རྡོ་རྗེ་རབ་བརྟན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་དཔལ་འབྱོར་དང་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ལས་རིགས་ཀྱི་ཚན་ཆུང་གི་གྲོས་སྡུར་ལ་ཞུགས།
2022.01.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

རྡོ་རྗེ་རབ་བརྟན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་དཔལ་འབྱོར་དང་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ལས་རིགས་ཀྱི་ཚན་ཆུང་གི་གྲོས་སྡུར་ལ་ཞུགས་པ་དང་། ཨུ་ཡོན་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་སྡུར་བྱས།

རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་དོན་ཆ་ཚང་བ་དང་གཙོ་གནད་འབུར་དུ་ཐོན་ལ། དངོས་ཐོག་བདེན་འཚོལ་ཡིན་པ་དང་མི་སེམས་ལ་སྐུལ་མ་ཐེབས་པར་བྱེད་ཐུབ། འདས་པའི་ལོ་གཅིག་ནང་། ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཐད་ནས་དཀའ་ངལ་ཁྱད་སེལ་བྱས་ནས། སྔོན་རྩིས་དམིགས་འབེན་ཡོངས་འགྲུབ་བྱས་པ་དང་། དེའི་ཐད་ནས་མངོན་གསལ་གྱི་ཁྱད་ཆོས་གསུམ་ཡོད་དེ། གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་རེ་བ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། གཉིས་ནི་དཔལ་འབྱོར་སྤྱི་ཚོགས་ཀྱི་ལས་དོན་སྣ་ཚོགས་བརྟན་བརླིང་དང་བདེ་ཐང་འཕེལ་རྒྱས་སུ་གཏོང་བ། གསུམ་ནི་དམངས་ཚིས་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་ཡིན་བཅས་ཡིན།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། སྲིད་གཞུང་བྱ་བའི་སྙན་ཞུས་ད་ལོའི་བྱ་བ་སྣ་ཚོགས་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པ་དང་། ཀྲུང་དབྱང་གི་དགོངས་དོན་ལག་བསྟར་བྱས་ལ། མཚོ་སྔོན་གྱི་ཁྱད་ཆོས་དང་མི་དམངས་ཀྱི་འདོད་བློ་མངོན་པར་བྱས་ཡོད། གཅིག་ནས་དམིགས་འབེན་ལས་འགན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་མཐུན་པ་དང་། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་དང་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་གི་འཚོ་བའི་ཐད་ཀྱི་རེ་བ་གསར་བ་མངོན་པར་བྱས་ཡོད། གཉིས་ནས་བྱ་འི་གཙོ་གནད་འབུར་དུ་ཐོན་པར་བྱས་ཡོད་པ་དང་། ས་གནས་བཞི་འཛུགས་སྐྲུན་སོགས་ཕྱོགས་བདུན་ཐད་ཀྱི་བྱ་བ་གཙོ་བོ་གཙིགས་འཛིན་བྱས་ལ། ལས་འགན་ཁ་གསལ་དང་བྱེད་ཐབས་ཤུགས་ལྡན། དམིགས་འབེན་གསལ་བོ་ཡིན་པ་མ་ཟད། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན། གསུམ་ནས་རང་སྟེང་འཛུགས་སྐྲུན་སྔར་ལས་ནན་མོ་ཡིན་པ་དང་། སྙན་ཞུ་ཡིས་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པ་སོགས་ཕྱོགས་བཞི་ཐད་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་གཞུང་དོན་སྒྲུབ་མཁན་ཚོར་རེ་བ་ནན་མོ་བཏོན་ནས། འགན་འཁྲི་ཁག་ཁུར་དང་ལག་བསྟར་ནུས་པ་ཆེན་པོ་མངོན་པར་བྱས་ཡོད།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ལས་རིགས་སོ་སོའི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་བསྡུར་ནན་མོ་བྱེད་པ་དང་། རང་ཉིད་ཀྱི་བྱ་བའི་ལས་རྐང་དང་ཞིབ་འཇུག་ཁྱབ་ཁོངས། ལས་སྒོའི་ཁྱད་ཆོས་བཅས་ལ་ཟུང་འབྲེལ་བྱས་ནས་བསམ་འཆར་བཏོན་ཏེ། སྙན་ཞུ་སྔར་ལས་འཐུས་ཚང་དུ་གཏོང་དགོས་པ་དང་། སྙན་ཞུའི་དགོངས་དོན་དང་ངོ་བོ་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཞིབ་བཤེར་ཞིབ་འཇུག་དང་བློ་འདོན་ཇུས་འབུལ། སྤྱི་ཚོགས་ཀྱི་གནས་ཚུལ་དང་མང་ཚོགས་ཀྱི་འདོད་བློ་དང་ཆ་འཕྲིན་གསལ་བོར་བཤད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། ཧུར་ཐག་གིས་མཚོ་སྔོན་གྱི་བཅོས་བསྒྱུར་འཕེལ་རྒྱས་དང་སྤྱི་ཡོངས་གཏན་འཇགས་ཡོང་བའི་ཐད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

རིན་ཆེན་མཚོས་བསྒྱུར།