རྨ་འགྲམ་གྱི་གླེ་གཞུག་སྡེ་བ། འབྱོར་ཕྱུག་གི་སྡེ་གྲོང་གསར་བ།
2023.04.11 ཁུངས། ཀློག་གྲངས། 85

----གཅན་ཚ་རྫོང་གླེ་གཞུག་སྡེ་བས་ཐོན་ལས་སྣ་ཚོགས་དར་སྤེལ་བྱས་པས་སྡེ་བའི་དཔལ་འབྱོར་གྱི་ཡོང་སྒོ་ཕྱུག་ཅིང་བརྟན་འཇགས་སུ་གྱུར་འདུག

 མིག་སྔར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དེ་གྲོང་གསེབ་དར་སྤེལ་ཁྲོད་འདྲེས་པར་བྱས་ཏེ། རྫོང་གྲོང་གསེབ་དར་སྤེལ་ཅུའུ་ཡི་སྣེ་ཁྲིད་འོག་ཏུ། གཅན་ཚ་རྫོང་གི་ཡུལ་ཚོ་དང་སྡེ་བ་སོ་སོར་ཐོན་ལས་དར་སྤེལ་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་གྲངས་སྣ་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བཞིན་མཆིས་ལ། ལྷག་ཏུ་གཅན་ཚ་རྫོང་གཅན་ཚ་ཐང་ཡུལ་ཚོ་གླེ་གཞུག་སྡེ་བ་ལ་མ་དངུལ་འབོར་ཆེན་བཏང་ནས།ས་གནས་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་འཁྲིད་བཞིན་འདུག

གླེ་གཞུག་སྡེ་བ་ལ་མཚོན་ན། ཁྱིམ་ཚང་གོ་དགུ་དང་མི་གྲངས་སུམ་བརྒྱ་བརྒྱད་ཅུ་ཡོད་ལ། སྔོན་ཆད་རི་གྲོང་ནས་ཞིང་ལས་རྨོ་འདེབས་ཀྱི་ཆ་རྐྱེན་ཞན་ཞིང་། ཕྱུགས་ལས་གཉེར་བའི་ས་ཁྱོན་ཆུང་བའི་དབང་གིས། སྡེ་བ་ཧྲིལ་བོའི་འཚོ་བའི་ཆ་རྐྱེན་ཤིན་ཏུ་ཞན། གནད་དེར་དམིགས་ནས་གོང་རིམ་སྲིད་གཞུང་གིས་ཡུལ་གཞན་གནས་སྤོར་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ། སྡེ་བ་འདི་རྫོང་མཁར་དང་ཉེ་བའི་རྨ་ཆུའི་འགྲམ་རྒྱུད་དུ་གཞིས་ཆགས་སུ་བཅུག་པས། མང་ཚོགས་རྣམས་ཀྱིས་སྔོན་ཆད་འཐུང་ཆུ་དཀོན་པ་དང་ཞོར་ལས་བྱས་ནས་ཡོང་སྒོ་འཚོལ་བའི་བསྐལ་བ་དབེན་པའི་གནད་དོན་ཡོད་ཚད་ཐག་གིས་བཅད་པས་སེམས་སུ་དགའ་སྤྲོས་ཁེངས་འདུག

སྡེ་བའི་ལོ་ན་གྱ་བརྒྱད་ལ་བུད་པའི་རྒན་པོ་བསྟན་འཛིན། 

ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རྗེས་སུ། གཅན་ཚ་རྫོང་གིས་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་གཅིག་ཁྲི་གཉིས་བཏང་སྟེ་གླེ་གཞུག་སྡེ་བའི་ཉེ་འདབས་ཀྱི་ཆུ་ལོག་གི་ཉེན་ཁ་ཡོད་པའི་གྲོག་རོང་དག་གི་ནང་དུ་རྐ་དང་རགས་ལས་ཤིང་། སྡེ་བའི་སྲང་བར་དུ་སྡོང་ཕྲུག་འཛུགས་པ་དང་། ཡུལ་སྲོལ་གྱི་བཀོད་པ་ལྟར་མཛེས་སྤྲས་བྱས་ཏེ། རྨ་ཆུའི་འགྲམ་གྱི་མཛེས་སྡུག་གི་ཡུལ་གྲོང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བཞིན་འདུག ད་ལྟ་སྡེ་བའི་ནང་དུ་སྲིད་གཞུང་གིས་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་བཞི་ལྷག་དང་།ཁེ་ལས་ཀྱིས་མ་དངུལ་སྒོར་བྱེ་བ་གཉིས་ལྷག་བཏང་ནས་ཡུལ་ལུགས་མགྲོན་ཤག་གསར་འཛུགས་བྱས་ཡོད་ལ། ཞོར་དུ་ཡུལ་སྐོར་ཐོན་ལས་དང་སིལ་ཏོག་འདེབས་འཛུགས། རྒྱན་གོས་ལས་སྣོན་སོགས་ཀྱི་ལས་སྒོ་སྣ་ཚོགས་གསར་འབྱེད་བྱས་ཏེ། སྡེ་དམངས་རྣམས་ཡོང་སྒོ་འཚོལ་བའི་ལས་ལ་བྲེལ་བཞིན་འདུག

