གསོན་ཤུགས་ཀྱིས་བརྟས་པའི་རྩེ་ཁོག་རྫོང་གི་ཕྱུགས་ལས་མཉམ་ལས་ཁང་།
2022.01.27 ཁུངས། ཀློག་གྲངས། 378


(གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། གསར་འགོད་པ། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ།རྩེ་ཁོག་རྫོང་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ཕྱོགས་སུ་ཆགས་ཤིང་། ཁོངས་གཏོགས་སུ་ཡུལ་ཚོ་བཞི་དང་། གྲོང་རྡལ་གསུམ། སྲིད་འཛིན་སྡེ་བ་རེ་བཞི་ཡོད་ལ། རྫོང་ཡོངས་སུ་མི་གྲངས་ཁྲི་བདུན་དང་སྟོང་བདུན་ལྷག་ཡོད། ཆ་སྙོམས་ཀྱི་སའི་མཐོ་ཚད་རྨིད་སྟོང་གསུམ་བདུན་བརྒྱ་ཟིན་ལ། འབྲོག་ལས་ཐོན་སྐྱེད་གཙོ་བོར་བྱེད་པའི་རྗོང་ཞིག་ཡིན།

རྒྱལ་ཡོངས་སུ་གནད་འཁེལ་དབུལ་སྐྱོར་བྱ་བ་ལག་བསྟར་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོས་རང་གི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་དབུལ་སྐྱོར་བྱེད་ཐབས་རབས་དང་རིམ་པ་བཏོན་ཏེ། གྲུབ་འབྲས་ཆེན་པོ་བླངས་ནས་དབུལ་ཐར་སྲ་བརྟན་ཡོང་ཆེད་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཧུར་ཐག་གིས་འབད་པ་བྱེད་ཀྱིན་འདུག

ཉིས་སྟོང་བཅུ་གསུམ་ལོར་རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་རྩྭ་སར་སྲུང་སྐྱོབ་བྱ་ཆེད། སུམ་སྦྲེལ་སུམ་སྐུལ་བྱ་བའི་བཀོད་སྒྲིག་ལྟར་རྩེ་ཁོག་རྫོང་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་སྦྲ་དཀར་སྡེ་བའི་ཁ་གཏད་རོགས་སྐྱོར་ལས་ཁུངས་སུ་གཏན་འཁེལ་བྱས་པ་དང་།  ཐོན་ཁུངས་སྣ་ཚོགས་གཅིག་སྡུད་བྱས་ཏེ་ནོར་རྒྱུད་སྤེལ་ཏེ་དོ་དམ་གཅིག་གྱུར་དང་ཕན་ཁེ་མཉམ་བགོ ཉེན་ཁ་མཉམ་ཁུར་བྱེད་པའི་མཉམ་ལས་ཀྱི་རྣམ་པ་གྲུབ་སྟེ་ཕྱོགས་ཡོངས་ནས་ཕྱུགས་ཟོག་མ་རྐང་ཅན་དུ་བསྒྱུར་བཅོས་བྱེད་འགོ་ཚུགས། སྔོན་ཆད་སྦྲ་དཀར་སྡེ་བ་ནི་རྩྭ་སའི་ཐོན་འབབ་དམའ་ཞིང་སྲོལ་རྒྱུན་གྱི་ཕྱུགས་ཟོག་འཚོ་སྐྱོང་གི་དབང་གིས་རང་བྱུང་རྩྭ་སར་གཏོར་བརླག་ཚབས་ཆེན་ཐེབས་པས། ཕྱུགས་ལས་ཐོན་འབབ་ལོ་རེར་ཇེ་ཉུང་དུ་སོང་པ་མ་ཟད། འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཡང་རིམ་བཞིན་ཇེ་ཉུང་དུ་སོང་།

