་རང་ངོས་གསར་སྒྱུར་བྱེད་ཕོད་པའི་ཏང་ཞིག་ཡིན་ཕྱིན། གཞི་ནས་ཟླ་མེད་སྟོབས་ཤུགས་ལྡན་པ་ཞིག་ཡོང་ཐུབ། རང་ངོས་གསར་སྒྱུར་བྱེད་ཕོད་པ་ནི་ཏང་གིས་ལོ་ངོ་བརྒྱ་ཕྲག་རིང་འབད་འཐབ་བྱས་ནས་གསོ་སྐྱོང་བྱེད་པའི་གཤིས་རྒྱུད་གསལ་པོ་ཞིག་ཡིན་ལ། ཏང་གི་ཆེས་ཆེ་བའི་ཁྱད་སྟོབས་ཤིག་ཀྱང་ཡིན། ལོ་བརྒྱའི་རླུང་འཚུབ་ཆར་ཟིམ་དང་ལོ་བརྒྱའི་རྦ་རླབས་ཆེན་པོ་གང་ཞིག་ཡིན་རུང་། ང་ཚོའི་ཏང་གིས་དཀའ་ངལ་གཅིག་རྗེས་གཉིས་མཐུད་ངང་ཁྱད་བསད་བྱས་ནས་རྒྱལ་ཁ་ཡང་ནས་ཡང་དུ་ལེན་ཐུབ་པའི་འགག་རྩ་ནི་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ལྷོད་གཡེང་མ་བཏང་བར་སྤྱི་ཚོགས་ཀྱི་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་རང་ངོས་གསར་སྒྱུར་མཐར་ཕྱིན་པ་བྱ་རྒྱུར་ཐུག་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན།“ང་ཚོའི་ཏང་ནི་འཛམ་གླིང་སྟེང་གི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཆེ་ཤོས་ཤིག་ཡིན་པས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བརྩི་བཀུར་ཐོབ་པ་དང་། ཡུན་རིང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏོང་དགོས་ན། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ལས་དམིགས་བསལ་གྱི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱ་དགོས།” ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་པ་བརྒྱུད། ང་ཚོས་ཏང་ནང་གི་འབུར་ཐོན་གནད་དོན་མང་པོ་ཞིག་ཐག་གཅོད་བྱས་ཡོད་མོད། འོན་ཀྱང་ཏང་གི་མདུན་དུ་ལྷགས་པའི“ཚོད་བགམ་ཆེན་པོ་བཞི”དུས་ཡུན་རིང་པོར་གནས་པ་དང་།“ཉེན་ཁ་རིགས་བཞི”དུས་ཡུན་རིང་པོར་གནས་ཡོད། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག ཏང་གི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་རང་བཞིན་ནམ་ཡང་རྒྱུན་འཁྱོངས་བྱ་དགོས་ན། འགག་རྩ་ནི་ང་ཚོའི་ཏང་རང་ཉིད་ལ་བརྟེན་དགོས། སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྐྱོད་ལམ་གསར་པའི་སྟེང་ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་རང་ངོས་གསར་སྒྱུར་ལ་སྐུལ་སྤེལ་གཏོང་དགོས”ཞེས་གཟབ་ནན་ངང་ཁྱབ་བསྒྲགས་གནང་བ་དང་། ཁོང་གིས “སྐྱོད་ལམ་གསར་པའི་སྟེང་གི་འགྲན་སློང་གསར་པ་དང་ཚོད་བགམ་གསར་པར་དམིགས་ཏེ། ང་ཚོས་ངེས་པར་དུ་ཚད་མཐོའི་གོ་རྟོགས་སད་པ་དང་། ནམ་ཡང་རྒྱུགས་སྤྲོད་ཀྱི་རིག་པ་དྭངས་གསལ་དང་གཟབ་ནན་རྒྱུན་འཁྱོངས་བྱས་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ལོ་བརྒྱའི་ཏང་ཆེན་པོ་དེ་རང་ངོས་གསར་བསྒྱུར་ཁྲོད་རྒྱུན་ཆད་མེད་པར་སྐྱེ་སྟོབས་ཀྱི་དཔལ་འབར་བ་བྱས་ནས། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ཀྱི་བློས་འཁེལ་ཆོག་པ་དང་འགྱུར་མེད་སྟོབས་ལྡན་གྱི་སྲོག་ཤིང་ཞིག་ཏུ་འགྱུར་བར་བྱེད་དགོས”ཞེས་ནན་བཤད་གནང་།
