----ཀ་རིང་ཡུལ་ཚོ་གཤོང་ས་སྡེ་བས་ཞོག་ཁོག་འདེབས་འཛུགས་ལ་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་།
ཞུན་ཧྭ་རྫོང་ཀ་རིང་ཡུལ་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་ཆེད། ཀ་རིང་ཡུལ་ཚོ་སྲིད་གཞུང་གིས་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ། སྡེ་བ་སོ་སོ་དང་ཞིང་ཁ་སོགས་སུ་སོང་ནས་ཏང་གི་དམངས་ཕན་སྲིད་ཇུས་སྣ་ཚོགས་མང་ཚོགས་ལ་སྒྲོག་འགྲེལ་གང་ལེགས་བྱས་པར་བརྟེན། རྫོང་དང་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག སྒོ་ཀུན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕར་སྣོན་དང་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་རང་ནུས་འདོན་མཁན་གྱི་མི་སྣ་ཡང་མང་པོ་ཞིག་ཐོན་དང་ཐོན་བཞིན་འདུག
ཀ་རིང་ཡུལ་ཚོ་གཤོང་ས་སྡེ་བ་ནི་ཞིང་ལས་གཙོ་བོར་གཉེར་བའི་སྡེ་བ་ཞིག་ཡིན་ལ། སྡེ་བ་དེར་མི་གྲངས་ལྔ་བརྒྱ་ལྷག་ཡོད། གཤོང་ས་སྡེ་བ་ནས་ཕྱི་རུ་ལས་ཀར་འགྲོ་མཁན་ཇེ་མང་དུ་སོང་བ་དང་བསྟུན་ནས། ཁྱིམ་དུ་ཞིང་ལས་གཉེར་མཁན་གྱི་ངལ་རྩོལ་པ་རིམ་བཞིན་ཇེ་ཉུང་དུ་སོང་སྟབས།སྡེ་བ་དེ་རུ་ཕྱི་རོལ་ཏུ་ཞོར་ལས་ལ་འགྲོ་མི་ཐུབ་པའི་ཁྱིམ་བདག་བུད་མེད་དག་དང་ཞིང་ལས་གཉེར་མཁན་ཁ་ཤས་ཤིག་ལས་ལྷག་མེད། དེ་བས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཏང་ཡོན་རྣམས་ཀྱིས་ས་ཞིང་བེད་མེད་དུ་འཇོག་པའི་སྣང་ཚུལ་དེ་མེད་པར་བཟོ་བ་དང་ཁྱིམ་དུ་སྡོད་པའི་སྡེ་མི་རྣམས་ལའང་འོས་འཚམ་གྱི་ཡོང་སྒོ་ཞིག་བསྐྲུན་པའི་ཐབས་ལམ་རྒྱ་བསྐྱེད་དེ། ས་ཞིང་གླ་གཏོང་བྱས་ནས་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་ནུས་པ་གང་ཡོད་བཏོན།
གཤོང་ས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། དཔལ་ཆེན།
གཤོང་ས་སྡེ་བའི་སྡེ་མི་གཅོད་པ་སྐྱབས་ལ་མཚོན་ན། རང་གི་ཕུན་སུམ་ཚོགས་པའི་ཉམས་མྱོང་ལ་བརྟེན་ནས་ཞིང་ལས་རྐྱང་རྐྱང་གཉེར་མཁན་ཞིག་ཡིན་པ་དང་།ཁོས་ལོ་མང་པོར་སྡེ་བའི་ནང་དུ་ཞིང་ལས་ངལ་རྩོལ་པ་ཇེ་ཉུང་དུ་སོང་བ་དང་ས་ཞིང་སྟེང་ཞིང་འདེབས་མཁན་མེད་པའི་གནས་ཚུལ་ལ་དམིགས་ནས། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་མི་རྣམས་ཀྱི་ཁས་ལེན་དང་རྒྱབ་སྐྱོར་འོག གཤོང་ས་སྡེ་བའི་ས་ཞིང་སྐོར་ཅིག་འགན་གཙང་ལེན་བྱས་ཏེ་ཞོག་ཁོག་རྐྱང་རྐྱང་འདེབས་པའི་འགན་འཁྲི་ཞིག་ཕྲག་ཏུ་བླངས་ནས་ལོ་མང་པོ་ཞིག་འགོར་ཡོད།
