དུས་རབས་གསར་བའི་དཔལ་ཡོན་རྨ་རྒྱལ་སྦོམ་རའི་འདབས་སུ་བཞད།
2022.07.05 ཁུངས། ཀློག་གྲངས། 66

  མཚན་མོ་དེར་དར་ལག་རྫོང་མཁར་དུ་ཆར་ཞོད་དྲགས་པོ་བབས་པས། ཕྱི་ཉིན་ཞོགས་པར་རྫོང་མཁར་ཡོངས་སུ་བསིལ་འཇམ་གྱི་སྣང་བ་སྐྱིད་པོ་ཞིག་སྟེར་ཞིང་། སྲང་ལམ་གྱི་འགྲམ་རྒྱུད་དུ་བཀལ་བའི་དར་ཆ་གཉིས་ལའང་སྔར་ལས་དམར་མདངས་རྒྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་ཚོགས་པར་དགའ་བས་བསུ་མ་བྱེད་པ་དང་ཀུན་ནས་མཚུངས།

  བོད་ལུགས་བཟོ་བཀོད་ཀྱི་ཁྱད་ཆོས་ཀུན་ནས་ཕྱུག་པའི་འདན་མ་སྡེ་ཁུལ་ནི་དར་ལག་རྫོང་མཁར་གྱི་སྡེ་ཁུལ་ཆེ་ཤོས་ཤིག་ཡིན་ལ། ཉིན་དེར་སྡེ་ཁུལ་དེའི་མང་ཚོགས་རྣམས་ཀྱིས་ལུས་ལ་བོད་ལྭ་གྲལ་དག་རེ་གྱོན་རྗེས་སྡེ་ཁུལ་དེའི་ནང་བཙུགས་ཡོད་པའི་རྫོང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་སུ་བསྐྱོད་བཞིན་ཡོད་ལ། མ་གཞིར་ཉིན་དེ་ནི་དར་ལག་རྫོང་གི་ཞིང་ཆེན་ཏང་གི་འཐུས་མི་རྣམ་རྒྱལ་སྒྲོལ་མས་རྒྱ་ཆེའི་མང་ཚོགས་ལ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བཀྲ་ཤིས་པའི་ཉིན་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཞི་རིམ་བསམ་བློའི་ཆབ་སྲིད་བྱ་བར་ཤུགས་སྣོན་དང་ཏང་གི་སྲིད་འཛིན་རྨང་གཞི་སྲ་བརྟན་གཏོང་བར་ཆེས་མཐོའི་མཐོང་ཆེན་བྱས་ཏེ། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་གལ་ཆེན་གནངས། 2018ལོའི་ཟླ7ཚེས6ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་མགོ་འཛིན་གནང་བ་དང་། གྲོས་ཚོགས་སྟེང《དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》ལ་གྲོས་སྡུར་བྱས་ཏེ་གྲོས་འཆམ་བྱུང་ཞིང་།དུས་དེ་ནས་བཟུང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱེད་པའི་མཐོ་རླབས་ཤིག་མེས་རྒྱལ་གྱི་ཡུལ་གྲུ་ཀུན་ཏུ་འཕྱུར།   

