----ཞུན་ཧྭ་རྫོང་བིས་མདོ་བོད་རིགས་ཡུལ་ཚོ་ཉ་གཤོང་སྡེ་བས་ས་གནས་ཐོན་ཁུངས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་ཁ་ཡངས་པོར་ཕྱེས།
རྒྱལ་ཡོངས་ཡུལ་གྲུ་ཀུན་ཏུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཚ་རླབས་ཤིག་འཕྱུར་བཞིན་པའི་སྐབས་འདིར། ཞུན་ཧྭ་རྫོང་བིས་མདོ་བོད་རིགས་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཚོགས་ཆེན་གྱི་དགོངས་དོན་གཞིར་བཟུང་ནས། གྲོང་གསེབ་དར་སྤེལ་བྱེད་པའི་ཐབས་ལམ་སྣ་ཚོགས་འཚོལ་ཞིབ་དང་ལག་ལེན་བྱེད་པའི་ལས་ལ་བྲེལ་བཞིན་འདུག
བིས་མདོ་བོད་རིགས་ཡུལ་ཚོ་མི་དམངས་སྲིད་གཞུང་གི་མགོ་གཙོ། རྟ་མགྲིན་ཚེ་བརྟན།
བིས་མདོ་བོད་རིགས་ཡུལ་ཚོ་ཉ་གཤོང་སྡེ་བས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་ཅིང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་ཐུབ་པའི་འཕེལ་རྒྱས་ཀྱི་སྒོ་མོ་ཡངས་པོར་ཕྱེས།
ཉ་གཤོང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། པད་མ་རྒྱལ།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྲོད། གསར་དར་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས་ཞིང་བའི་ཡོང་སྒོ་བསྟུད་མར་འཕར་སྣོན་བྱེད་པའི་ཐད་རོགས་ཤུགས་འདོན་དགོས་པ་ནན་གྱིས་བསྟན་ཡོད། ཞིང་བའི་ཡོང་སྒོ་རྒྱུན་མཐུད་འཕར་སྣོན་འབྱུང་རྒྱུ་ནི་ཞིང་པ་དང་ཞིང་སྡེ་མཉམ་དུ་ཕྱུག་པོར་འགྱུར་བ་མངོན་འགྱུར་བྱེད་པའི་དངོས་པོའི་རྨང་གཞི་ཡིན་ལ་གསར་དར་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་ཡིན་པར་མ་ཟད། ཞིང་པར་སྣེ་ཁྲིད་དེ་མཉམ་དུ་ཕྱུག་པོར་འགྱུར་བ་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། ཉ་གཤོང་སྡེ་བས་རྩ་འཛུགས་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ས་གནས་ཁྱད་ལྡན་ཐོན་ལས་གཙོ་བོར་བཟུང་སྟེ་འཕེལ་རྒྱས་ཀྱི་འཚོ་བ་གསར་བའི་ལམ་བུ་གསར་གཏོད་བྱེད་བཞིན་ཡོད།
ཉ་གཤོང་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། དབང་རྒྱལ།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ལས་བསྟན་པ་ནང་བཞིན། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ནུས་ལྡན་གཏོང་བར་ཐོག་མར་ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་དགོས་ཤིང་། གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ན་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རོགས་ཤུགས་འདོན་ཐུབ། ཉ་གཤོང་སྡེ་བའི་ཚ་བོ་ཆེ་སྤྲོ་སྐྱིད་གླིང་ཀར་མཚོན་ན། ཉ་གཤོང་སྡེ་བའི་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་པའི་ཐུན་མོང་མ་ཡིན་པའི་སྤྲོ་སྐྱིད་གླིང་ཀ་ཞིག་རེད། དེའི་ནང་གི་ཟས་རིགས་ཀྱི་ཐོན་ཁུངས་གཙོ་བོ་ནི་ཉ་གཤོང་སྡེ་བའི་ལུག་གསོ་ར་བའི་ལུག་ཤ་དག་མ་དང་སྡེ་བའི་རྩམ་འཐག་ཁང་གི་བཅུད་ལྡན་ནས་ནག་རྩམ་པ། སྡེ་བའི་གཡིས་བཙག་ཁང་གི་ལོག་དཀར་གྱི་གཡིས་སོགས་ཡིན་ལ། དེ་དག་ནི་ཉ་གཤོང་སྡེ་བའི་སྦྲེལ་མཐུད་ཐོན་ལས་ཀྱི་ཁོངས་སུ་གཏོགས། ཡུལ་སྐོར་དུས་ཚིགས་སླེབས་ཐེངས་རེ་ལ་ཉ་གཤོང་སྡེ་བས་ཚ་བོ་ཆེ་སྤྲོ་སྐྱིད་གླིང་ཀར་བརྟེན་ནས། མགྲོན་བསུའི་སྒོ་མོ་ཡངས་པོར་ཕྱེས་ཏེ་སྡེ་བའི་ཁྱད་ལྡན་ཐོན་ལས་གང་མང་ཞིག་ལ་སྔར་མེད་ཀྱི་གསོན་ཤུགས་རྒྱས་སུ་འཇུག་བཞིན་ཡོད།
ཚ་བོ་ཆེ་སྤྲོ་སྐྱིད་གླིང་གི་འགན་འཛིན་པ། མགོན་པོ།
ཉ་གཤོང་སྡེ་བས་ཞིང་ལས་དེང་རབས་ཅན་གྱི་འཕེལ་རྒྱས་རྣམ་པ་དར་སྤེལ་གང་ལེགས་བྱས་ཏེ་དུས་རབས་གསར་བའི་སྐྱོད་ལམ་གསར་བའི་སྟེང་བྱ་གཞག་གསར་བའི་བྱས་རྗེས་འཇོག་པར་འབད་བརྩོན་ལྷོད་མེད་བྱེད་བཞིན་འདུག
གསར་འགོད་པ། གཡང་འབུམ་རྒྱལ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། ཕྱུག་ལོ།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།