ཉིས་སྟོང་བཅུ་གཅིག་ལོར་མ་རྐང་མཉམ་ལས་ཁང་བཙུགས་པ་ནས་བཟུང་རྩྭ་ས་དང་ཕྱུགས་ཟོག་མ་རྐང་ལ་བཞག་པ་དང་ལོ་མཇུག་ལ་མ་རྐང་གི་མང་ཉུང་ལྟར་བགོ་བཤའ་བྱས་པས་མང་ཚོགས་ཀྱི་ཡོང་འབབ་བསྟུད་མར་ཇེ་མང་ལ་སོང་ལ། ཉིས་སྟོང་བཅུ་བདུན་ལོར་སྦྲ་དཀར་སྡེ་བས་དབུལ་ཕོངས་ཀྱི་ཞྭ་མོ་གཞི་ནས་ཕུད། དེར་མ་ཟད་སྦྲ་དཀར་སྡེ་བས་མཉམ་ལས་ཁང་གི་གཞི་ཁྱོན་ཇེ་ཆེ་དང་བྱེད་ཐབས་ལེགས་པོ་ཕྱོགས་བསྡུས་བྱས་ཏེ་འབྲོག་པ་མང་ཚོགས་རྣམས་འབྱོར་ཕྱུག་གི་ལམ་དུ་ཁྲིད་བཞིན་མཆིས།

ཧོར་གྲོང་རྡལ་སྐྱིད་ལུང་སྡེ་བའི་ཕྱུགས་ལས་མཉམ་ལས་ཁང་ནི་རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་བཀོད་སྒྲིག་ལྟར། དབུལ་ཐར་སྲ་བརྟན་དང་མི་དམངས་ཀྱི་ཡོང་སྒོ་འཕར་སྣོན།  རྩྭ་ཕྱུགས་དོ་མཉམ་སོགས་ཀྱི་གཞི་རྩའི་བླང་བྱ་ལྟར་བཙུགས་པ་ཞིག་ཡིན། མཉམ་ལས་ཁང་འདིས་མང་ཚོགས་ཀྱི་ཡོང་འབབ་ལོ་རེ་ནས་ལོ་རེར་ཇེ་མཐོར་བཏང་ཞིང་མཉམ་ལས་ཁང་གི་གཞི་རྒྱ་ཇེ་ཆེར་བཏང་ནས་དབུལ་ཐར་སྲ་བརྟན་ཡོང་བར་ཁག་ཐེག་བྱེད་ཀྱིན་འདུག

ཕྱུགས་ཟོག་མང་པོ་ཕྱོགས་གཅིག་ཏུ་བསྡུས་ཏེ་དབྱར་དུས་རི་འགོ་ནས་འཚོ་བ་དང་དགུན་དུས་མཉམ་ལས་ཁང་གི་ར་བར་འཚོ་སྐྱོང་བྱེད་བཞིན་ཡོད་ལ། འདི་ནི་གནའ་དེང་ཟུང་འབྲེལ་གྱི་འཚོ་སྐྱོང་བྱེད་ཐབས་ཤིག་ཡིན། འདིས་ཕྱུག་རྫིའི་ལས་ཀ་གཏན་འཇགས་བྱས་པར་མ་ཟད། ཁྱིམ་མི་གཞན་རྣམས་ཀྱིས་ལས་དོན་གཞན་བསྒྲུབ་པར་དུས་ཚོད་འདང་ངེས་ཤིག་མཁོ་འདོན་བྱས་ཡོད།

ཧོར་གྲོང་རྡལ་དཔའ་མཁར་སྡེ་བའི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་ད་ལྟ་ཐོན་སྐྱེད་བྱེད་བཞིན་པའི་ཧོར་ཟ་གཡིས་ནི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་ལས་འགོ་བརྩམས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཟས་སྣུམ་ཞིག་ཡིན་ལ། 2017ལོར་རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། རྫོང་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་བཅས་ཀྱི་ཡང་དག་པའི་འགོ་ཁྲིད་འོག་དཔའ་མཁར་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་འཛུགས་སྒྲུབ་བྱས་པ་ཞིག་ཡིན། སྡེ་བའི་མཉམ་ལས་ཁང་གིས་ཀྱང་སྲོལ་རྒྱུན་གྱི་ཉམས་མྱོང་དང་ལག་ལེན་གཞིར་བཟུང་ནས། ས་གནས་ཀྱི་ཆེས་བཟང་བའི་ལོག་དཀར་ཉར་ཚགས་དང་གཙང་ཁྲུས་བྱས་ཏེ་ཟ་གཡིས་བཙག་བཞིན་ཡོད་པ་དང། ཕྱི་ཐུམ་མཛེས་བཟོ་བྱས་ཏེ་ཕྱིར་བཙོང་བཞིན་ཡོད། ལྗང་མདོག་ཟས་རིགས་ཀྱི་རྩ་དོན་གཞིར་བཟུང་ཡོད་པས་འཛད་སྤྱོད་པ་མང་པོས་དགའ་བསུ་ཚད་མེད་ཐོབ་ཡོད་ལ། ཟ་གཡིས་ཀྱི་ཐོན་ལས་འདི་ནི་ས་ཁུལ་གྱི་ཚོང་རྟགས་གྲགས་ཅན་ཞིག་ཏུ་གྱུར་ཡོད།