“ལྕགས་རྡུང་ན་ཐོ་བ་མཁྲེགས་དགོས།” ཀྲུང་གོའི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་ཡོད་ལ། འགག་རྩ་ནི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དེ་ཡིན། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་ནི་ཏང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། རྒྱུགས་སྤྲོད་པའི་ལམ་བུ་གསར་པ་ཞུགས་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་པའི་བཀོད་སྒྲིག་གལ་ཆེན་བྱས། ང་ཚོས་བསམ་བློ་དང་བྱ་སྤྱོད་གཉིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཏང་གིས་རང་ངོས་གཙང་སྒྱུར་དང་རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་གོང་སྤེལ་བཅས་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ཏེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མི་སེམས་གོང་བུར་འགྲིལ་བ་དང་། ཏང་གི་རང་ངོས་གསར་སྒྱུར་ལམ་ལུགས་དང་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བ། མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་མོ་འཁུར་ཐུབ་ཅིང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱེད་པ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ། བརྗོད་བྱ་ནན་མོའི་སྒོ་ནས་སྲོལ་བཟང་སྒྲིག་ནན་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་རྒྱུན་སྲིང་ཐུབ་པ་བཅས་བྱེད་དགོས། མདུན་སྐྱོད་ཀྱི་ལམ་བུའི་སྟེང་། ནུས་ཤུགས་ཡོད་དགུས་ཏང་འཛུགས་སྐྲུན་བྱེད་པའི་སྙིང་སྟོབས་རླབས་ཆེན་དར་སྤེལ་བཏང་ནས། ཐོག་མའི་བསམ་འདུན་མི་བརྗེད་པ་དང་རང་ངོས་གསར་སྒྱུར་བྱེད་ཕོད་པ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བའི་གནོད་རྐྱེན་མཐའ་དག་རྒྱུན་ཆད་མེད་པར་གཙང་སེལ་དང་། ཏང་གི་བདེ་ཐང་ལ་གནོད་འཚེ་གཏོང་བའི་ནད་གདོན་ཐམས་ཅད་རྒྱུན་ཆད་མེད་པར་གཙང་སེལ་བྱས་ན། ང་ཚོས་ཏང་གི་ངོ་བོ་ནམ་ཡང་མི་འགྱུར་བ་དང་རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ལ་ཁག་ཐེག་ནན་མོ་བྱས་ཏེ། ཏང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་འགོ་ཁྲིད་ཀྱི་སྲོག་ཤིང་བརྟན་པོ་ཞིག་ཏུ་འགྱུར་བར་བྱེད་ཐུབ་ངེས་རེད།
ལོ་བརྒྱ་ཕྲག་རིང་དཀའ་ངལ་ཁྱད་བསད་བྱས་པ་དང་། ལྷག་པར་དུ་དུས་རབས་གསར་པའི་ལོ་བཅུའི་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་བྱས་པར་བརྟེན། ཀྲུང་གོ་གུང་ཁྲན་ཏང་སྔར་ལས་ཞུམ་མེད་སྟོབས་ལྡན་དང་སྔར་ལས་གསོན་ཤུགས་ཀྱིས་ཁེངས་པ། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་མངོན་གསལ་སྒོས་ཆེ་རུ་ཕྱིན་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་སྟེང་ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། རླབས་ཆེན་གྱི་སྐྱོད་ལམ་གསར་པའི་སྟེང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། ཏང་གི་རང་ངོས་གསར་སྒྱུར་གྱིས་སྤྱི་ཚོགས་ཀྱི་གསར་བརྗེ་ལ་སྣེ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་རྒྱལ་ཁ་གསར་པ་བརྩོན་ལེན་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་སྔར་ལས་མཛེས་སྡུག་ལྡན་པའི་བྱས་རྗེས་འཇོག་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།