གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།(གསར་འགོད་པ། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ།)མཚོ་བོད་མཐོ་སྒང་གི་ཡུལ་གྲུ་ཀུན་ཏུ་དངུལ་དཀར་གྱི་ཁ་བས་གཡོགས་ཤིང་གྲང་རླུང་འུར་འུར་ལྡང་བའི་དུས་ཚིགས་འདི་དང་། ལྷག་པར་དུ་མཚོ་སྔོན་གྱི་ས་ཕྱོགས་སོ་སོར་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་བཞིན་པའི་སྐབས་འདིར། ངེད་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན། བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་དུ་སྒྲུབ་པའི༼དཔྱིད་གསར་ལ་གཞི་རིམ་དུ་བསྐྱོད་པ༽ཞེས་པའི་བཅར་འདྲིའི་ཚན་ཆུང་གནའ་མཁར་ཟི་ལིང་ནས་ལམ་ལ་ཆས་ཏེ་བཅར་འདྲིའི་ས་ཚིགས་དང་པོ་སྟེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་དུ་བསྐྱོད། དུས་ཚོད་བཞི་ལྷག་གི་ལམ་ཐག་བརྒྱུད་མཐར་གཞི་ནས་ཧི་ནན་རྫོང་ཐོག་ཏུ་ཐོན་པ་དང་། རྫོང་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་ལས་བྱེད་མི་སྣ་དང་གླེང་མོལ་བྱས་རྗེས་ཏང་འཛུགས་བྱ་བའི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པ་ཤེས་རྟོགས་བྱུང་བས་དེའི་སྐོར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་སོང་བ་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དང་བསམ་བློ། ཀུན་སྤྱོད་ལ་བརྟེན་ནས་གྲོང་གསེབ་ཀྱི་བསམ་བློ་དང་རིག་གནས་ཀྱི་གཡུལ་ས་བརྟན་པོར་འཛིན་པ་དང་། གྲོང་གསེབ་ཀྱི་རྒྱ་ཆེའི་མང་ཚོགས་རྣམས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་པར་སྐུལ་སློང་བྱེད་དགོས་ལ། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་། ཀུན་སྤྱོད་ཀྱི་ཆུ་ཚད། དཔལ་ཡོན་གྱི་བྱང་ཚད་དང་སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་ཆུ་ཚད་བཅས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས”ཞེས་གསུངས་པའི་དགོངས་དོན་ལྟར་ཧི་ནན་རྫོང་གིས་ཀྱང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱས་ཏེ་ས་གནས་མང་ཚོགས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་དགོས་མཁོ་སྐོང་བཞིན་འདུག
ཧི་ནན་རྫོང་གིས་སྔོན་ཐོན་དཔེ་བཟང་མི་སྣ་འདེམ་རྒྱུ་དེ་དྲིལ་བསྒྲགས་བསམ་བློ་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་ནང་དོན་གལ་ཆེན་དུ་བརྩིས་ནས་མི་ཚེ་གང་བོར་བློ་གཅིག་སེམས་གཅིག་དང་བསམ་པ་རྣམ་དག་གིས་ཏང་གི་རྗེས་སུ་འབྲངས་པ་དང་ཏང་གི་བཀའ་ལ་ཉན་པའི་སྔོན་ཐོན་དཔེ་བཟང་མི་སྣ་ཁག་གཅིག་གི་མི་སེམས་འགུལ་བའི་བྱས་རྗེས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་བཞིན་འདུག མིག་སྔའི་བར་དུ་རྫོང་ཡོངས་ཀྱི་མི་གྲངས་ཁྲི་བཞི་དང་སྟོང་གསུམ་གྱི་ཁྲོད་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་མཁན་སོ་གཅིག་དང་ཞིང་ཆེན་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་མཁན་བཅོ་བརྒྱད། ཁུལ་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཉི་ཤུ་བཅས་ཡོད་པ་རེད།
ཧི་ནན་རྫོང་མཁར་དང་བར་ཐག་སྤྱི་ལེ་དྲུག་ཅུ་ལྷག་གིས་ཆོད་པའི་མདོ་སུམ་ཞང་ལ་ཐོན་པ་ན་ཐོག་མར་མིག་ལམ་དུ་མངོན་ཡོང་བ་ནི་ཁོད་ཡངས་པའི་གཞུང་ལམ་གྱི་འགྲམ་གཉིས་སུ་ལྷབ་ལྷུབ་ཏུ་བསྐྱོད་བཞིན་པའི་ཏང་གི་དར་ཆ་དམར་པོ་དག་རེད་ལ། ཡུལ་དེའི་མི་རྣམས་ཀྱི་གདོང་གི་འཛུམ་མདངས་ལས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དྲོན་མོའི་འོག་གི་སྐྱིད་སྣང་ཚོར་ཐུབ། ཉེ་བའི་ལོ་འདི་དག་གི་རིང་ལ། མདོ་སུམ་ཞང་གིས་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ཁང་བཙུགས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དོན་འཁྱོལ་དང་མི་སེམས་སུ་ཟུག་རྒྱུར་སྐུལ་འདེད་བཏང་ནས་ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་ཅེས་པའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་རེད།
ང་ཚོ་མདོ་སུམ་ཡུལ་ཚོ་སྲིད་གཞུང་དུ་ཐོན་པ་ན་ཡི་གེ་ཀློག་འདོན་གྱི་སྒྲ་ཞིག་རྣ་ལམ་དུ་གྲགས་ཡོང་། མ་གཞི་དེ་ནི་མདོ་སུམ་ཡུལ་ཚོའི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ཁང་ནང་དུ་ས་གནས་མང་ཚོགས་ཀྱིས་ཏང་གི་སྲིད་ཇུས་སོགས་ལ་སློབ་སྦྱོང་བྱེད་བཞིན་པ་དེ་རེད། ཡུལ་དེའི་མང་ཚོགས་རྣམས་ཀྱིས་རྒྱུན་པར་དཔལ་ཡོན་ལག་ལེན་ཁང་དུ་སློབ་སྦྱོང་བྱེད་པའི་ཞོར་དུ་རང་འགུལ་ངང་ཉེ་འཁོར་གྱི་གད་སྙིགས་སོགས་ལ་གཙང་སྦྲ་བྱས་ཏེ་ཁོར་ཡུག་བཅོས་སྐྱོང་ཁྲོད་ཧུར་ཐག་གིས་ཞུགས་བཞིན་གདའ།
ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་པས། ཧི་ནན་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་དང་། ནུས་ཤུགས་ཡོད་རྒུས་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། དཀའ་སྤྱད་སྡུག་རུས་ཀྱིས་ལས་དོན་སྒྲུབ་པ་དང་ཞུམ་མེད་མདུན་བསྐྱོད་བྱས་ཏེ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་བཞིན་མཆིས།