རྩེ་ཁོག་རྫོང་སྐྱེ་ལྡན་ཕྱུགས་ལས་ཐོན་ལས་གླིང་གིས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་།
2023.04.11 ཁུངས། ཀློག་གྲངས། 64

ཉེ་ལམ།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་སྐྱེ་ལྡན་ཕྱུགས་ལས་ཐོན་ལས་གླིང་གིས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བཞིན་འདུགརྩེ་ཁོག་རྫོང་སྐྱེ་ལྡན་ཕྱུགས་ལས་ཐོན་ལས་གླིང་གི་ནང་དུ་ཁེ་ལས་ཀུང་ཟི་སོ་སོས་རང་ངོས་ནས་ཐོན་ལས་དར་སྤེལ་གྱི་ཕྱོགས་སུ་འབད་འབུངས་བྱེད་ཀྱིན་ཡོད།ཐོན་ལས་ར་བ་འདིའི་ནང་ཁྱོན་བསྡོམས་ཁེ་ལས་ཀུང་ཟི་བཅུ་བཞི་ལྷག་ཡོད་ལ།དེ་དག་ནི་སྲིད་གཞུང་གི་མ་དངུལ་གྱི་རྒྱབ་སྐྱོར་དང་ཀུང་ཟི་རང་གིས་མ་རྩ་བཞག་ནས་སྒྲུབ་པའི་དམངས་གཉེར་ཁེ་ལས་ཏག་ཏག་རེད།

གཡེར་ཐང་མཐོ་སྒང་སྐྱེ་ལྡན་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་ཟི་ནི་རྩེ་ཁོག་རྫོང་སྐྱེ་ལྡན་ཕྱུགས་ལས་ཐོན་ལས་གླིང་དུ་ཆགས་པའི་ཀུང་ཟིའི་གྲས་ཀྱི་གཅིག་རེད།ཀུང་ཟི་དེ་ནི་ཉིས་སྟོང་བཅུ་གཉིས་ལོར་བཙུགས་རྗེས།ཤ་མོ་དང་དབྱར་རྩྭ་དགུན་འབུ།གྲོ་མ།འབྲི་ཞོ་ལ་སོགས་པའི་མཐོ་སྒང་གི་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན།ཕྱིར་འཚོང་བཅས་བྱེད་ཀྱིན་ཡོད།གཡེར་ཐང་ཀུང་ཟིས་རྩེ་ཁོག་རྫོང་ཐོག་ཏུ་ས་མུའུ་ལྔ་བཅུ་ཅན་གྱི་ཚད་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ས་ཚིགས་གསར་འཛུགས་བྱས་ཡོད་པ་དང་།ཞིང་ཆེན་ཕྱི་ནང་དུ་མ་བཅོས་རྒྱུ་ཆ་གསོག་འཇོག་ཁང་དང་འབྲི་ཞོ་ལས་སྣོན་འཁོར་ཁང་།རང་འགུལ་ཕྱི་ཐུམ་རྒྱག་ས་ལ་སོགས་པའི་འཕྲུལ་ཆས་རིགས་སྣ་ཚོགས་ཉོས་ཏེ།ཆེད་དུ་ལག་རྩལ་ཆེད་མཁས་པ་གདན་ཞུ་བྱས་ནས་དཀའ་ཁག་ཅན་གྱི་ཁྱིམ་ཚང་དག་དམིགས་སུ་བཀར་ནས་ལག་རྩལ་གསོ་སྦྱོང་བྱས་ཏེ།ཁོ་ཚོར་རང་གི་ལག་རྩལ་ལ་བརྟེན་ནས་འཚོ་བ་རོལ་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་ཡོད།ད་ལྟ་གཡེར་ཐང་ཀུང་ཟིས་ཞིང་ཆེན་ནང་ཁུལ་དུ་ཡན་ལག་ཀུང་ཟི་དྲུག་ཕྱེས་ཡོད་ལ།ཐོན་རྫས་དག་པེ་ཅིན་དང་ཐེན་ཅིན།ཧྲང་ཧའེ།ཀོང་ཀྲིག་སོགས་སུ་ཕྱིར་འཚོང་བྱེད་བཞིན་ཡོད།ཀུང་ཟིའི་ལས་བཟོ་བ་ཡོངས་ཀྱི་ལོ་ངོ་དུ་མའི་རིང་གི་མཐུན་སྒྲིལ་དང་འབད་བརྩོན་ལ་བརྟེན་ནས།ད་ལྟའི་བར་དུ་ཀུང་ཟིར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་དབུལ་སྐྱོར་སྔོན་ཐོན་ཁེ་ལས་དང་ཁུལ་རིམ་པའི་སྣེ་ཁྲིད་ཁེ་ལས།དབང་བོ་སྐྱོན་ཅན་གྱི་དབུལ་སྐྱོར་ལས་ཞུགས་རྟེན་གཞི་ལ་སོགས་པའི་མཚན་སྙན་ཡང་ཐོབ་ཡོད།ཀུང་ཟི་འདིས་རྩེ་ཁོག་ས་གནས་ཀྱི་དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་ལ་སོགས་པར་ནུས་པ་བཏོན་དང་འདོན་མུས་སུ་ཡོད།