2020ལོར་རྩེ་ཁོག་རྫོང་ཨུའི་རྩ་འཛུགས་པུའུ་ནས་མ་དངུལ་སྒོར་འབུམ་ལྔ་བཏང་ནས་རྨིད་གྲུ་བཞི་མ460ཅན་གྱི་ཟ་གཡིས་ཐོན་སྐྱེད་ཁང་རྒྱ་ཇེ་ཆེར་བཏང་སྟེ། 2018ནས་2021 བར་དུ་ཞིང་ཆེན་དང་། རྒྱལ་སྤྱིའི་ཚོགས་འདུའི་སྟེང་ཞུགས་ཏེ་གོང་རིམ་ནས་གཟེང་བསྟོད་ཐོབ་པ་དང་། གྲུབ་འབྲས་མངོན་གསལ་བླངས་ཡོད།

ཕྱུགས་ལས་མཉམ་ལས་ཆེད་ལས་ཁང་དེས་ས་ཁུལ་གྱི་ལོག་དཀར་ཉོ་བསྡུ་དང་སྡེ་བའི་ནང་གི་འབྱོར་བ་ཅུང་ཞན་པའི་ཁྱིམ་ཚང་གི་ལས་བཟོ་བ་བསྡུ་ལེན་བྱས་ཏེ། ས་ཁུལ་གྱི་ཐོན་རྫས་ལ་རྒྱབ་སྐྱོར་དང་ལས་བཟོ་བར་ཟླ་ཕོགས་བྱིན་ནས་འཚོ་བའི་ཐད་ཀྱི་དཀའ་ཁག་ཐག་གཅོད་ཀྱིན་ཡོད་ལ། དེ་མིན་མང་ཚོགས་ཀྱི་མ་རྐང་གི་མང་ཉུང་ལྟར་ལོ་རེའི་ལོ་མཇུག་ལ་བགོ་བཤའ་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་དབུལ་ཐར་སྲ་བརྟན་ཡོང་བར་ཁག་ཐེག་བྱེད་ཀྱིན་ཡོད།

      བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་ཅུའི་རིང་ལ། ཏང་གི་དབུལ་སྐྱོར་སྲིད་ཇུས་མཚོ་སྔོན་གྱི་ས་གནས་གང་སར་ཁྱབ་སྟེ། གནད་འཁེལ་དབུལ་སྐྱོར་གྱི་བྱ་བ་རབས་དང་རིམ་པ་བསྒྲུབས་ནས། མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་མངོན་གསལ་བླངས་ཡོད། རྩེ་ཁོག་རྫོང་དང་བཅས་པའི་མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོས་དབུལ་ཁྱིམ་ལ་རོགས་སྐྱོར་བྱེད་པ་དང་། དབུལ་ཐར་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་དཀའ་ཁག་མཐའ་དག་རིམ་བཞིན་སེལ་ཏེ། དམངས་ཀྱི་དཔལ་འབྱོར་འཚོ་བ་གོང་འཕེལ་དུ་བཏང་དང་གཏོང་བཞིན་ཡོད་ལ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དབུལ་ཐར་གྱི་བགྲོད་ལམ་གསར་བ་ཞིག་བཏོད་དེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་འགྲུབ་ཡོང་བར་འབད་བརྩོན་བྱེད་ཀྱིན་འདུག