 དར་ལག་རྫོང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ནི2020ལོའི་ཟླ་བཅུ་གཉིས་པར་འདན་མ་སྡེ་ཁུལ་དུ་བཙུགས་ཤིང་། ལྟེ་གནས་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་སྒྲོག་བྱེད་པའི་རྟེན་གཞི་གལ་ཆེན་ཞིག་ཡིན་ཞིང་། དར་ལག་རྫོང་ལ་མཚོན་ན་ཚན་རིག་པའི་གཞུང་ལུགས་སློབ་སྦྱོང་དྲིལ་སྒྲོག་བྱེད་པའི་སྟེགས་བུ་གལ་ཆེན་པོ་ཞིག་དང་གཞི་རིམ་བསམ་བློའི་ཆབ་སྲིད་བྱ་བ་སྲ་བརྟན་ཏུ་གཏང་བའི་རྟེན་གཞི་གཙོ་བོ་ཞིག དུས་རབས་གསར་བའི་མི་སྣ་སྐྱེད་བསྲིང་དང་དུས་རབས་ཀྱི་གོམས་སྲོལ་གསར་བ་དར་སྤེལ་གཏོང་བའི་བསམ་བློའི་ཁྱིམ་གཞིས་ཤིག དར་ལག་གི་ཁྱད་ཆོས་ལྡན་པའི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་སའི་གར་སྟེགས་ཆེན་མོ་བཅས་ཡིན་པས། མང་ཚོགས་ལ་དྲིལ་སྒྲོག་དང་མང་ཚོགས་ལ་སློབ་གསོ། མང་ཚོགས་ལ་སེམས་ཁུར། མང་ཚོགས་ལ་ཞབས་ཞུ་བཅས་བསྒྲུབ་པར་ལྟེ་གནས་འདིས་དགོས་འདོད་ཀུན་འབྱུང་ལྟ་བའི་ནུས་པ་བླ་ལྷག་འདོན་བཞིན་མཆིས། 

 གསར་འགོད་བཅར་འདྲི་བྱེད་པར་དར་ལག་རྫོང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་སུ་འབྱོར་བ་ན། བརྩེག་རིམ་གཉིས་ལས་གྲུབ་པའི་ཐོག་ཁང་དེའི་ཕྱི་ངོས་སུ་དར་ལག་རྫོང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཞེས་པའི་མདོག་དམར་པོའི་ཡིག་འབྲུ་དག་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་གསལ་བོར་བྲིས་ཡོད་ལ། ཁེར་ཐོག་གི་ཚོམས་ཆེན་གྱི་མཐོ་སར་རབས་ལྔའི་གཙོ་འཛིན་དག་གི་སྐུ་པར་བརྗིད་ཉམས་ངང་བཀལ་ཡོད་ཅིང་། གྱང་ངོས་ཡོངས་སུ་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་དོན་ཆེན་དག་པར་རིས་དང་ཡི་གེའི་ལམ་ནས་གསལ་བཤད་བྱས་ཡོད་པ་དང་། གཡས་ཕྱོགས་ཀྱི་དཔེ་ཀློག་ཁང་དུ་མང་ཚོགས་སྐོར་ཞིག་འདུས་ནས་ཏང་གི་སྲིད་ཇུས་དང་ཚན་རིག་ཤེས་བྱ། འཕྲོད་བསྟེན་རྒྱུན་ཤེས་སོགས་རང་རང་གི་དགའ་ཕྱོགས་ལྟར་དཔེ་ཆ་སྣ་ཚོགས་བམ་ཀློག་བྱེད་བཞིན་ཡོད་པ་དང་། རྒད་པོ་འགའ་ཞིག་གིས་ཕན་ཚུན་ལ་ཀུ་རེ་རྩེད་བཞིན་མིག་མང་དང་བོད་འགྱིག་སོགས་ཀྱི་རོལ་རྩེད་ཁྲོད་ནས་ཚེ་མཇུག་གི་འཚོ་བ་བདེ་སྐྱིད་ངང་སྐྱེལ་བཞིན་མཆིས། དར་ལག་རྫོང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ལས་བྱེད་པ་པདྨ་བསྟན་འཛིན་གྱིས་བཤད་རྒྱུར།

