ཞུན་ཧྭ་རྫོང་རྡོ་སྦིས་ཡུལ་ཚོ་མདོ་བ་སྡེ་བའི་བདེ་སྐྱིད་ཚང་མི་རིགས་མཁོ་ཆས་ལས་སྣོན་ཚད་ཡོད་ཀུང་ཟིས་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་དར་སྤེལ་བཏང་ནས་སྡེ་མི་རྣམས་ལ་ལས་ཞུགས་གོ་སྐབས་འདོན་སྤྲོད་བྱས།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ལས། མི་རིགས་ཀྱི་ལག་ཤེས་བཟོ་ལས་དེ་མི་རིགས་ས་ཁུལ་གྱི་གྲོང་གསེབ་དར་སྤེལ་བྱ་བའི་གཞི་འཛིན་ས་གཙོ་བོ་ཞིག་ཡིན་པས། དུས་བསྟུན་མདུན་སྐྱོད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞི་རྩའི་བླང་བྱ་དང་མཐུན་པར་བྱས་ཏེ། མི་རིགས་ས་ཁུལ་གྱི་གྲོང་གསེབ་དར་སྤེལ་གྱི་རྣམ་པ་གསར་བ་གསར་གཏོད་བྱེད་པར་ནུས་ཤུགས་གང་ཡོད་འདོན་དགོས་པའི་བླང་བྱ་བཏོན་ཡོད། ཞུན་ཧྭ་རྫོང་རྡོ་སྦིས་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་གྲོང་གསེབ་དར་སྤེལ་གྱི་ཕྱོགས་སོ་སོའི་བྱ་བར་རྒྱབ་སྐྱོར་དང་སྣེ་ཁྲིད་གང་ལེགས་བྱས་ཏེ། སྣ་མང་ཕུན་ཚོགས་ཀྱི་འཕེལ་རྒྱས་ཐབས་ལམ་རྒྱ་བསྐྱེད་པར་དུས་དང་རྣམ་པ་ཀུན་ཏུ་འབད་འབུང་ཡར་བརྩོན་བྱེད་བཞིན་འདུག
རྡོ་སྦིས་ཡུལ་ཚོའི་ཏང་ཨུའི་རྩ་འཛུགས་ཨུ་ཡོན། ནོར་བུ་སྒྲོལ་མ།
ཞུན་ཧྭ་རྫོང་བདེ་སྐྱིད་ཚང་མི་རིགས་མཁོ་ཆས་ལས་སྣོན་ཚད་ཡོད་ཀུང་ཟི་ནི་ཉིས་སྟོང་བཅུ་དགུ་ལོར་བཙུགས་པ་ཞིག་ཡིན་ཞིང་། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་རྫོང་རྡོ་སྦིས་ཡུལ་ཚོའི་མདོ་བ་སྡེ་བ་རུ་ཡོད། ཀུང་ཟི་དེ་ཐོག་དང་པོར་འཛུགས་སྐབས་མ་དངུལ་སྒོར་མོ་ས་ཡ་གཉིས་ལྷག་བཏང་བ་དང་། ཀུང་ཟི་དེའི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཆིག་སྟོང་ལྔ་བརྒྱ་རེ་གསུམ་ཡོད། ད་ལྟ་རྒྱུན་སྡོད་ཀྱི་ལས་བཟོ་བ་བཅུ་གཉིས་ཡོད་པ་ཚང་མ་མདོ་བ་སྡེ་བའི་རེད། ཀུང་ཟི་དེས་གཙོ་བོ་བོད་ཀྱི་སྦྲ་གུར་དང་སྒོ་ཡོལ་སོགས་མི་རིགས་མཁོ་ཆས་ཐོན་སྐྱེད་དང་འཚོང་གཉེར་བྱེད་བཞིན་འདུག ལོ་ངོ་གསུམ་བཞིའི་རིང་ཀུང་ཟིའི་ཐོན་རྫས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། དེ་མིན་བོད་ལྗོངས་སོགས་ས་ཁུལ་མང་པོར་མཁོ་འདོན་བྱས་ནས། ལོ་རེའི་ཐོན་སྐྱེད་ཡོང་འབབ་སྒོར་མོ་འབུམ་གསུམ་ལྷག་ལེན་ཐུབ་ཀྱི་ཡོད། བདེ་སྐྱིད་ཚང་སྦྲ་གུར་ཚད་ཡོད་ཀུང་ཟིའི་འགན་འཛིན་པ་པདྨ་ཚེ་བརྟན་ནི་རང་གི་ལག་ཤེས་ལ་བརྟེན་དུས་རབས་གསར་བའི་འཚོ་བ་གསར་བ་བསྐྲུན་མཁན་ཞིག་ཡིན་པར་མ་ཟད། ད་དུང་སྡེ་མི་རྣམས་ལ་ལག་ཤེས་སྦྱོང་བར་སྣེ་ཁྲིད་བྱས་ཏེ། མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་ཞོར་དུ། མི་རིགས་ཀྱི་ལག་ཤེས་བཟོ་ལས་དེ་དེང་རབས་ཅན་དུ་འཕེལ་རྒྱས་སུ་བཏང་སྟེ། གྲོང་གསེབ་གྱི་རིག་གནས་ཐོན་ལས་ལ་སྐུལ་འདེད་གཏོང་མཁན་ཞིག་ཀྱང་རེད།
