ཞིན་ཁྲང་ཞིང་མཚོ་བྱང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2022.01.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་དང་པོའི་ཚེས་ཉེར་གཅིག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་ཁོ་ཡོད་སའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་མཚོ་བྱང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། རྒྱུན་མཐུད་ངང་ལག་བསྟར་བྱེད་པ། ཐོན་ཁུངས་དགེ་མཚན་ལ་རྐང་འཛུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པའི་ཁྲོད་འདྲེས་པར་བྱེད་པ། གཏན་འཇགས་གཙོར་འཛིན་པ་དང་གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱས་ཏེ། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བརྟན་པོ་འཛུགས་པ་དང་ལྗང་མདོག་ཐོན་ལས་མ་ལག་འཛུགས་པའི་སྟེང་ཤུགས་འདོན་པ་དང་ཐོད་བརྒལ་བརྩོན་ལེན་བྱེད་དགོས།

གྲོས་ཞིབ་བྱེད་སྐབས། ཀྲང་ཀོང་རོང་དང་པད་གོ  རྡོ་རྗེ། མཱ་ཞའོ་ཧྥིན། སྟག་ལྷ་སོགས་འཐུས་མིས་ད་ལོའི་བྱ་བའི་བཀོད་སྒྲིག་དང་མིན་ཡོན་གྱི་ཡོམ་འགོག་རྒུད་སྐྱོབ། གྲོང་གསེར་དར་སྤེལ་སོགས་ལ་དམིགས་ནས་གཏམ་བཤད། ཞིན་ཁྲང་ཞིང་གིས་བཤད་རྒྱུར། འདས་པའི་ལོ་གཅིག་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་ཆེས་སྤྱིར་བཏང་མིན་པའི་ལོ་གཅིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་སྐུ་དངོས་སུ་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་ཡང་བསྐྱར་སྐུ་དངོས་སུ་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཕེབས་པར་མ་ཟད་གསུང་བཤད་གལ་ཆེན་གནང་ནས། ང་ཚོས་མཚོ་སྔོན་གྱི་བྱ་བ་བཟང་པོར་བསྒྲུབ་པའི་ཐད་སྔར་ལས་ཁ་ཕྱོགས་གསལ་བོ་བསྟན་པ་དང་། འཆར་འགོད་བཟང་པོ་བྱས་ལ། བསམ་བློའི་སྒུལ་ཤུགས་ཆེན་པོ་བསྣན། ལོ་འདིའི་ནང་། དོན་ཆེན་དང་དོན་བཟང་ཧ་ཅང་མང་བ་དང་། དོན་དག་གཙོ་བོ་དང་དཀའ་ཁག་མང་པོར་འཕྲད་ལ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག དཀའ་ཁག་མང་པོ་ཁྱད་སེལ་བྱས་པ་དང་། ཚོད་བགམ་ཐེག་ཐུབ་པར་བྱས་ལ། ཞུམ་མེད་མདུན་སྐྱོད་བྱེད་པའི་ཁྲོད་དཔལ་འབྱོར་སྤྱི་ཚོགས་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་མངོན་འགྱུར་བྱས་པ་དང་། གྲུབ་འབྲས་དེ་དག་ཐོབ་སླ་མོ་ཞིག་མིན། མཚོ་བྱང་གི་འཕེལ་རྒྱས་ནི་ཞིང་ཆེན་ཡོངས་ཀྱི་བསྡུས་གཟུགས་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་ལ། དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ངང་གོང་འཕེལ་དུ་སོང་བ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་རྒྱུན་མཐུད་ངང་མཐོར་འདེགས་སོང་ལ། ཕྱོགས་སོ་སོའི་བྱ་བའི་ཐད་ནས་གྲུབ་འབྲས་བཟང་པོ་བླངས།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། མཚོ་བྱང་དུ་གསར་བརྗེའི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཡོད་པ་དང་། དྭངས་ཤིང་གཙང་བའི་མཚོ་སྔོན་པོ་སོགས་སྔོ་ལྗང་གི་བར་སྟོང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས་ཡོད་ལ། དངུལ་མདོག་གི་གངས་དཀར་དང་གསེར་མདོག་གི་སྐེ་ཚེ་མེ་ཏོག་སོགས་ཀྱི་དགེ་མཚན་མངོན་གསལ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་བརྟན་པོར་འཛིན་པ་དང་། མུ་མཐུད་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱུན་སྲིང་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་བདེ་ཐང་གི་འགོག་ར་བརྟན་པོ་འཛུགས་པའི་ཁྲོད་འོས་བབ་ཀྱི་ཁག་ཁུར་མངོན་པར་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱེད་དགོས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགུལ་སྐྱོད་རང་རྟོགས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་དང་། ཏན་ཏན་ཏིག་ཏིག་གིས་ས་གནས་བཞི་འཛུགས་སྐྲུན་བྱེད་པ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་བ། ལྷག་པར་དུ་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པའི་ཐད་རྒྱུན་མཐུད་ངང་ཤུགས་འདོན་དགོས། མུ་མཐུད་དུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་ཁྱོན་ཡོངས་ནས་སྤེལ་བ། དམངས་ཕྱུག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱས་ཏེ། ཧུར་ཐག་གིས་མཛེས་སྡུག་ཡིད་འོང་དང་ལས་དར་སེམས་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་བྱེད་པའི་དོན་དངོས་རེ་རེ་བཞིན་བཟང་པོར་བསྒྲུབ་དགོས། ལྷག་པར་དུ་གོ་རིམ་ལྡན་པའི་སྒོ་ནས་ཡོམ་འགོག་རྒུད་སྐྱོབ་བྱ་བ་སྣ་ཚོགས་བཟང་པོར་བསྒྲུབ་ནས། གནོད་ཐེབས་མང་ཚོགས་ཀྱིས་དྲོད་ཁོལ་ལྡན་པའི་དགུན་ཁ་ཞིག་རོལ་བ་དང་སེམས་བདེ་མོས་དུས་ཆེན་ལ་རོལ་ཐུབ་པར་ཁག་ཐེག་བྱེད་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་དངོས་འབེབས་བཟང་པོ་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།