 2020ལོར་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་དངོས་སུ་བཙུགས་པའི་ཚུན་ལ། དར་ལག་རྫོང་གིས་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་ཁོངས་གཏོགས་སུ་སྐྱེ་ཁམས་སྲུང་སྐྱོབ་དང་བླངས་ཞབས་ཞུ་རུ་ཁག་དང་བཅའ་ཁྲིམས་ཁེ་དབང་དང་བླངས་ཞབས་ཞུ་རུ་ཁག སྲིད་ཇུས་སྒྲོག་འགྲེལ་དང་བླངས་ཞབས་ཞུ་རུ་ཁག་སོགས་ལས་རིགས་མི་གཅིག་པའི་དང་བླངས་ཞབས་ཞུ་རུ་ཁག་དགུ་བཙུགས་ཏེ་རང་སོ་སོའི་བྱེད་ནུས་དང་ཁྱད་ཆོས་གཞིར་བཟུང་ནས་དམིགས་ཡུལ་དང་ནང་དོན་ཡོད་པའི་བྱ་འགུལ་སྣ་ཚོགས་སྤེལ་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པར་མ་ཟད། རྒྱུན་ཏུ་འགྲོ་འོང་དང་རེ་ལྟོས་བྱེད་སའི་དང་བླངས་ཞབས་ཞུའི་ལྟེ་གནས་ཤིག་ཏུ་གྱུར་འདུག དར་ལག་རྫོང་རྒྱུད་སྨད་གྲོང་རྡལ་འདན་མ་སྡེ་ཁུལ་གྱི་སྡེ་དམངས་པད་མ་བདེ་ཆེན་གྱིས་བཤད་རྒྱུར།

 དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་གསར་འཛུགས་ལ་ཕན་འབྲས་མངོན་གསལ་ལེན་པར་འགན་སྲུང་བྱེད་ཆེད། དར་ལག་རྫོང་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ཆེན་དང་ཁུལ་རིམ་པའི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་གསར་འཛུགས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་དང་བློ་འདྲི་བྱས་ཏེ། རང་ས་གནས་ཀྱི་དམར་པོའི་གཞི་རྒྱུའི་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱས་ནས། རྫོང་མཁར་གྱི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་མ་དཔེ་རུ་བཟུང་ནས། རྫོང་ཁོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ10དང་སྲིད་འཛིན་སྡེ་བ37དུ་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་ལས་གཞི་གང་མགྱོགས་ཀྱིས་འཛུགས་སྐྲུན་བྱས་ཏེ། གང་ན་རྒྱལ་དར་བསྒྲེངས་ཡོད་ཚེ་དེ་ན་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་བཙུགས་ཡོད་ལ། གང་ན་དུས་རབས་གསར་བའི་དཔལ་ཡོན་ལྟེ་གནས་ཡོད་ཚེ། དེ་ན་སྲིད་ཇུས་དྲིལ་སྒྲོག་དང་རིག་གནས་ཞབས་ཞུ། སྨན་བཅོས་འཕྲོད་བསྟེན། རྩལ་ནུས་གསོ་སྦྱོང་། རྒན་བཀུར་རྒན་གཅེས། བཅའ་ཁྲིམས་དྲིལ་སྒྲོག་སོགས་ཀྱི་དང་བླངས་ཞབས་ཞུའི་བྱ་འགུལ་ཡོད་པ་སྨྲོས་མ་དགོས། 

 ཏང་གི་སྲིད་ཇུས་སྣ་ཚོགས་ཀྱི་དགོངས་དོན་ཡོད་ཚད་བྱེད་སྟངས་གསར་བའི་ཐབས་ལམ་བརྒྱུད་ནས་མང་ཚོགས་རེ་རེའི་སེམས་སུ་ངེས་པར་བྱ་རྒྱུ་ནི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་ཐོག་མའི་འགན་འཁྲི་ཡིན་སྟབས། དར་ལག་རྫོང་གིས་ཏང་ཡོན་གདོང་ལེན་དང་བླངས་རུ་ཁག་དང་སྲིད་ཇུས་སྒྲོག་འགྲེལ་དང་བླངས་རུ་ཁག་སོགས་རྐང་འཛིན་པའི་སྟོབས་ཤུགས་བེད་སྤྱོད་གང་ལེགས་བྱས་ཏེ། རི་མཐོ་ལུང་ཟབ་དང་རྫ་ཁ་རི་ཁ་རུ་གནས་པའི་འབྲོག་ཁྱིམ་རེ་རེར་སོང་ནས་རྒྱུན་རྣམ་ཅན་གྱི་སྒྲོག་འགྲེལ་གཏིང་ཟབ་སྤེལ་བ་དང་། ལྷག་པར་དུ་རྩམ་པ་འདུམ་འགྲིག་དང་བླངས་ཞབས་ཞུ་ཡན་ལག་རུ་ཁག་གསར་འཛུགས་བྱས་པ་དེས་མང་ཚོགས་ཁྲོད་འབྱུང་སླ་བ་དང་ཐག་གཅོད་དཀའ་བའི་འགལ་ཟླ་མང་པོ་ཞིག་དུས་ཐོག་ཏུ་འདུམ་འགྲིག་བྱས་ཏེ། གྱོད་ཀྱི་རྨ་ཁ་གཉེན་གྱིས་གསོ་བའི་ཁ་དཔེ་ལག་ལེན་ཐོབ་ནས་ས་གནས་ཀྱི་མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་གྱི་ནུས་པ་ཆེན་པོ་ཐོན། དར་ལག་རྫོང་འདན་མ་སྡེ་ཁུལ་ཏང་ཀྲི་པུའུ་ཧྲུའུ་ཅི། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་ཀྲུའུ་རིན་འགུ་གྲགས་ཀྱིས་བཤད་རྒྱུར། 

