ལྷག་བསམ་འོད་དུ་འཚེར་བའི་རྨ་ཁུགས་བུ་མོ། གདུགས་དཀར་སྐྱིད།
2023.04.11 ཁུངས། ཀློག་གྲངས། 72

ང་ཚོ་བཅར་འདྲི་ཚན་ཆུང་དམེ་ཤུལ་ནགས་ཀློང་ཕྱུག་མོ་བརྒྱུད་ནས་རྩེ་གཞུང་རྩྭ་ཐང་གི་ཕང་བར་ཆས་པ་ན། ཁ་བའི་མེ་ཏོག་རེ་རེ་རྩྭ་ཐང་གི་གཞི་ལ་ལྷོད་ཀྱིས་འབབ་ཅིང་། རྩེ་ཆུ་སྔོན་མོ་ཤག་ཤག་སྤང་དུ་བཞུར་བའི་སྒྲ་དབྱངས་སྙན་མོས་སུ་ཞིག་ལ་བསྟོད་གླུ་ལེན་པ་དང་ཀུན་ནས་མཚུངས། དེ་ལྟར་གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་དུ་སླེབས་པ་ན།ཧི་ནན་རྫོང་མཁར་གྱི་རྒྱ་སྲང་གཡས་གཡོན་ཀུན་གཙང་ཞིང་གྲལ་དག་ལ། གད་སྙིགས་ཀྱི་རྡོག་མ་ཙམ་ཡང་མཐོང་རྒྱུ་མི་འདུག དེ་ནི་རྫོང་མཁར་གྲོང་དོ་དམ་ཅུའུ་ཡིས་མཁར་གྲོང་གཙང་དག་གི་ངོས་སུ་ཤུགས་བསྣན་པའི་འབྲས་རྟགས་སུ་མངོན་ལ།ལྷག་ཏུ་རྒྱ་སྲང་གཙང་དག་བྱེད་མཁན་གྱི་ལས་བཟོ་བ་དག་གི་ལས་བཀུར་གྱི་སྙིང་སྟོབས་ཁོར་ཡུག་གི་དག་གཙང་ལས་མངོན་པ་ཅིས་མ་ཡིན། དེ་ནས་གསར་འགོད་པས་རྫོང་མཁར་གྲོང་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་པ་ལྟར་ན།ཁོ་ཚོའི་ལས་ཁུངས་སུ་གདུགས་དཀར་སྐྱིད་ཅེས་པའི་ལས་བཟོ་བ་ཞིག་རྒྱ་སྲང་གཙང་སྦྲའི་རུ་གཙོ་རུ་བསྐོས་འདུག་ལ། མོས་རང་དཔེ་གཞན་སྟོན་གྱིས་ཉིན་ལ་མཚན་མཐུད་ནས་རྒྱ་སྲང་གི་གྲུ་ག་སོ་སོ་རུ་གཙང་སྦྲ་བླ་ལྷག་བྱས་པས། ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེངས་བཞིན་མིང་ལའང་རྩྭ་ཐང་གི་ལེ་ཧྥུན་ཞེས་བཏགས་འདུག

  མོ་ལ་རྩྭ་ཐང་གི་ལེ་ཧྥུན་ཞེས་པའི་མཚན་སྙན་ཐོགས་པའང་རྒྱུ་མཚན་མེད་པ་ཞིག་གཏན་ནས་མིན་ཏེ། རྒྱ་སྲང་གཙང་སྦྲ་བྱེད་པའི་ལས་འགན་འཁུར་བའི་ལོ་འདི་དག་གི་རིང་ལ།མོས་རྒྱ་སྲང་དང་གད་སྙིགས་ཀྱི་གསེབ་ནས།གཞན་གྱིས་བོར་སྟོར་བྱུང་བའི་དངོས་བོ་ཆེ་ཆུང་གང་མང་བདག་དམ་ནན་མོ་བྱས་ནས།ཕྱིར་རང་གི་བདག་པོ་ལ་འཕྲོད་ཐབས་བྱེད་ཀྱིན་ཡོད་པས།མོའི་བླ་ན་འཕགས་པའི་མི་གཤིས་ཀྱི་འོད་ཟེར་དེ་ཧི་ནན་རྩྭ་ཐང་གི་ཕང་བ་ནས་ཕྱོགས་བཞིར་འཕྲོས་ཏེ། ད་ཆ་མོ་ལ་ཁུལ་དང་རྫོང་ནས་ཡ་རབས་དཔེ་བཟང་གི་དགའ་རྟགས་ཀྱང་གང་མང་གནང་འདུག