གཤོང་ས་སྡེ་བའི་ས་ཞིང་འགན་གཙང་ལེན་པ། གཅོད་པ་སྐྱབས།
ཞིང་ལས་ལ་བརྟེན་ནས་འཚོ་བ་རོལ་མཁན་ཞིག་ལ་མཚོན་ན་ལས་ཀ་ལས་རྒྱུ་མང་ཡང་ཡོང་སྒོ་ནི་གཏན་ཁེལ་མེད་པ་ཞིག་ཡིན་པས། སྡེ་བ་དེའི་སྡེ་མི་མང་ཤས་ཤིག་སྔར་བཞིན་ཕྱི་རུ་ཞོར་ལས་ལ་འགྲོ་བཞིན་ཡོད། ཡིན་ནའང་ད་དུང་སྡེ་མི་མང་པོ་ཞིག་རང་ཁྱིམ་དང་བྲལ་ནས་ཕྱི་རུ་ཡོང་སྒོ་འཚོལ་ཏུ་འགྲོ་དཀའ་བའི་གནས་ཚུལ་དངོས་ལ་གཞིགས་ཏེ། གཅོད་པ་སྐྱབས་ཀྱིས་རང་གི་ཞོག་ཁོག་འདེབས་འཛུགས་ཀྱི་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཁྱིམ་དུ་སྡོད་པའི་སྡེ་མི་དེ་དག་ཕྱི་རུ་ཞོར་ལས་ལ་འགྲོ་མ་ཐུབ་ཀྱང་རང་ཁྱིམ་གྱི་སྒོ་འགྲམ་ནས་ཡོང་འབབ་ཅུང་ཙམ་རག་ཐུབ་པའི་ཐད་ལ་ལོ་མང་པོའི་རིང་འབད་བརྩོན་བྱས་པས་སྡེ་མི་སྐོར་ཞིག་ལ་དེའི་ཐད་ནས་ཕན་ཁེ་དངོས་ཐོབ་ཡོད།
འཕྲུལ་ཆས་ཁ་ལོ་བ། གདུགས་དཀར་སྐྱབས།
བུད་མེད་རྣམས་ལ་མཚོན་ན་གནའ་ནས་ད་ལྟའི་བར་ངལ་རྩོལ་གྱི་ནུས་པ་འདོན་མཁན་གལ་ཆེན་ཞིག་དང་ཁྱིམ་ཚང་རེ་རེར་མེད་དུ་མི་རུང་བའི་བདག་མོ་ཡིན་པས།གཤོང་ས་སྡེ་བའི་བུད་མེད་མང་པོ་ཞིག་ཀྱང་དེ་བཞིན་དུ་ཁྱིམ་གྱི་ལས་ཀ་སྣ་ཚོགས་ཀྱི་བྲེལ་ཟིང་ཁྲོད་ནས་ཞོར་ལས་ལ་འགྲོ་ཐུབ་ཀྱི་མེད། གནས་ཚུལ་དེར་དམིགས་ནས་གཤོང་ས་སྡེ་བའི་ས་ཞིང་འགན་ལེན་པ་གཅོད་པ་སྐྱབས་ཀྱིས་ལོ་རེར་བཞིན་ཞོག་ཁོག་འདེབས་འཛུགས་ཀྱི་མགོ་མཇུག་བར་གསུམ་དུ་ཁོ་མོ་ཚོར་འོས་འཚམ་གྱི་གླ་ཆ་རེ་བྱིན་ནས་ཡོང་སྒོ་བཙལ་བའི་ལམ་བུ་ཞིག་བཏོད་ཡོད།
གཤོང་ས་སྡེ་བའི་སྡེ་མི། ཀླུ་མོ་མཚོ།
ཞུན་ཧྭ་རྫོང་ཀ་རིང་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལས་བསྟན་པའི་ཞིང་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བའི་དམངས་ཕན་སྲིད་ཇུས་སྣ་ཚོགས་གཞི་རིམ་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱས་པའི་གོ་སྐབས་བཟང་བོ་དེ་དང་བསྟུན་ནས།ཞུན་ཧྭ་རྫོང་ཀ་རིང་ཡུལ་ཚོ་གཤོང་ས་སྡེ་བའི་སྡེ་མི་གཅོད་པ་སྐྱབས་ཀྱིས་ཀྱང་རང་གི་ནུས་པར་བརྟེན་ནས་སྡེ་བའི་མང་ཚོགས་རྣམས་ལ་ཡོང་སྒོ་བསྐྲུན་ཏེ་ཐུན་མོང་ཕྱུག་འགྱུར་གྱི་ལམ་དུ་སྤོབས་པ་ཆེན་པོས་སྙེག་བཞིན་འདུག
གསར་འགོད་པ། གཡང་འབུམ་རྒྱལ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། ཕྱུག་ལོ།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།