བདེ་སྐྱིད་ཚང་སྦྲ་གུར་ཚད་ཡོད་ཀུང་ཟིའི་འགན་འཛིན་པ། པདྨ་ཚེ་བརྟན།
ཀུང་ཟི་དེས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་རིག་གནས་རྒྱུན་འཛིན་བྱེད་རྒྱུ་དམིགས་སུ་བཟུང་ནས། བོད་ཀྱི་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་ཕན་འབྲས་ལྡན་པའི་སྒོ་ནས་དར་སྤེལ་གཏོང་རྒྱུ་འགན་འཁྲི་རུ་བརྩིས་ཏེ། ཐོན་རྫས་སྣ་མང་དང་དེང་རབས་ཅན་དུ་བསྒྱུར་བར་ནུས་ཤུགས་གང་ཡོད་བཏོན་ཏེ། སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་གྱི་འཕེལ་རིམ་འཐུས་ཚང་དུ་གཏོང་བར་འབད་པ་བྱེད་ཀྱིན་ཡོད་པར་མ་ཟད། ལག་རྩལ་སྣ་གཅིག་ཤེས་ན་ཁྱིམ་གཅིག་ཕྱུག་པོར་གཏོང་ཐུབ་པའི་གནས་ལུགས་ལ་ངོས་འཛིན་ཡང་དག་བྱས་ཏེ། སྡེ་བའི་ནང་གི་བཟོ་ལས་ལག་ཤེས་པ་སྐོར་ཞིག་བསྡུ་ལེན་བྱས་ཏེ་ཁོ་ཚོ་ཡང་བཟོ་ལས་ལག་ཤེས་ཀྱི་ལམ་དུ་ཞུགས་པར་སྣེ་ཁྲིད་བྱེད་བཞིན་ཡོད།
མི་རིགས་ལག་ཤེས་བཟོ་ལས་ཀྱིས་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ན། སྲིད་གཞུང་གི་སྣེ་ཁྲིད་དང་སྤྱི་ཚོགས་ཟབ་ཞུགས། ཞིང་པས་ནུས་པ་འདོན་སྤེལ་བྱེད་པ་བཅས་ཟུང་འབྲེལ་བྱེད་དགོས་པ་དང་། ཞིང་པར་སྣེ་ཁྲིད་ནས་གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྐྱོང་བྱེད་པའི་ཐབས་ལམ་གསར་བ་བསྐྲུན་ན། ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཐབས་ལམ་རྒྱ་བསྐྱེད་པར་ཕན་ཐོགས་ཡོད། དེ་བས་མདོ་བ་སྡེ་བའི་བདེ་སྐྱིད་ཚང་མི་རིགས་མཁོ་ཆས་ལས་སྣོན་ཚད་ཡོད་ཀུང་ཟིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་ཏེ། གྲོང་གསེབ་དར་སྤེལ་ཐད་ལ་དོན་སྙིང་གསར་བ་བསྐྲུན་འདུག
བདེ་སྐྱིད་ཚང་སྦྲ་གུར་ཚད་ཡོད་ཀུང་སིའི་ལས་བཟོ་བ། ཀླུ་མོ་མཚོ།
རྡོ་སྦིས་ཡུལ་ཚོའི་མདོ་བ་སྡེ་བའི་བདེ་སྐྱིད་ཚང་མི་རིགས་མཁོ་ཆས་ལས་སྣོན་ཚད་ཡོད་ཀུང་ཟིས་རང་སྟེང་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། དུས་རབས་གསར་བར་སྤོབས་པ་ཆེན་པོས་མདུན་དུ་སྐྱོད་བཞིན་འདུག
གསར་འགོད་པ། གཡང་འབུམ་རྒྱལ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། ཕྱུག་ལོ།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།