(གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། གསར་འགོད་པ། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ།) ཉེ་བའི་ལོ་འདི་དག་གི་རིང་ལ། རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་མི་དམངས་སིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག རྩེ་ཁོག་རྫོང་སློབ་གསོ་ཅུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་སློབ་གསོའི་ལམ་ཕྱོགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས། ལྷག་པར་དུ་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སློབ་གསོའི་རོགས་སྐྱོར་སྲིད་ཇུས་དངོས་འབེབས་བྱས་ཏེ། སློབ་གསོའི་སྤུས་ཚད་མཐོར་འདེགས་དང་། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན། སློབ་གསོའི་སྒྲིག་གཞི་འཐུས་ཚང་། སློབ་ཁྲིད་ཀྱི་ཐབས་ལམ་བཅོས་བསྒྱུར་སོགས་ཀྱི་ཕྱོགས་ལ་ ཤུགས་བསྣན་ནས། རྫོང་ཡོངས་ཀྱི་སློབ་གསོའི་འཕེལ་རྒྱས་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་ཡོད།
རྩེ་ཁོག་རྫོང་ཡོངས་ལ་སློབ་གྲྭ་ཆུང་འབྲིང་དང་བྱིས་སྐྱོང་ཁང་རེ་གསུམ་ཡོད་པ་དང་། དེའི་ནང་སློབ་འབྲིང་གསུམ་དང་། སློབ་ཆུང་ཉེར་བཞི། བྱིས་སྐྱོང་ཁང་སོ་དྲུག་བཅས་ཡོད། སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཁྲི་གཅིག་དང་སྟོང་གསུམ་བརྒྱད་བརྒྱ་གྱ་དྲུག་ཡོད་པ་དང་། དེའི་ནང་སློབ་ཆུང་སློབ་མ་སྟོང་བརྒྱད་དང་དགུ་བརྒྱ་སོ་གསུམ་དང་། དམའ་འབྲིང་སློབ་མ་སྟོང་གསུམ་དང་དགུ་བརྒྱ་གྱ་བདུན། མཐོ་འབྲིང་སློབ་མ་དགུ་བརྒྱ་རེ་དྲུག་ཡོད། འོས་འགན་སློབ་གསོའི་སློབ་ཞུགས་ཚད100%ལ་སླེབས་ཡོད་པ་དང་། བྱིས་སྐྱོང་ཁང་གི་སློབ་མ་སྟོང་ལྔ་དང་ཉེར་དྲུག་ཡོད་པ་དང་། སློབ་ཞུགས་ཚད 98.65%སླེབས་ཡོད། རྫོང་ཡོངས་ལ་དགེ་རྒན་དང་ལས་བཟོ་བ་སྟོང་གཅིག་དང་སུམ་བརྒྱ་དྲུག་ཡོད་པ་རེད།
རྩེ་ཁོག་རྫོང་སློབ་གསོ་ཅུའུ་ཡིས་ཐོག་མཐའ་བར་གསུམ་དུ་ཏང་གི་སློབ་གསོའི་ཁ་ཕྱོགས་དོན་འཁྱོལ་བྱེད་པ་དང་ཏང་གི་སློབ་གསོའི་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པར་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ལངས་ཕྱོགས་བརྟན་སྲུང་བྱེད་པ། གཞི་རིམ་སློབ་གྲྭའི་ཏང་རྩ་འཛུགས་ཚད་ལྡན་ཅན་དུ་གཏོང་བ། ཏང་ཡོན་དགེ་རྒན་སྐྱེད་སྲིང་བྱེད་པར་ཤུགས་སྣོན་བྱེད་པ། ཏང་གི་སློབ་གསོར་བློ་དཀར་ཞིང་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ། གཞུང་ལུགས་ཀྱི་ཆུ་ཚད་ལྡན་པའི་དཔེ་ལེགས་དགེ་རྒན་སློབ་གྲྭའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སློབ་གཙོར་བསྐོ་བཞག་བྱེད་པ། སློབ་གྲྭའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ནུས་དང་ཏང་ཡོན་དགེ་རྒན་གྱི་རང་དཔེ་གཞན་སྟོན་གྱི་ནུས་པ་མཐོར་འདེགས་སུ་གཏོང་བ་སོགས་བྱས་ཏེ། རྫོང་ཡོངས་ཀྱི་སློབ་གསོའི་འཕེལ་རྒྱས་ལ་གྲུབ་འབྲས་ལེགས་པོ་བླངས་ཡོད། མིག་སྔར་སློབ་གསོའི་སྡེ་ཁག་ཡོངས་ལ་ཏང་ཀྲི་པུའུ་ཉེར་དགུ་ཡོད་ལ། ཏང་ཡོན་སུམ་བརྒྱ་དང་བཞི་སྐྱེད་སྲིང་བྱས་ཡོད། སློབ་གྲྭ་ཆུང་འབྲིང་གི་ཏང་རྩ་འཛུགས་དང་ཏང་འཛུགས་སྐྲུན་གྱི་ཁྱབ་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད།
དེ་མིན་རྩེ་ཁོག་རྫོང་སློབ་གསོ་ཅུའུ་ཡིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སློབ་བྱོལ་སྔོན་འགོག་བྱ་བ་དེ་རྫོང་དང་ཞང་མི་དམངས་སྲིད་གཞུང་། སློབ་གསོའི་ཅུའུ། སློབ་གྲྭ་སོ་སོའི་ལོ་རེའི་བྱ་བའི་དམིགས་ཚད་དུ་བཟུང་སྟེ། རིམ་པ་བཞིན་འགན་འཁྲི་ཡི་གེ་འབྲི་བ་དང་། འོས་འགན་སློབ་གསོའི་བཅའ་ཁྲིམས་དང་ནར་མ་སོན་པའི་བྱིས་པ་སློབ་གྲྭར་སྐྱེལ་བའི་འདུ་ཤེས་མཐོར་འདེགས་སུ་གཏོང་བ། བྱིས་པའི་སློབ་གསོ་མྱོང་བའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་སོགས་བྱས་ཏེ་རྫོང་ཡོངས་ཀྱི་སློབ་བྱོལ་གྱི་གནད་དོན་གཙང་སེལ་བྱས་ཡོད་ལ། ཉེ་བའི་ལོ་འདི་གའི་རིང་ལ་རྩེ་ཁོག་རྫོང་གིས་མཐོ་རྒྱུགས་དང་འབྲིང་རྒྱུགས། དེ་མིན་སློབ་ཆུང་དང་སློབ་སྔོན་སློབ་གསོ་བཅས་ཀྱི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་དང་ལེན་བཞིན་ཡོད།