ཉེ་ལམ།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རྒྱལ་བོ་ཡུལ་ཚོ་སྐྱིད་ཚང་སྡེ་བས་མཛོ་མོ་གསོ་སྤེལ་གྱི་མཉམ་ལས་ཁང་ཞིག་བཙུགས་ཤིང་།མཉམ་ལས་ཁང་དེའི་ནང་དུ་ཨ་རི་དང་འཇར་མན་གྱི་བ་གླང་གི་ཁུ་བ་དེ་མིའི་ཐབས་ལ་བརྟེན་ནས་ས་གནས་རང་གི་མཛོ་མོའི་མངལ་དུ་འཇུག་པར་བྱས་ཏེ།ཕྱུགས་རྒྱུད་ལེགས་སྒྱུར་གྱི་ཐབས་ལམ་ལེགས་པོ་ཞིག་རྙེད་ཡོད་པ་མ་ཟད།ཐོན་ལས་ཚད་ལྡན་དང་མིང་གྲགས་ཅན་གྱི་ཐོན་སྐྱེད་གཉེར་སྐྱོང་ལ་ཤུགས་བསྣན་ནས།ཐོན་རྫས་ཀྱི་ཁྲོམ་ར་ཞིང་ཆེན་ཕྱི་ནང་ཀུན་ཏུ་ཁ་གཏད་ཆོག་པའི་ལམ་བུ་གསར་བ་ཞིག་རྙེད་པས།མང་ཚོགས་རྣམས་རང་གི་ཁྱིམ་ཚང་སྒོ་ཁ་ནས་ཕྱུག་པོར་ཆགས་པའི་རེ་བ་དོན་སྨིན་བྱུང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་"ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ཡོང་བར་བྱ་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཡིན་"ཞེས་གསུངས་པ་བཞིན། མཉམ་ལས་ཁང་འདིའི་འགན་འཛིན་པ་རྡོ་རྗེ་ཚེ་རིང་གིས་མཛོ་མོ་གསོ་སྤེལ་དང་མིའི་ཐབས་ཀྱི་ལག་རྩལ་སོགས་ལ་གསབ་སྦྱོང་ནན་མོ་བྱས་ནས།ད་ལྟ་རང་གི་ཐོན་ལས་འཕེལ་རྒྱས་ཀྱི་སྟེང་དུ་ཚན་རིག་གི་འདེགས་སྐྱོར་ཡོད་པར་བྱས་ཡོད།
གསར་འགོད་པས་མཉམ་ལས་ཁང་གི་འགན་འཛིན་པ་རྡོ་རྗེ་ཚེ་རིང་ལ་བཅར་འདྲི་བྱེད་བཞིན་པ།
ཐུན་རིན་གྲོང་ཁྱེར་གྱིས་མཛོ་མོ་ཁྲི་ཡི་གསོ་སྤེལ་གྱི་ལས་གཞིའི་འཆར་འགོད་བྱས་པ་དང་བསྟུན་ནས། རྡོ་རྗེ་ཚེ་རིང་གིས་སྡེ་བའི་ནང་གི་ཁྱིམ་ཚང་རེ་འགའ་རྩ་འཛུགས་བྱས་ཏེ།ལོ་ལྔའི་ནང་ལ་མཛོ་མོ་ལྔ་བརྒྱ་གསོ་སྤེལ་བྱེད་པའི་འཆར་གཞི་འཐེན་བཞིན་འདུག་ལ།ད་ཆ་ཁོའི་མཉམ་ལས་ཁང་གི་ནང་དུ་བསྡོམས་པས་མཛོ་མོ་ཉིས་བརྒྱ་དང་བཞི་བཅུ་ལྷག་འདུག ཁོས་མཛོ་མོ་གསོས་ན་འོ་མའི་ཐོན་ཚད་ཅུང་མཐོ་བ་དང་། རྟོལ་ཕྲུག་དག་ཀྱང་ཡ་རུ་དང་བསྡུར་ན་རིན་གོང་ལྡབ་འགྱུར་གྱིས་མཐོ་བས།དངོས་བོའི་དཔལ་ཡོན་གྱི་འཕེལ་ཚད་མྱུར་བའི་དུས་སྐབས་འདི་ལ། དཔལ་འབྱོར་འཁོར་རྒྱུག་གི་ངོས་ནས་ཅུང་འཚམ་པོ་རེད་སྙམ་ནས། ཞིང་ཆེན་ཕྱི་ནང་ཀུན་ལ་སོང་ནས་མཛོ་མོ་སྤུས་ལེགས་དག་ཉོས་ཡོང་སྟེ་གསོ་སྤེལ་བྱེད་ཀྱིན་པ་མ་ཟད། རྒྱལ་ཁབ་ཀྱི་རྣམ་གྲངས་ལ་བརྟེན་ནས་ཕྱི་རྒྱལ་གྱི་གླང་རྒྱུད་རྫོགས་པའི་ལག་རྩལ་ལ་བརྟེན་ནས། མཛོ་མོའི་རྒྱུད་ཇེ་ལེགས་དང་འཕེལ་ཁ་ཇེ་དར་དུ་གཏོང་བཞིན་འདུག
