ཏང་གི་གསུང་སྐད་སྙན་མོ་རི་ལུང་ཀུན་ཏུ་ཁྱབ།
2022.06.25 ཁུངས། ཀློག་གྲངས། 60

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གོང་སྨད་ཡུལ་ཚོ་བྲག་ཤར་སྡེ་བའི་སྐྱ་མི་སྒྲོག་འགྲེལ་རུ་ཁག་གིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ལ་སློབ་སྦྱོང་སྒྲོག་འགྲེལ་བྱེད་པའི་གནས་ཚུལ་དངོས་བཀོད།

 དཔྱིད་ཟླ་ཐ་མའི་ལྗང་མདོག་གི་མྱུ་གུ་འབུས་ཤིང་དབྱར་ཟླ་འགོ་མའི་ཁུ་བྱུག་གི་གསུང་སྐད་སྙན་པའི་བཀྲ་ཤིས་པའི་དུས་བཟང་དེར། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་གནའ་མཁར་ཟི་ལིང་དུ་རྒྱལ་ཁའི་ངང་གྲོལ་བའི་འཕྲིན་བཟང་ཕྱོགས་བཅུར་བསྒྲག་པ་དང་བསྟུན་ནས། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་དོན་གཉིས་ལྷག་ཡོད་པའི་མཚོ་སྔོན་ཞིང་ཆེན་གྱི་ཡུལ་གྲུ་ཀུན་ཏུ་ཏང་གི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་མཐོ་རླབས་ཤིག་ངང་ངམ་ཤུགས་ཀྱིས་འཕྱུར་བྱུང་།  

   དབྱར་ཟླ་དྲུག་པའི་མགོ་ལོག་རྩྭ་ཐང་ནི་མ་བཅོས་ལྷུན་གྱིས་གྲུབ་པའི་ལྗང་མདོག་གི་འཇིག་རྟེན་ཞིག་ཡིན་ཞིང་། ལས་ལ་བརྩོན་ཞིང་དཔའ་སྤོབས་རྒྱས་པའི་མགོ་ལོག་མི་དམངས་ཀྱིས་བློ་མཐུན་ཞི་ཅིང་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག་ཏུ། སྐྱེ་ཁམས་ཁོར་ཡུག་མིག་བཞིན་གཅེས་ཤིང་མི་རིགས་མཐུན་སྒྲིལ་སྲོག་ལྟར་བསྲུང་བཞིན་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་ཧུར་ཐག་བྱེད་པའི་རྣམ་པ་ནི་རྫོགས་མཐའ་བྲལ་བའི་གཏམ་རྒྱུད་རིང་མོ་ཞིག་ཡིན་ལ། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་མགོ་ལོག་མི་དམངས་ཡང་རྒྱལ་ཡོངས་མི་དམངས་དང་ལྷན་དུ་དབུལ་ཐར་མཁྲེགས་གཏོར་ལས་རྣམ་པར་རྒྱལ་ཏེ་གྲོང་གསེབ་དར་སྤེལ་གྱི་དམངས་ཕན་སྲིད་ཇུས་ཀྱི་སྒོ་འཕར་ཡང་མོར་ཕྱེས་འདུག དེ་བས་ཏང་གི་རྗེས་སུ་འབྲངས་བ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ་བཅས་ནི་རྒྱང་རིང་མཐའ་འཁོབ་དུ་གནས་པའི་དགའ་བདེ་རྫོང་གོང་སྨད་ཡུལ་ཚོའི་བྲག་ཤར་སྡེ་དམངས་ལ་མཚོན་ན་འགྱུར་མེད་ཀྱི་དམ་བཅའ་བརྟན་པོ་ཞིག་རེད།

 གསར་འགོད་པ་གོང་སྨད་ཡུལ་ཚོའི་བྲག་ཤར་སྡེ་བར་ཐོན་པ་ན། ནམ་མཁའ་སྔོ་ཞིང་དྭངས་ལ། ས་གཞི་ལྗང་ཞིང་འཇམ་པ་སོགས་ཕྱིའི་སྣོད་ཀྱི་བཀོད་པས་གསར་འགོད་པའི་ཡིད་དབང་ཅིག་ཅར་འཕྲོགས་མོད། འོན་ཀྱང་དེ་བས་མིག་གི་ལོངས་སྤྱོད་དུ་གྱུར་བའི་མཛེས་ལྗོངས་གསར་བ་ཞིག་མངོན་པ་ནི་བོད་ལྭ་གྲལ་དག་གྱོན་ཞིང་ལག་ཏུ་རྒྱལ་དར་དམར་པོ་འཕྱར་བ། བྲང་ཁར་ཏང་རྟགས་དམར་སེར་བཏགས་པའི་སྐྱ་མི་སྒྲོག་འགྲེལ་རུ་ཁག་གིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་ལམ་དུ་ཆས་པའི་བརྗིད་ཉམས་ལྡན་པའི་རུ་དཔུང་དེ་རེད།

