རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཤ་བོ་སྒྲོལ་མས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་གཞི་རིམ་དུ་སྒྲོག་འགྲེལ་བྱས།
2023.04.11 ཁུངས། ཀློག་གྲངས། 74

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཤ་བོ་སྒྲོལ་མ་པེ་ཅིན་དུ་སོང་ནས་ཚོགས་ཆེན་གཉིས་ལ་ཞུགས་རྗེས་ཕྱིར་ཕ་ཡུལ་དུ་ལོག་པ་ན། རྨ་ལྷོ་ཁུལ་གྱི་གཞི་རིམ་ལས་བྱེད་དང་མང་ཚོགས་མང་པོས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་བྱས་ཤིང་། མོའི་ཁ་རུ་ཚོགས་ཆེན་གཉིས་ལས་ཐོན་པའི་གཏམ་བཟང་རེ་ཨེ་ཐོས་རེ་བ་བྱེད་བཞིན་འདུག དེ་བས་མོ་ཕྱིར་ཐོན་མ་ཐག་ཏུ་ལས་ཁུངས་དང་སྡེ་བ། གཞིས་ཁུལ་བཅས་སུ་སོང་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་། ལྷག་ཏུ་མཚོ་སྔོན་ཕྱོགས་སུ་འབྲེལ་བ་ཡོད་པའི་དམངས་ཕན་གྱི་སྲིད་ཇུས་གང་དག་ཡོད་པ་རེ་རེ་བཞིན་ས་གནས་མང་ཚོགས་དང་ལས་བྱེད་པ་རྣམས་ལ་སྒྲོག་འགྲེལ་གང་ལེགས་བྱས། 

                       རྒྱལ་ཡོངས་དམངས་ཆེན་འཐུས་མི་ཤ་བོ་སྒྲོལ་མ། 

  རེབ་གོང་གཞིས་ཁུལ་གྱི་སྡེ་མི་སྐལ་བཟང་སྐྱིད་ནི་ཁྱིམ་ཚང་ལ་ངལ་རྩོལ་བྱེད་མཁན་མེད་པར་གོང་རིམ་གྱི་རོགས་སྐྱོར་ཁོ་ནར་འཁེན་པའི་བུད་མེད་རྒན་ཚང་ཞིག་རེད། མོས་ཤ་བོ་སྒྲོལ་མ་ཁོ་ཚོའི་གཞིས་ཁུལ་དུ་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་དུ་ཡོང་བའི་གནས་ཚུལ་ལ་ཉན་རྗེས། ཡིད་སེམས་ལ་སྐྱིད་སྣང་དང་བདེ་སྣང་གིས་ཁེངས་འདུག་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས"མི་དམངས་བདེ་སྐྱིད་ལྡན་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཐར་ཐུག་གི་དམིགས་ཡུལ་ཡིན། མི་དམངས་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་བྱེད་པའི་གནད་དོན་ཐག་གིས་བཅད་ནས། དམངས་ཕན་གྱི་བྱ་བ་སྣ་ཚོགས་སྔར་ལས་བཟང་བོར་སྒྲུབ་དགོས། "ཞེས་པའི་གསུང་བཤད་དེ་ནི་ཁོ་མོས་ཆེས་ཉན་འདོད་ཆེ་བའི་སྐད་ཆ་རེད།

གསར་འགོད་པས་སྡེ་མི་སྐལ་བཟང་སྐྱིད་ལ་བཅར་འདྲི་བྱེད་བཞིན་པ། 

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཤ་བོ་སྒྲོལ་མས་ཚོགས་ཆེན་གྱི་སྟེང་ལ་ཆུ་བེད་དང་འབྲེལ་བའི་གྲོས་གཞི་རེ་འགའ་ཡང་བཏོན་ཡོད་པས། ཐུན་རིན་གྲོང་ཁྱེར་ཆུ་བེད་ཅུའུ་ལ་མཚོན་ན། མོའི་གྲོས་གཞི་དག་ལག་བསྟར་དོན་འཁྱོལ་བྱེད་པའི་ཕྱོགས་སུ་སྔར་ལས་ཤུགས་སྣོན་བྱེད་ཀྱིན་འདུག་ལ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དེ་རང་གི་བྱ་བའི་མཛུབ་སྟོན་དུ་བཟུང་ནས། ད་ལོར། ཁྱོན་བསྡོམས་མ་དངུལ་བྱེ་བ་གསུམ་དང་ས་ཡ་གསུམ་འབུམ་བདུན་ཁྲི་དྲུག་ལྷག་བཏང་ནས། རེབ་གོང་སྨད་པའི་གྲོག་རོང་དག་གི་ནང་དུ་ཆུ་རགས་དང་ཆུ་རྐ་ལས་བཞིན་འདུག་ལ། ཁུལ་གྱི་མཐའ་འཁོར་དུ་ཡང་ཆུ་ལོག་སོགས་ཀྱི་ཉེན་ཁ་འགོག་ཆེད་དུ། མ་དངུལ་སྒོར་ས་ཡ་དགུ་དང་འབུམ་བདུན་ཁྲི་དྲུག་བཏང་ནས་ཆུ་རགས་འཛུགས་སྐྲུན་བྱེད་ཀྱིན་མཆིས།  

 ཐུན་རིན་གྲོང་ཁྱེར་ཆུ་བེད་ཅུའུ་ཡིས་སྲིད་འཛིན་སྡེ་བ་དོན་ལྔ་ཁ་ཚང་ལ་འཐུང་ཆུའི་བདེ་འཇགས་ངོས་ནས་འགན་སྲུང་བྱས་ཚད་བརྒྱ་ཆའི་བརྒྱ་རུ་སླེབས་ཡོད་ལ། ད་ལོ་ནས་ལྷག་པར་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལྟར་ཆུ་བེད་འཛུགས་སྐྲུན་གྱི་སྤུས་ཚད་ཇེ་མཐོར་བཏང་ནས་བསྐྱར་ལས་བྱེད་པའི་འཆར་འགོད་བྱེད་ཀྱིན་འདུག   དེ་ལྟར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཤ་བོ་སྒྲོལ་མས་རྨ་ལྷོ་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་དང་མི་དམངས་མང་ཚོགས་ལ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་། མང་ཚོགས་རྣམས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་ས་གནས་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན། དམངས་ཕན་སྲིད་ཇུས་སོགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལོན་པ་མ་ཟད། ཚོགས་ཆེན་གྱི་དགོངས་དོན་དེ་རང་རྒྱུད་ལ་བླངས་ནས། ཕྱོགས་སོ་སོའི་བྱ་བ་སྣ་ཚོགས་ལ་མཛུབ་ཁྲིད་རང་བཞིན་གྱི་ནུས་པ་བླ་ལྷག་ཐོན་འདུག

གསར་འགོད་པ། ལྷ་མོ་ཚེ་རིང་།སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ཕྱུག་ལོ།

ལྟ་སྐུལ་པ། དབང་གྲགས་ཚེ་རིང་།