​ལས་གནས་འབད་པས་སྲུང་བཞིན་པའི་བྲག་དཀར་རྫོང་གི་ཁོར་སྲུང་མི་སྣ།
2022.01.26 ཁུངས། ཀློག་གྲངས། 90


           (གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། གསར་འགོད་པ།ཐུབ་བསྟན། ཐུབ་བསྟན་རྡོ་རྗེ།) བྲག་དཀར་རྫོང་གིས་དུས་རབས་གསར་བའི་དཔལ་ཡོན་མཁར་གྲོང་འཛུགས་སྐྲུན་དང་རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་དེ་ལས་གཞི་གལ་ཆེན་ཞིག་ཏུ་བཞག་ནས་རྫོང་གི་གོང་འོག་བར་གསུམ་ཐམས་ཅད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འབད་པ་ལྷུར་ལེན་བྱེད་བཞིན་ཡོད་དེ། གནས་དེར་འཚོ་ཞིང་བཞེས་པའི་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་འགོ་ཁྲིད་འོག་ཏུ་དབུལ་ཕོངས་ཀྱི་ཞྭ་མོ་རྒྱང་དུ་དོར་ཏེ་ཡིད་ཆེས་དང་སྤོབས་སེམས་ཀྱིས་འབྱོར་འབྲིང་གི་ལམ་དུ་སྐྱོད་བཞིན་འདུག

        བྲག་དཀར་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་དང་རྫོང་མཁར་གྲོང་དོ་དམ་ཅུའུ་ཡི་རྩ་འཛུགས་འོག་ཏུ་ཁོ་ཚོས་རྫོང་མཁར་འདིའི་ཁོར་ཡུག་ལ་གཙང་སྦྲ་བྱེད་མཁན་གྱི་རུ་ཁག་ཅིག་རྩ་འཛུགས་བྱས་ཡོད། མི་བརྒྱད་ཅུ་ལྷག་གིས་གྲུབ་པའི་ཁོར་ཡུག་གཙང་སྦྲ་རུ་ཁག་འདི་ནི་བྲག་དཀར་རྫོང་ཁོངས་སུ་ལྟོས་བཅས་ཀྱིས་འབྱོར་བ་ཅུང་ཞན་པའི་ཁྱིམ་ཚང་གི་མི་ཡིན། ཁོ་ཚོས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་རང་གི་ལས་གནས་བརྟན་སྲུང་བྱས་ཏེ། དགུན་གྱི་གྲང་ངར་དང་དབྱར་གྱི་ཚ་གདུག་ཁྲོད་དུ་གྲོང་ཁྱེར་འདིའི་མཛེས་སྡུག་ལ་ཁ་དོག་གསར་བ་སྣོན་བཞིན་ཡོད།

ཞོགས་པའི་ཆུ་ཚོད་བཞི་བ་ནས་བཟུང་ཁོ་ཚོ་རྒྱ་སྲང་གི་བཞི་མདོ་ཆེན་མོ་ནས་མཉམ་དུ་འཚོག་སྟེ་མི་གྲངས་བླངས་རྗེས། སོ་སོའི་ལས་བགོས་ཀྱི་ས་ཁོངས་ལྟར་རང་གི་ཕྱགས་མ་དང་གཙང་སྦྲའི་ཡོ་བྱད་སོགས་བཟུང་སྟེ་སྲང་ལམ་ལ་གད་བདར་བྱེད་དགོས། ཁོ་ཚོས་དབྱར་དགུན་སྟོན་དཔྱིད་རེས་མོས་སུ་རང་གི་ལག་ཟུང་དང་བརྩོན་པར་བརྟེན་ནས་ཁྱིམ་ཚང་གི་ཡོང་སྒོ་འཕར་སྣོན་དང་སྒོས་སུ་རྫོང་ཁོངས་ཀྱི་ཁོ་ར་ཁོར་ཡུག་ཀུན་ཏུ་དག་གཙང་དང་མཛེས་སྡུག་གི་རྣམ་པ་ཞིག་མངོན་ཕྱིར་ཆེས་སྤྱིར་བཏང་གི་ལས་གནས་ཤིག་ཏུ་འབད་པ་ལྷུར་ལེན་གྱིས་སྲི་ཞུ་སྒྲུབ་བཞིན་འདུག་ལ། རྫོང་སྲིད་གཞུང་གིས་ཁོ་ཚོའི་བདེ་སྡུག་ལ་ཐུགས་ཁུར་གནང་དེ་དགུན་ལྭ་སྟེར་བ་དང་ནངས་ཇ་འཐུང་སའི་ས་གནས་གཏན་ཁེལ་བྱས་ཏེ་ཁོ་ཚོའི་ལས་ཀར་རོགས་འདེགས་བྱེད་བཞིན་འདུག

ཁོ་ཚོས་དུས་ནམ་ཡང་རང་གི་ལག་ཟུང་དང་ཤེས་རབ་ལ་བརྟེན་ནས་མཛེས་སྡུག་གི་ཁྱིམ་གཞིས་སྐྲུན་བཞིན་ཡོད་ལ། ཁོ་ཚོས་རང་གི་ཐབས་དང་བློ་གྲོས་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་བཞིན་ཡོད། མཐོ་སྒང་གི་རྩྭ་ཐང་ན་ཆགས་པའི་གྲོང་ཁྱེར་འདིའི་ཁོར་ཡུག་ཀུན་ཏུ་གད་སྙིགས་གཙང་སེལ་བྱས་པ་ཤིན་ཏུ་ལེགས་པས། ནག་ནོག་གི་དྲི་མ་མེད་ཅིང་མཛེས་སྡུག་གི་བཀྲག་མདངས་ཀྱིས་འཚེར་འདུག  ས་གནས་འདིའི་ཁོར་ཡུག་གཙང་སྦྲ་རུ་ཁག་གིས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་སྲང་ལམ་གྱི་གྲུ་ག་སོ་སོར་གཙང་སྦྲ་བྱས་ཤིང་། དེ་ལ་བརྟེན་ནས་ཁོ་ཚོ་ཁྱིམ་མི་རེ་རེའི་འཚོ་བའི་ཡོང་འབབ་ཀྱང་འཕར་སྣོན་འབྱུང་གིན་ཡོད་པས། སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་གཙང་བསྒྱུར་གྱི་ལས་དོན་འདིར་བརྟེན་ནས་ས་གནས་ཀྱི་དབུལ་ཕོངས་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་ཕུན་སུམ་ཚོགས་པ་བསྩལ་ཡོད་པ་དང་། ས་གནས་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲས་རྟགས་སུ་མངོན་པའི་དག་གཙང་གི་ཁོར་ཡུག་དེས་རིག་གནས་ཡུལ་སྐོར་གྱི་ཕྱོགས་སུའང་འགུག་ཤུགས་གསར་པ་བསྩལ་དང་སྩོལ་བཞིན་མཆིས།