གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ།) སྤྱི་ཟླ་དང་པོའི་ཚེས་བདུན་ཉིན། ང་ཚོའི་གསར་འགོད་ཚན་ཆུང་ཧི་ནན་རྫོང་གི་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་ཡི་འབྲེལ་ཡོད་མི་སྣ་དང་མཉམ་དུ་ཧི་ནན་རྫོང་གི་སྐྱེ་ལྡན་ཕྱུགས་ལས་མཉམ་ལས་ཁང་གི་དེང་རབས་ཕྱུགས་ལས་གཉེར་སྟངས་དང་རྒྱུད་བཟང་ནོར་ལུག་གསོ་སྤེལ་གྱི་གྲུབ་འབྲས་ལ་རྒྱུས་ལོན་བྱེད་དུ་སོང་།
རྒྱུས་ལོན་བྱུང་བ་ལྟར་ན། རྨ་ལྷོ་རྫོང་གིས་མཐའ་འཁོར་གྱི་ཉམས་མྱོང་དཔྱད་གཞིར་བཟུང་ཞིང་ཕྱོགས་མང་པོ་ནས་བརྟག་ཞིབ་བྱས་པ་བརྒྱུད་སྤུས་ཚད་མཐོ་བའི་ཕྱུགས་ལས་དར་རྒྱས་གཏོང་རྒྱུ་དང་སྐྱེ་ལྡན་ཕྱུག་འགྱུར་གྱི་ཕྱུགས་ལས་ཤུགས་ཆེར་གཏོང་བའི་འཐབ་ཇུས་གཏན་འཁེལ་བྱས་ལ། ཧི་ནན་རྫོང་གི《སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་འཆར་འགོད》སོགས་སྒྲིག་བཟོ་ལེགས་སྒྲུབ་བྱས། རྟེན་གཞིའི་ཐོན་ལས་ལ་ཁྱོན་ཡོངས་ནས་འཆར་འགོད་བྱས་པ་བརྒྱུད་རྟེན་གཞི་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་མུ་མཐུད་དུ་ཆེ་རུ་བཏང་སྟེ་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་5བསྐྲུན་པ་དང་། 2020ལོར་སྐོར་དགུ་བའི་རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་གྱི་མཚན་སྙན་ཐོབ་པ་རེད།
དེ་དང་ཆབས་ཅིག་སྲིད་འཛིན་སྡེ་བ39ཡི་ཐུན་མོང་དཔལ་འབྱོར་ལམ་ལུགས་སྒྱུར་བཅོས་དག་ཐེར་ལས་དོན་ལེགས་སྒྲུབ་བྱས་ཤིང་། ཧོར་ཝན་དང་གཏེར་ལུང་། མདོ་སུམ་བཅས་སྲིད་འཛིན་སྡེ་བ་གསུམ་གྱི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་མཉམ་ལས་ཁང་དང་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་མཉམ་འདྲེས་འཕེལ་རྒྱས་ཀྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་ནས“ཤོ་དོ་ནོར་ནག”ཕྱུགས་ར་གཅིག་བསྐྲུན་ཞིང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་དང་ནོར་ནག་ཐོན་ལས་འཕེལ་རྒྱས་ཀྱི་ཡུལ་དངོས་ལྟ་སྦྱོང་བྱ་བ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་རེད།
“ཁེ་ལས་དང་མཉམ་ལས་ཁང་། འབྲོག་ཁྱིམ་ཟུང་དུ་འབྲེལ་བའི”ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ནས་ཁྱད་ལྡན་ཚད་ལྡན་ཅན་གྱི་གསོ་སྤེལ་དཔེ་སྟོན་ར་བ་23བསྐྲུན་པ་དང་། “དྲ་སྦྲེལ་+རིག་ནུས་ཕྱུགས་ལས”ཀྱི་བྱེད་སྟངས་ལ་སྐུལ་འདེད་བཏང་ནས་གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་གཞི་གྲངས་ཆེན་མོའི་སྟེགས་བུ་དང་སྐྱེ་ཁམས་བར་སྟོང་འགྲེམས་སྟོན་ཚོམས་ཆེན་འཛུགས་སྐྲུན་བྱས།