གླེ་གཞུག་སྡེ་བ་རུ་རིག་གནས་ཡུལ་སྐོར་གྱི་ཕྱོགས་སུ་དྲ་ལམ་གྱི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས། ཡུལ་སྐོར་ཚོང་འགུག་གི་ཐབས་ལམ་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་སྒོ་བླ་ལྷག་གིས་འཕར་སྣོན་བྱུང་ཡོད་པར་མ་ཟད། སྡེ་བའི་ཡུལ་ལུགས་མགྲོན་ཤག་དང་ཟ་ཁང་སོགས་ཀྱང་གྲོང་ཁྱེར་གྱི་རྩེར་སོན་ཆུ་ཚད་དུ་སླེབས་པར་བྱས་ཡོད། དེ་མིན་སྡེ་བའི་ནང་གི་བུད་མེད་དང་ངལ་རྩོལ་པ་ལྷག་མ་རྣམས་ལ་རྩལ་ནུས་གསོ་སྦྱོང་བྱས་ཏེ། བོད་ལྭ་དང་སློབ་ལྭ་བཟོ་བའི་ལག་རྩལ་གསབ་སྦྱོང་བྱས་ཤིང་། ཁོ་ཚོར་ཁེ་གཉེར་གྱི་སྟེགས་བུ་འདོན་སྤྲོད་བྱེད་ཆེད་དུ། དར་སྐུད་དམར་པོ་ཚེམ་བཟོ་མཐུན་གཉེར་ཁང་གསར་འཛུགས་བྱས་ཏེ། རྫོང་ཡོངས་ཀྱི་སློབ་གྲྭ་སོ་སོའི་སློབ་ལྭ་བཟོ་བ་དང་། བོད་ལྭ་དང་དེང་རབས་གྱོན་ཆས་ཀྱི་རིགས་ཚེམ་བཟོ་བྱེད་ཀྱིན་འདུག 

དར་སྐུད་དམར་པོ་ཚེམ་བཟོ་ཁང་གི་ནང་དུ་ལས་བཟོ་བ་བཅུ་དྲུག་ཡོད་ལ །ཚང་མ་གླེ་གཞུག་སྡེ་བའི་སྡེ་མི་ཡིན། བུད་མེད་ཚེམ་བཟོ་བ་དེ་དག་གིས་ཉིན་དཀར་བཟོ་གྲྭ་རུ་ཚེམ་བཟོའི་བྱ་བ་གཉེར་ཞོར་དུ་རང་གི་བྱིས་པ་སློབ་གྲྭར་བསྐྱལ་བ་དང་། ཕྱི་དྲོ་དུས་ལྟར་ལས་ཚོགས་གྲོལ་ནས་ཁྱིམ་ལས་ཀྱང་བྱེད་ཐུབ་ཀྱིན་ཡོད།

མཐུན་གཉེར་ཁང་གི་ལས་བཟོ་བ་རྣམ་རྒྱལ་མཚོ།

གཅན་ཚ་རྫོང་གླེ་གཞུག་སྡེ་བས་རྨ་ཆུའི་འགྲམ་རྒྱུད་ཀྱི་ཡུལ་སྐོར་ལྗོངས་རྒྱུ་དང་ཐོན་ལས་དར་སྤེལ་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད་ནས། ད་ལྟ་འབྱོར་ཕྱུག་གི་ལམ་དུ་བསྐྱོད་དང་སྐྱོད་བཞིན་མཆིས་ལ། ཁོ་ཚོས་མུ་མཐུད་དུ་སྤུས་ཚད་མཐོ་བའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་ཆེན་སྟེང་ནས། དུས་རབས་གསར་བའི་འབད་འཐབ་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་བརྩོན་བཞིན་འདུག

གསར་འགོད་པ། ལྷ་མོ་ཚེ་རིང་།སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ཕྱུག་ལོ།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།