རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་མཐིལ་ཕྱིན་དང་། གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་དངོས་འབེབ་དོན་འཁྱོལ་བྱ་ཆེད་དུ། ཁྱིམ་ཚང་རང་བཞིན་གྱི་ཕྱུགས་ར་གཉེར་སྐྱོང་ཕྱོགས་ནས་སྐུལ་འདེད་གང་ལེགས་བྱས་ཏེ། རྫོང་ཧྲིལ་བོའི་ཁྲོད་དུ་ཁྱིམ་ཚང་རེ་འགའ་ཡིས་ཚོད་ལྟ་ལེགས་འགྲུབ་བྱུང་འདུག དེའི་ཁྲོད་ཀྱི་གྲུབ་འབྲས་ཅུང་བཟང་ཤོས་ནི་རྩེ་ཁོག་རྫོང་ཀུན་ཕན་ཁྱིམ་ཚང་ཕྱུགས་ར་རེད།
རྩེ་ཁོག་རྫོང་ཀུན་ཕན་ཕྱུགས་ར་ནི་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་བོད་སྐད་ཡིག་རྩོམ་རིག་འཛིན་གྲྭའི་མཐར་ཕྱིན་སློབ་མ་ཚེ་རིང་རྒྱལ་གྱིས་གཉེར་འཛུགས་བྱས་པ་རེད། ཁོས་རྩེ་ཁོག་ས་ཆའི་དབྱར་ཁའི་ནམ་ཟླ་ཐུང་བ་དང་། དགུན་གྱི་གྲང་འཁྱགས་ཀྱི་དུས་ཚིགས་ཅུང་རིང་བ། སྤང་ལ་རྩྭ་སྐྱེས་བའི་ཉག་ཐུང་བ་བཅས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་ནན་མོ་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་ལྟར་ལུག་རྒྱུད་ལེགས་འདེམས་བྱས་ཏེ། ཁྱིམ་ཚང་གིས་གསོ་སྤེལ་བྱེད་པའི་ཕྱུགས་ར་བདག་དམ་བྱེད་མགོ་ཚུགས་ཤིང་། ཁོའི་ལུག་རྒྱུད་ནི་ཟི་ཁྲོན་གཅའ་རོ་ས་ཆའི་གདོད་མའི་ལུག་རྒྱུད་རེད། ཁོས་སློབ་ཆེན་པ་ཞིག་གི་ཤེས་ཡོན་གྱི་རྩལ་ནུས་དེ་སྒོ་ཕྱུགས་གསོ་སྤེལ་གྱི་སྟེང་ལ་བཀོལ་ནས། ས་གནས་འབྲོག་པ་མང་ཚོགས་ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད་པ་མ་ཟད། རང་གི་ལས་སྒོ་གསར་སྐྲུན་ཕྱོགས་ནས་ཀྱང་ལམ་ཁ་ཡག་པོ་ཞིག་རྙེད་ཡོད་པས། སྲིད་གཞུང་གིས་ཆེད་དུ་ཁོ་ལ་ཁྱིམ་ཚང་ཕྱུགས་རའི་ཚོང་གཉེར་འཛིན་ཡིག་སྤྲད་འདུག་ལ། ཁོས་ཀྱང་སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་སྟངས་དེ་དེང་གི་ཁྲོམ་རའི་དཔལ་འབྱོར་གྱི་འཁོར་ཕྱོགས་དང་འཚམ་པའི་ཐོན་སྐྱེད་བྱེད་སྟངས་ཤིག་ཏུ་བསྒྱུར་རྒྱུའི་ཕྱོགས་སུ་འབད་པ་བྱེད་ཀྱིན་འདུག
གསར་འགོད་པས་ཚེ་རིང་རྒྱལ་ལ་བཅར་འདྲི་བྱེད་བཞིན་པ།
ཉེ་བའི་ལོ་འདི་དག་ལ། ཞིང་གྲོང་གི་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་སོང་པ་དང་བསྟུན་ནས། ཁོ་ལ་མཚོན་ན། སྒོ་ཕྱུགས་གཉེར་སྐྱོང་གི་རྣམ་པ་ཚན་རིག་ཅན་དུ་བསྒྱུར་རྒྱུ་ནི་ཕ་ཡུལ་ན་སྔོག་མ་ཐུབ་པར་ལུས་པའི་ལས་གཞི་གལ་ཆེན་ཞིག་རེད་བསམ་སྟེ། ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྒོ་གསར་བ་འདིར་འཇུག་མགོ་བརྩམས་པ་རེད། ཁོས་སྒོ་ཕྱུགས་རྩྭ་ཐང་ནས་གསོ་བ་དང་གཟན་ཆས་ཀྱིས་གསོ་བ་གཉིས་དོ་མཉམ་ཡོང་བར་བྱས་ཤིང་། རྩྭ་རའི་རྒྱ་ཁྱོན་དང་ལུག་གི་ཁ་གྲངས་གཉིས་ཀྱང་དོ་མཉམ་ཡོང་བར་བྱས་ཏེ། རྩྭ་ཕྱུགས་དོ་མཉམ་གྱི་སྐྱེ་ཁམས་ཕྱུགས་ལས་གཉེར་སྟངས་ཁྲོད་ནས་སྔ་ན་མེད་པའི་གྲུབ་འབྲས་ལོན་ནས།ལོ་གཅིག་ལ་ལུ་གུ་ཐེངས་གཉིས་རེར་རྩེབས་པའི་ཕན་ཕྱོད་ཆེ་བའི་ཚན་རིག་རང་བཞིན་གྱི་ཕྱུགས་ལས་གཉེར་ཐབས་ཤིག་གསར་རྟོགས་བྱུང་ཞིང་། ཡོང་འབབ་ཐད་ཀྱང་ལུག་གི་འཕེལ་ཁ་སྒོར་གྲངས་ལ་བཀུག་ན་ལོ་རེར་སྒོར་འབུམ་གཉིས་དང་སྟོང་ལྔ་ལྷག་ལ་སླེབས་འདུག
ཁོ་ལ་མཚོན་ན་ཕྱུགས་ར་འདི་ཁེ་ལས་རང་སྟོབས་རང་སྤེལ་གྱི་རྣམ་པས་སྒྲུབ་ནས། ཕྱུགས་ཁང་དང་གཟན་ཆས་གཡོ་སྤྱད་ཀྱི་འཕྲུལ་ཆས་སོགས་ཀྱི་སྟེང་དུ་སྒོར་འབུམ་གཅིག་ལྷག་བཏང་ཟིན་ལ། ད་ལྟ་ལུག་རྒྱུད་ལེགས་འདེམས་བྱས་ནས།ལུག་བརྒྱ་དང་ཉི་ཤུ་ལྷག་སྤུས་ཚད་མཐོ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྤེལ་བྱེད་ཀྱིན་མཆིས། དེ་མིན་ཁྲོམ་ར་ལ་ཁ་གཏོད་དུས་ཀྱང་ལུག་གོང་ཆེ་དུས་སུ། ཐད་ཀར་ཤ་ཚོང་རྒྱག་སའི་ཁྲོམ་ར་ལ་བཙོངས་པ་དང་། ལུག་གོང་ཅུང་དམའ་དུས་སུ་བོད་ལུག་ཉོ་བསྡུ་བྱེད་པའི་སྡེ་བའི་ནང་ཁུལ་ས་ཆ་གཞན་གྱི་ལུག་རྒྱུད་ལེགས་པར་རྫོགས་ཆེད་དུ་ཉོ་བསྡུ་བྱེད་མཁན་དག་ལ་འབྲེལ་གཏུག་བྱས་ནས་བཙོང་བཞིན་ཡོད་པས། རིན་གོང་ཐད་ཀྱང་བརྟན་འཇགས་ཀྱི་རྣམ་པ་བྱུང་འདུག
རྒྱུས་ལོན་པ་ལྟར་ན། རྩེ་ཁོག་ས་ཆ་རུ་ཚེ་རིང་རྒྱལ་གྱི་ཁྱིམ་ཚང་ཕྱུགས་རའི་ནང་གི་ལུག་གི་མིང་ལ་གཅའ་རོའི་ལུག་ཅེས་འབོད། གཅའ་རོའི་ལུག་རྒྱུད་འདི་རྩྭ་ས་དང་གཟན་ཆས་ཀྱིས་དོ་མཉམ་ངང་གསོ་བར་ལྷག་ཏུ་འཚམ་པ་དང་། ལུ་གུ་དགུན་ལུག་ཅིག་གི་ལྗིད་ཚད་རྒྱ་མ་བརྒྱ་དང་ལྔ་བཅུ་ལ་འབུད་ཐུབ་ཟེར།
རྩེ་ཁོག་རྫོང་གིས་གོང་རིམ་སྲིད་གཞུང་གི་སྣེ་ཁྲིད་འོག་ནས། ཕྱུགས་ལས་གཞི་རྒྱ་ཅན་དང་། གཅིག་བསྡུས་ཅན། ཚོང་རྫས་ཅན་བཅས་ཀྱི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བྱས་ནས། ཁྱིམ་ཚང་ཕྱུགས་ར་ཡི་ཚད་ལྡན་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། ན་གཞོན་ཤེས་ཡོན་པ་དག་གིས་ཕ་ཡུལ་གྱི་ཁྱིམ་ཚངཕྱུགས་རའི་གཉེར་སྐྱོང་ཕྱོགས་སུ་མིག་དཔེ་བསྟན་ནས། སྡེ་བ་ཡོངས་གྲོང་གསེབ་དར་སྤེལ་གྱི་ལམ་ཆེན་སྟེང་ནས་འབྱོར་ཕྱུག་དབྱར་མཚོ་བཞིན་རྒྱས་ཤིང་། ཞིང་སྡེ་ལ་དེང་རབས་འཚོ་བའི་གཞི་རྩའི་ཆ་རྐྱེན་ཡོངས་སུ་འདང་བའི་དམིགས་ཚད་ལ་སླེབས་འདུག
གསར་འགོད་པ། ལྷ་མོ་ཚེ་རིང་། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ཕྱུག་ལོ།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།