ཧི་ནན་རྫོང་གིས“ཐོན་ལས་འབྲེལ་ཐག་སྣུར་སྲིང་དང་། རིན་ཐང་འབྲེལ་ཐག་ཇེ་ལེགས་སུ་གཏོང་བ། མཁོ་སྤྲོད་འབྲེལ་ཐག་གཏོད་པ”བཅས་ཀྱི་ལས་གཞི་ཆེན་པོ་གསུམ་ལ་དམིགས་ཏེ་ཤོ་དོ་ནོར་ནག་གི་ཐོན་ཁུངས་སྲུང་སྐྱོབ་རྣམ་གྲངས་དང་ནོར་ལུག་གི་ཐོན་ཁུངས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད་པ་དང་། འཚོ་བའི་གད་སྙིགས་ཁག་བགོས་བྱས་ནས་ཚུར་བསྡུ་བྱེད་པ་སོགས་ཀྱི་རྣམ་གྲངས་ལ་སྐུལ་འདེད་ལེགས་པོ་བཏང་སྟེ་སྐྱེ་ལྡན་ཕྱུགས་ལས་ཀྱི་མ་ལག་ཧྲིལ་བོ་རིམ་འཕར་དང་འབྲེལ་ཐག་གི་རིན་ཐང་འཕར་བར་བྱེད་པ། ཧི་ནན་གྱི་སྣེ་འདྲེན་སྤུས་དག་ཐོན་རྫས་དྲ་ཐོག་ནས་ཕྱིར་འཚོང་བྱེད་པ་སོགས་ཚོང་ལས་སྟེགས་བུ་བསྐྲུན་རྒྱུ་རྒྱ་སྐྱེད་བཏང་བ་རེད།
སྤྱི་ལ་གནོད་པ་མེད་པ་དང་ལྗང་མདོག་ལྡན་པ། སྐྱེ་ལྡན་བཅས་ཡིན་པའི་ཕྱུགས་ལས་ཐོན་རྫས་ཐོན་ཡུལ་འཛུགས་སྐྲུན་བྱེད་པར་མུ་མཐུད་ནས་སྐུལ་འདེད་བཏང་སྟེ། རྨ་ཁུག་གི་རྟ་དང་ཤོ་དོའི་ནོར། དངུལ་རྭའི་ལུག་བཅས་ཕྱུགས་རྒྱུད་ཆེན་པོ་གསུམ་རྒྱལ་ཁབ་ཀྱི་སྒོ་ཕྱུགས་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་གི་མིང་མཛོད་དང་རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་སུ་ཚུད་པར་བྱས་ལ། དེ་མིན་ཤྭ་བ་གསོ་སྤེལ་གྱི་ལས་གཞིར་སྐུལ་འདེད་བཏང་སྟེ། ཁྱོན་ཡོངས་ནས་ཕྱུགས་རིགས་གསོ་སྤེལ་གྱི་ལས་གཞི་བསྒྲུབས་ཤིང་སྐྱེ་ལྡན་གྱི་ཕྱུགས་ལས་འཕེལ་རྒྱས་གཏོང་བར་ནུས་ཤུགས་གང་ཡོད་བཏོན་པས། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་རྟེན་གཞི་དེར་བསྟུད་མར་ལོ་བཅུ་བཞི་ལ་ངོས་ལེན་ར་སྤྲོད་ཐོབ། ངོས་ལེན་ར་སྤྲོད་ཐོབ་པའི་རྩྭ་རའི་རྒྱ་ཁྱོན་གྱིས་མུའུ་ཁྲི་931.98ཟིན་ཞིང་། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་སྐོར་དང་པོ་དང་སྐོར་གཉིས་པའི་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་དང་། སྐོར་གསུམ་པའི་རྒྱལ་ཁབ་རིམ་པའི་སྐྱེ་ལྡན་ཟས་རིགས་ཐོན་སྐྱེད་རྟེན་གཞི།“སྐྱེ་ལྡན་ཐོན་རྫས་ངོས་ལེན་ཐོབ་པའི”དཔེ་སྟོན་ཁུལ་སོགས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད།