གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ། སྐལ་བཟང་མཚོ།) རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་སྐབས་གནང་བའི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དག་བསམ་བློའི་ཁྲིད་སྟོན་དུ་བཟུང་སྟེ་ཐོག་མཐའ་བར་གསུམ་ཀུན་ཏུ་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དང་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་དོན་འཁྱོལ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱས།
འགྱིག་ཁུག་གཏན་འགོག་དང་རྩྭ་ཕྱུགས་དོ་མཉམ། རྨོ་སྐྱུར་རྩྭ་སྐྱོང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ལ་བརྟེན་ནས། ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་རྫོང་དང་ས་ནག་ཐང་དུ་འགྱུར་བའི་རྩྭ་ས་ལེགས་བཅོས།རྫོང་རིམ་པའི་ལས་བྱེད་པའི་ཁག་ཁུར་རྩྭ་ར། ཆུ་བོ་གཙང་བསྒྱུར་སོགས་བྱེད་ཐབས་གསར་པ་རབས་དང་རིམ་པར་བརྟེན་ནས་མི་སྡོད་ཁོར་ཡུག་ཧུར་ཐག་སྒོས་ལེགས་བཅོས་བྱས་པ་མ་ཟད་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད།
རྨ་ཆུ་སྔོན་མོའི་ལྷོ་ཕྱོགས་སུ་གནས་བའི་རྫོང་མཁར་འདི་ནི་ཕྱུགས་ལས་ཐོན་སྐྱེད་གཙོར་བརྟེན་པའི་རྫོང་ཞིག་ཡིན་ལ། རྩྭ་ཐང་ནི་ཁོ་ཚོའི་འཚོ་རྟེན་དང་དམ་དུ་འབྲེལ་བའི་འཆིང་ཐག་ལྟ་བུ་ཡིན་པས། ཁོ་ཚོས་ནམ་ཡང་རང་གི་ཕ་ས་ཕ་ཡུལ་གྱི་ཚེ་སྲོག་ལ་སྲུང་སྐྱོབ་དང་བདག་གཉེར་བྱེད་མུས་ཡོད།
ཁས་ཆག་ཐང་ནི་ཀན་སུའུ་དང་མཚོ་སྔོན་གཉིས་ཀྱི་འབྲེལ་མཚམས་སུ་གནས་ཡོད་ལ། ལོ་དུ་མ་ཞིག་གི་སྔོན་རལ་གནས་དེར་རྩྭ་ཕྱུགས་དོ་མ་མཉམ་པ་དང་།ཨ་བྲ་དང་རང་བྱུང་ཁོར་ཡུག་གི་གནོད་འཚེའི་དབང་གིས་རྩྭ་ས་མང་པོ་ས་ནག་ཐང་དུ་གྱུར་ཏེ་མང་ཚོགས་ཀྱི་འཚོ་སྡོད་དང་ཕྱུགས་རིགས་ཀྱི་འཚོ་སྐྱོང་ཐད་ནས་སྔ་ན་མེད་པའི་དཀའ་ངལ་དང་འཕྲད་ནའང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་། རྩྭ་ཐང་བྱ་སྒྲུབ་ཚན་ཆུང་དང་ས་གནས་མང་ཚོགས་ཀྱི་འབད་འབུངས་ལ་བརྟེན་ནས་རྩྭ་ས་བཅོས་སྐྱོང་དང་ས་ནག་ཐང་དུ་འགྱུར་བའི་མ་ཡུམ་རྩྭ་ཐང་གི་རྣམ་པར་རྩ་བའི་ཆ་ནས་འགྱུར་བ་བཏང་།
ལྗང་མདོག་གི་རྩྭ་ཐང་ལ་སྔར་ལས་སྐྱེས་སྟོབས་དང་གསོན་ཤུགས་ཀྱི་རྣམ་པ་མངོན་ཡོང་དུས་གནས་དེ་རུ་འཚོ་སྡོད་བྱེད་པའི་འབྲོག་པ་མང་ཚོགས་དག་གི་གདོང་ལའང་བཅོས་མིན་འཛུམ་གྱིས་ཁེངས་ཤིང་མ་འོངས་པའི་བདེ་སྐྱིད་ཀྱི་འཚོ་བར་ཡིད་ཆེས་དང་རེ་སྨོན་གྱིས་ཁེངས་འདུག
ཉེ་བའི་ལོ་འགའི་རིང་ལ། རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ཐད་ཀྱི་སྲིད་ཇུས་གོ་སྐབས་དམ་འཛིན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་བསམ་བློའི་དགོངས་པ་ལག་བསྟར་དོན་འཁྱོལ་དང་།རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་ནི་ཕྱུགས་ལས་ཐོན་སྐྱེད་ཀྱི་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བའི་བསམ་བློའི་འདུ་ཤེས་ཀྱི་རྐང་འཛུགས་ས་བྱས་ཏེ།རྩྭ་ཕྱུགས་དོ་མཉམ་དང་།རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ།རྩྭ་ཐང་ཕྱུགས་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གཏན་འཇགས་སྒོས་འཕེལ་རྒྱས་དང་།མིའི་རིགས་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་བཅས་ཀྱི་ཐད་ནས་ངོམ་ཆོག་ཆོག་གི་གྲུབ་འབྲས་བླངས་ཡོད།