དུས་རྒྱུན་དུ་རྒྱ་སྲང་ལ་གཙང་དག་བྱེད་དུས་རྙེད་པ་ཆེས་མང་བ་ནི་ལག་ཁྱེར་ཁ་པར་དང་གསེར་གྱི་མཛུབ་དཀྲིས།སྒོར་ཁུག་སོགས་རེད། མོས་ལོ་འདི་དག་ལ་ཁ་པར་རྙེད་ནས་བདག་པོར་སྤྲད་པ་ནི་གྲངས་ཀྱིས་མི་ལོངས་ལ། དེ་ལས་གཞན་རིན་ཐང་སྒོར་འབུམ་བདུན་ལྷག་ལ་ཟིན་པའི་དངོས་བོ་རྩ་ཆེན་ཡང་རྙེད་མྱོང་མོད།དེ་དག་རེ་རེ་རང་གི་བདག་པོ་ལ་འཕྲོད་དུ་འཇུག་ཐུབ་སོང་ན། མོའི་སེམས་པ་ཇེ་བདེ་རུ་བུད་འགྲོ་ཟེར།

མ་གཞི་གདུགས་དཀར་སྐྱིད་ནི་ཧི་ནན་རྫོང་ཉིན་མཐའ་ཡུལ་ཚོ་སུའུ་ཆེན་སྡེ་བའི་སྡེ་མི་རེད། སྔོན་ཆད་མོ་ལོ་ན་ཉེར་བཞིའི་སྟེང་ནས་ཁྱིམ་ཚང་གཞན་དུ་གནས་ལ་སོང་ཞིང་།གནས་ཡུལ་ནས་ལོ་འགའ་འགོར་རྗེས།མོའི་ཁྱོ་ག་ལ་སྒལ་ཚིགས་རུས་གཟེར་གྱི་ནད་ཕོག་པས་ཁྱིམ་ལས་ཅི་ཡང་བྱེད་མི་ནུས་པའི་ངལ་རྩོལ་ལྷག་མ་རུ་གྱུར་སོང་ལ།སྐབས་དེ་ནས་བཟུང་།མོ་རི་ལ་འགྲོ་དུས་ཕོ་དང་ཁྱིམ་ལ་ཐོན་ན་མོ་བྱས་ཏེ་ཕོ་ལས་མོ་ལས་ཐམས་ཅད་ཀྱི་འགན་མི་འཁུར་ཀ་མེད་བྱུང་སོང་། ཡིན་ཡང་མོའི་སེམས་རྒྱུད་ན་འཁང་ར་དང་ལས་བདའ་ཅི་ཡང་མེད་པ་མ་ཟད། རྒྱུན་དུ་ཁྱོ་ཀ་དང་བྱིས་པ་ཚོ་ལ་གཉོར་སྐྱོང་ལེགས་པོ་བྱས་ཤིང་།ཁྱིམ་མཚེས་ཕན་ཚུན་བར་དུ་འགྲིག་མཐུན་ཡོང་པས། སྡེ་བའི་ནང་དུ་མོ་མནའ་མ་དཔེ་ལེགས་ཅན་གྱི་བྱ་དགའ་ཡང་བསྩལ་མྱོང་།དོན་དག་དེའི་སྐོར་ལ་ཕྱིར་དྲན་བྱེད་དུས།མོའི་རང་གི་ཐོད་པའི་སྟེང་གི་རྔུལ་ཆུ་ཕྱི་ཞོར་དུ་བཤད་རྒྱུར།སྔོན་ཆད་སྡེ་བའི་ནང་ཡོད་དུས།རུ་དབྱར་ས་ལ་སྤོར་ན་ལམ་ཐག་རིང་ཞིང་། རི་ལུང་དང་གྲོག་རོང་བརྒྱུད་ནས་འགྲོ་དགོས་པས།ལ་གཟར་གྱི་ངོས་སུ་འགྲོ་དུས་ཁྱོ་ག་རྟ་ཐོག་ལ་ཞོན་ནས་འགྲོ་ཐུབ་མོད། ངོས་གཟར་ས་ནས་ཐུར་འབབ་དུས་རྟ་ལ་ཞོན་ནས་ཀྱང་འགྲོ་མི་ཐུབ་པས།རང་གིས་རྒྱབ་ལ་འཁུར་ནས་འགྲོ་དགོས།སྐབས་དེར་བྱིས་པ་དག་རྗེས་སུ་ཁྲིད་ཅིང་། ཁྱོ་ག་རྒྱབ་ལ་འཁུར་ནས་ཟོག་དེད་དེ་སྐྱས་ལམ་བསྙེགས་ནས་འགྲོ་དགོས་པས་དཀའ་ལས་ཤིན་ཏུ་ཆེ་ཟེར། ད་ལྟ་ཁོ་ཚང་གི་ཁྱིམ་ཚང་རྫོང་མཁར་དུ་སྤར་འདུག་པས།དཀའ་ཁག་དེ་དག་གི་འགག་སྒོ་ལས་ཡོངས་སུ་ཐར་ཡོད་མོད། ཁྱིམ་ཚང་གང་བོ་མོ་རང་གི་དཀའ་སྤྱད་ཀྱི་སྡུག་རུས་ལ་བརྟེན་ནས་གསོ་དགོས་པ་འགྱུར་ལྡོག་བྱུང་མེད།

གསར་འགོད་པས་གདུགས་དཀར་སྐྱིད་ལ་བཅར་འདྲི་བྱེད་བཞིན་པ། 

མོའི་ལྷད་མེད་དག་གཙང་གི་རང་གཤིས་དེའི་དབང་གིས།མོའི་ཡ་རབས་སྤྱོད་བཟང་གི་ལྷག་བསམ་དེའི་རྐྱེན་གྱིས། ཧི་ནན་རྩྭ་ཐང་ན་མོ་མི་ཤེས་མཁན་མེད་ལ། ངོ་ཤེས་ཀུན་གྱི་ཁྲོད་ན་མོར་བསྟོད་བསྔགས་མི་བྱེད་མཁན་ཡང་མེད།

གདུགས་དཀར་སྐྱིད་ལ་འཚོ་བའི་དཀའ་ངལ་ལ་མི་སྐྲག་པའི་དཔའ་གདེངས་ཤིག་ཡོད། གདུགས་དཀར་སྐྱིད་ལ་རང་ལས་གཞན་ལ་གཅེས་བའི་རྣམ་དག་གི་ལྷག་བསམ་ཞིག་ཡོད། གདུགས་དཀར་སྐྱིད་ལ་གཞན་དོན་འཁུར་དུ་ཁྱེར་བའི་བྱང་སེམས་ཀྱི་བློ་གཤོག་ཅིག་ཡོད།ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རྗེས་སུ།མཁར་གྲོང་དོ་དམ་སྡེ་ཁག་གིས་རང་གི་བྱ་བ་ཡོད་ཚད་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་འདྲེས་པར་བྱས་ཏེ། མཁར་གྲོང་དོ་དམ་ཕྱོགས་ནས་སྔར་ལས་ལྷག་པའི་གྲུབ་འབྲས་གསར་བ་ལེན་པའི་སྟ་གོན་བྱེད་ཀྱིན་འདུག་ལ། གདུགས་དཀར་སྐྱིད་ཀྱིས་ཀྱང་སྔར་བཞིན་ལག་ཏུ་ཕྱགས་མ་བཟུང་ཞིང་ལྭ་བ་ལྗང་ཁུ་སྟོད་སེར་དེ་གོན་ནས་མུ་མཐུད་དུ་རྒྱ་སྲང་གི་གྲུ་ག་སོ་སོ་རུ་ལས་ཀ་ལ་བྲེལ་བཞིན་འདུག

གསར་འགོད་པ། ལྷ་མོ་ཚེ་རིང་། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ཕྱུག་ལོ།

ལྟ་སྐུལ་པ། དབང་གྲགས་ཚེ་རིང་།