རྩེ་ཁོག་གཡེར་ཐང་སྐྱེ་ལྡན་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་ཟི་ལྟ་བུའི་ཁེ་ལས་རེ་འགའི་ཤུགས་རྐྱེན་འོག་ཏུ།རྩེ་ཁོག་རྫོང་གི་ས་གནས་སོ་སོ་རུ་སྐྱེ་ལྡན་ཕྱུགས་ལས་ཀུང་ཟི་མང་པོ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་བྱུང་བ་དང་།དེ་དག་གིས་ས་གནས་མང་ཚོགས་ཀྱི་འཚོ་བ་ཇེ་རྒྱས་དང་གྲོང་གསེབ་དར་སྤེལ་ལའང་རང་རང་གི་ནུས་པ་འདོན་བཞིན་མཆིས།རྩེ་ཁོག་རྫོང་གཡང་ལྷ་མ་སྐྱེ་ཁམས་ཞིང་ཕྱུགས་ལས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་ཟི་ཡང་དེའི་གྲས་ཀྱི་གཅིག་རེད།ཀུང་ཟི་འདིས་ལོ་འདི་དག་གི་ནང་དུ་ཀུང་ཟི་དང་མཉམ་ལས་ཁང་།ཁྱིམ་ཚང་བཅས་མཉམ་དུ་སྦྲེལ་བའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་བེད་སྤྱད་ཅིང་།ཧོར་གྲོང་རྡལ་དུང་དཀར་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་མ་རྐང་ནང་ཞུགས་པའི་བྱེད་ཐབས་སྤྱད་དེ།ཁྱིམ་ཚང་དགུ་བརྒྱ་ལྷག་གི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་བྱས།དེ་མིན་རྩེ་ཁོག་ས་ཆའི་ཐོན་ཁུངས་བེད་སྤྱོད་ཆེད།ལོ་འདི་འགར་འོ་མས་བཟོས་པའི་འཁྱག་ཞོ་དང་འོ་ཕྱེ།སྐམ་ཤ་དང་ལུག་ཤས་བཟོས་པའི་བྲོ་རྫས་ལ་སོགས་པ་ཐོན་སྐྱེད་བྱས་ནས་རྩེ་ཁོག་རྫོང་གི་མཐོ་སྒང་སྐྱེ་ཁམས་ཞིང་ཕྱུགས་ཐོན་རྫས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་འདུག

རྩེ་ཁོག་རྫོང་གིས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཐུན་མོང་ཕྱུག་འགྱུར་གྱི་ཕྱོགས་སུ་འབད་འབུངས་བྱས་ཏེ།ད་ལྟ་སྐྱེ་ལྡན་ཐོན་ལས་དེ་གོ་རིམ་ཅན་དང་ཚད་ལྡན་ཅན།སྤུས་ཚད་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་སུ་སོང་ནས།ཐོན་རྫས་དག་ཀྱང་ཞིང་ཆེན་ཕྱི་ནང་ཀུན་གྱི་ཚད་རིམ་མཐོ་བའི་ཁྲོམ་རའི་ཁྲོད་དུ་ཕྱིར་ཚོང་བྱེད་པའི་ཆུ་ཚད་དུ་སླེབས་ཡོད་པས།ས་གནས་མང་ཚོགས་ཀྱི་བདེ་ཚོར་དང་སྐྱིད་ཚོར།ཐོབ་ཚོར་བཅས་མངོན་གསལ་གྱིས་ཇེ་ཆེར་སོང་སྟེ།

འབྱོར་ཕྱུག་གི་ཀློང་ན་དཀའ་སྤྱད་ཀྱི་སྡུག་རུས་སྐྱེད་བཞིན་འདུག

གསར་འགོད་པ། ལྷ་མོ་ཚེ་རིང་། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ཕྱུག་ལོ།

ལྟ་སྐུལ་པ། དབང་གྲགས་ཚེ་རིང་།