དཀའ་ཚེགས་དང་གཙང་བཙོག་ལ་མི་འཛེམས་པའི་སྐྱེ་ཁམས་སྲུང་སྐྱོབ་དང་བླངས་རུ་ཁག་གི་རུ་མི་རྣམས་ཀྱིས་ནམ་རྒྱུན་དང་བླངས་པའི་སྟོད་ཐུང་དམར་པོ་ལུས་ལ་གྱོན་ཞིང་འགྱིག་ཁུག་ལྗང་ཁུ་ལག་ཏུ་བཟུང་ཏེ། དར་ལག་རྩྭ་ཐང་གི་གྲུ་ཁ་རེ་རེ་ན་བརྩོན་པའི་རྔུལ་ཆུས་ངོ་གདོང་བརླན་བཞིན་གཞན་ལ་རེ་བ་ཅི་ཡང་མི་འདོན་པར་རང་ཉིད་ལ་རེ་བ་ནན་མོ་བཟུང་ནས་མཛེས་པའི་དར་ལག་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཕྲན་ཙམ་རེ་འཇོག་བཞིན་ཡོད་ལ། ཁོ་ཚོའི་བླ་མེད་ཀྱི་གཤིས་སྤྱོད་དང་འགྲན་མེད་ཀྱི་སྙིང་སྟོབས་ལས་མཐའ་འཁོར་གྱི་མི་མང་པོ་ཞིག་སེམས་འགུལ་ཐེབས་སུ་བཅུག་སྟེ། ཁོ་ཚོ་ཡང་དང་བླངས་པའི་གྲས་སུ་ཞུགས་འདོད་པའི་ཀུན་སློང་ཞིག་རྒྱུད་ལ་སྐྱེས་བྱུང་། དང་བླངས་པ་འཇིགས་མཚོ་ནི་ལོ་རབས་དགུ་བཅུའི་རྗེས་སུ་སྐྱེས་པའི་བུ་མོ་ཆུང་ཆུང་ཞིག་ཡིན་ལ། ཁོ་མོ་ནི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་མ་བོས་མགྲོན་པོ་གལ་ཆེན་ཞིག་ཡིན་པས། ཁོ་མོ་ལ་བརྗོད་མི་ཚར་བའི་གཏམ་རྒྱུད་མང་པོ་ཡོད་ངེས།

  དང་བླངས་ཞབས་ཞུའི་བྱ་འགུལ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། གཞོན་སྐྱེས་མང་པོ་ཞིག་དང་བླངས་པའི་ཞབས་ཞུའི་དཔུང་སྡེའི་ཁྲོད་ཞུགས་ཏེ། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་གྱི་ལྗང་མྱུག་རེ་རེ་དར་ལག་རྩྭ་ཐང་དུ་མྱུ་གུ་འབུས་ཤིང་འབྲས་བུ་སྨིན་སོང་།

  གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། 

རིག་འཛིན་སྒྲོལ་མ། སྐལ་བཟང་རྣམ་རྒྱལ། 

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 

དོ་དམ་པ། བསོད་ནམས་དོན་གྲུབ། 

ལྟ་སྐུལ་བ།དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།