  ཏག་ཏག་ཉིན་དེར་གོང་སྨད་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་སྣེ་ཁྲིད་འོག གོང་སྨད་ཡུལ་ཚོའི་བྲག་ཤར་སྡེ་བས་སྐྱ་མི་སྒྲོག་འགྲེལ་རུ་ཁག་གི་རུ་མི་རྣམས་གཙོ་བྱས་པའི་ཏང་ཡོན་རྒན་གཞོན་དང་མང་ཚོགས་རྣམས་གཅིག་ཏུ་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་དང་། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་བ་ཚོགས་པར་བསུ་མ་བྱེད་པ་བརྗོད་དོན་ཡིན་ཞིང་དམངས་ཕན་སྲིད་ཇུས་སྣ་སོགས་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་ཞིག་སྤེལ་བཞིན་ཡོད་ལ། སྐྱ་མི་སྒྲོག་འགྲེལ་རུ་མི་རྣམས་ཀྱིས་བཞིན་ལ་ཡིད་ཆེས་དང་རེ་བའི་ཁེངས་ནས་སྔ་མོར་གནས་དེར་འཛོམས་ཏེ་སྒྲོག་འགྲེལ་མགོ་རྩོམ་པར་ངང་སྒུག་བྱེད་བཞིན་འདུག གོང་སྨད་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ངག་དབང་གིས་བཤད་རྒྱུར།

  གོང་སྨད་ཡུལ་ཚོའི་བྲག་ཤར་སྡེ་བའི་སྐྱ་མི་སྒྲོག་འགྲེལ་རུ་ཁག་ནི2018ལོའི་ཟླ་གསུམ་པར་བཙུགས་ཤིང་། ཏང་གི་གསུང་སྐད་སྙན་མོ་རི་ལུང་ཀུན་ཏུ་ཁྱབ་པར་བྱེད་རྒྱུ་ནི་རུ་ཁག་དེ་འཛུགས་དོན་གྱི་དམིགས་ཡུལ་ཉག་ཅིག་ཡིན་ལ། རུ་མི་གཙོ་བོ་ནི་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གི་བོད་རྒྱ་སྐད་གཉིས་ཤེས་པའི་ལས་བྱེད་པ་དང་སྡེ་བའི་ཏང་ཡོན་ཡོད་དོ་ཅོག་ཡིན་ཞིང་། ད་ལྟའི་བར་དུ་སྐྱ་མི་སྒྲོག་འགྲེལ་རུ་ཁག་དེས་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རབ་དང་རིམ་པ་དང་། ལོ་རེའི་ཀྲུང་དབྱང་དང་ཞིང་ཆེན་གྱི་ཡིག་ཆ་ཨང་དང་པོ་སོགས་ཀྱི་དགོངས་དོན་དུས་ལྟར་འགྲིམ་འགྲུལ་སྟབས་མི་བདེ་བའི་རི་མཐོ་ལུང་ཟབ་ཏུ་གནས་པའི་འབྲོག་ཁྱིམ་རེ་རེར་སྒྲོག་འགྲེལ་བྱེད་པའི་གཟི་བརྗིད་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་ཁུར་ཡོད། བྲག་ཤར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཡང་འཕེལ་གྱིས་བཤད་རྒྱུར།

  འབྲོག་པ་མང་ཚོགས་རྣམས་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཐ་ཐོར་དུ་གནས་ཡོད་པའི་དབང་གིས་ལོ་ངོ་དུ་མའི་རིང་ལ། གཞི་རིམ་ལས་བྱེད་པ་དང་ཏང་ཡོན་རྣམས་རྟར་ཞོན་ནས་འབྲོག་ཁྱིམ་དུ་བསྐྱོད་དེ་ཏང་གི་དམངས་ཕན་སྲིད་ཇུས་དང་ཁྲིམས་ལུགས་ཤེས་བྱ།  འཕྲོད་བསྟེན་རྒྱུན་ཤེས་སོགས་སྒྲོག་འགྲེལ་བྱེད་པའི་སྲོལ་བཟང་ཞིག་དར་ཡོད། སྒྲོག་འགྲེལ་བྱེད་ཐེངས་གཅིག་ལ་ཉིན་བཞི་ནས་ལྔ་དགོས་ན་ཡང་། སྐྱ་མི་སྒྲོག་འགྲེལ་རུ་ཁག་གི་རུ་མི་རྣམས་ཀྱིས་དཀའ་ངལ་ཁྱད་དུ་བསད་ནས། རང་ནུས་ལྕོགས་ཚོད་ཀྱིས་ས་གནས་མང་ཚོགས་ལ་ཞབས་འདེགས་ཞུ་བཞིན་མཆིས། བྲག་ཤར་སྡེ་བའི་ཏང་ཡོན་རྒན་པ་ཤེར་མགོན་གྱིས་བཤད་རྒྱུར།

  དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་དང་བླངས་པའི་ཞབས་ཞུའི་བྱ་བ་ལག་བསྟར་བྱས་པ་དང་བསྟུན་ནས། སྐྱ་མི་སྒྲོག་འགྲེལ་རུ་ཁག་དེ་རིམ་བཞིན་མགོ་ལོག་རྩྭ་ཐང་དུ་ཏང་གི་སྲིད་ཇུས་སྣ་ཚོགས་སྒྲོག་འགྲེལ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། དཀའ་སྡུག་གི་བཀག་རྒྱ་གང་ཞིག་ལ་འཕྲད་ཀྱང་། ཁོ་ཚོ་ཡངས་པའི་རྩྭ་ཐང་དང་ཀྱ་ཀྱུའི་ཆུ་རྒྱུན། ཀྱག་ཀྱོག་གི་རི་ལམ་སོགས་བརྒྱུད་དེ། ཏང་གི་གསུང་སྐད་སྙན་མོ་དང་སྲིད་ཇུས་བཟང་པོ་དེ་འབྲོག་ཁྱིམ་རེ་རེར་སྒྲོག་བཞིན་ཡོད། གོང་སྨད་ཡུལ་ཚོའི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་དང་བླངས་རུ་ཁག་གི་རུ་མི་ཚེ་རིང་རྡོ་རྗེ་ཡིས་བཤད་རྒྱུར།

  གོང་སྨད་ཡུལ་ཚོའི་སྐྱ་མི་སྒྲོག་འགྲེལ་རུ་ཁག་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁྲོད་དུ་སོང་ནས། རང་ཞིང་གི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དག་ཁ་གསལ་གོ་བདེའི་ངང་སྒྲོག་འགྲེལ་བྱས་པ་དང་མང་ཚོགས་ཀྱིས་དོ་སྣང་བྱེད་པའི་དམངས་ཚིས་གནད་དོན་སྐོར་ལ་དུས་ཐོག་ཏུ་ལན་བཏབ་པས།  ས་གནས་མང་ཚོགས་ཀྱིས་འབྲེལ་ཡོད་སྲིད་ཇུས་ཀྱི་ནང་དོན་ཁོང་དུ་ཆུད་པར་སྟབས་བདེ་གང་ལེགས་བཟོས། དེའི་སྐོར་ནས་གོང་སྨད་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ངག་དབང་གིས་བཤད་རྒྱུར།

  རྟ་ཕོའི་རྨིག་སྒྲ་ཡིས་རྩྭ་ཐང་གི་གྲུ་ཟུར་རེ་རེའི་འགྲིམ་འགྲུལ་གྱི་བཀག་རྒྱ་གཏོར་ཞིང་། སྒྲོག་འགྲེལ་རུ་ཁག་གིས་མཐོ་སྒང་གི་འབྲོག་ཁྱིམ་རེ་རེའི་འཕྲིན་གསར་གྱི་སྒོ་ཕྱེས་སོང་། གོང་སྨད་ཡུལ་ཚོའི་སྐྱ་མི་སྒྲོག་འགྲེལ་རུ་ཁག་གི་རུ་མི་རྣམས་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་དེ། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་གསུང་སྐད་དེ་རྩྭ་ཐང་གི་གཞི་རུ་གནས་བཅས་པའི་འབྲོག་པ་མང་ཚོགས་ཀྱི་ཁྱིམ་དུ་བསྒྲགས་བཞིན་ཡོད་ལ། ཁོ་ཚོས་རེ་བ་དང་ཡིད་ཆེས་སེམས་སུ་བཅངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་པར་བསུ་མ་བྱེད་བཞིན་ཡོད།


   གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། 

རིག་འཛིན་སྒྲོལ་མ། སྐལ་བཟང་རྣམ་རྒྱལ། 

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 

དོ་དམ་པ། བསོད་ནམས་དོན་གྲུབ། 

ལྟ་སྐུལ་བ།དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།