ཉིས་སྟོང་ཉེར་གཉིས་ལོར།ཐུན་རིན་གྲོང་ཁྱེར་རྒྱལ་བོ་ཡུལ་ཚོ་སྐྱིད་ཚང་སྡེ་བའི་མཛོ་མོ་གསོ་སྤེལ་མཉམ་ལས་ཁང་ལ་སྲིད་གཞུང་གིས་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་ལྔ་ལྷག་བཏང་ནས།རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་མཛོ་མོ་ཉོ་བསྡུ་སོགས་ཀྱི་སྟེང་དུ་བཀོལ་ཟིན་ལ།ད་ནིང་བསྡོམས་པས་སྡེ་བའི་ནང་ལ་མ་དངུལ་སྒོར་འབུམ་ལྔ་དང་ཁྲི་གཅིག་སྟོང་དགུ་ལྷག་བཏང་།དེ་མིན་ད་དུང་ཕྱུགས་ཟོག་གི་གཟན་ཆས་སོགས་ཀྱང་དུས་ཚིགས་ལྟར་སྲིད་གཞུང་གིས་རོགས་སྐྱོར་བྱེད་ཀྱིན་འདུག
ད་ལྟ་མཉམ་ལས་ཁང་འདིས་མཛོ་མོའི་ཐོན་ལས་ལ་བརྟེན་ནས་ཐོན་རྫས་སྣ་ཚོགས་ཐོན་སྐྱེད་བྱེད་པའི་གྲ་སྒྲིག་བྱེད་ཀྱིན་འདུག་ལ།ཁོ་ཚོའི་འབྲི་མོའི་གཡང་གི་ཐོན་རྫས་ཞེས་པའི་ཚོང་རྟགས་དེ་ཞིང་ཆེན་ཕྱི་ནང་ཀུན་ཏུ་འགྲེམ་ཚོང་བྱེད་པའི་ཚད་གཞིར་སླེབས་ཆེད་དུ།ཡུལ་ཚོ་སྲིད་གཞུང་གིས་གོང་རིམ་ལ་ཡར་ཞུ་བྱས་ནས།སྡེ་བའི་སྤྱི་གཞུང་ལ་འོ་མ་དང་ཤ་སྐམ་སོགས་ཟས་རིགས་ཚད་ལེན་བརྟག་དཔྱད་ཀྱི་ས་ཚིགས་བཙུགས་ནས།ཟས་རིགས་བདེ་འཇགས་ཀྱི་ཕྱོགས་ནས་འགན་སྲུང་ཡོད་པར་བྱ་འཆར་འདུག
ཐུན་རིན་གྲོང་ཁྱེར་རྒྱལ་བོ་སྐྱིད་ཚང་མཛོ་མོ་གསོ་སྤེལ་མཉམ་ལས་ཁང་གིས་མཛོ་མོའི་རྒྱུད་སྤུས་ལེགས་ཅན་དུ་བསྒྱུར་ནས།ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་ལམ་ཁ་སྔར་ལས་ཇེ་ཡངས་སུ་བཏང་ཡོད་པ་མ་ཟད།ས་གནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་།ཁྲོམ་རའི་ཕྱུགས་ལས་ཐོན་རྫས་ཀྱི་ཚད་ལྡན་འདོན་སྤྲོད་ལ་འགན་སྲུང་གང་ལེགས་བྱས་ཡོད།
གསར་འགོད་པ། ལྷ་མོ་ཚེ་རིང་། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ཕྱུག་ལོ།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།