ཞིན་ཧེ་རྫོང་གིས་སྣོད་བཅུད་འབྲོག་ལས་རྒྱུན་མཐུད་ངང་འཕེལ་རྒྱས་དང་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་སུ་རང་བྱུང་རྩྭ་སའི་གནོན་ཤུགས་ཆུང་དུ་གཏོང་ཆེད་རྩྭ་ཕྱུགས་དོ་སྙོམས་བྱས་ཏེ་འབྲོག་ལས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་དང་ཞིང་འབྲོག་པའི་ཡོང་འབབ་ཇེ་མང་དུ་གཏོང་བ། འཚོ་བའི་ཆ་རྐྱེན་ཇེ་ལེགས་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞིན་ཧེ་རྫོང་ཆུ་ཁོལ་ཞང་གསེར་ཐང་སྡེ་བའི་ཞལ་དཀར་མཉམ་ལས་ཁང་དང་། མ་རྐང་མཉམ་ལས་ཁང་། ཞོ་ཆེན་མཉམ་ལས་ཁང་བཅས་ཀྱིས་རྩྭ་ས་དང་ཕྱུགས་ཟོག་མ་རྐང་དུ་བཞག་སྟེ། གཅིག་གྱུར་ཐོན་སྐྱེད་དང་གཅིག་གྱུར་བདག་གཉེར་སྒོས་ཕྱུགས་ལས་འཕེལ་རྒྱས་སུ་འགྲོ་བར་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་བཏིངས།
ཆུ་ཁོལ་ཞང་གི་ཞང་གཙོ་གཞོན་པ་བསོད་ནམས་རྒྱ་མཚོ་ལ་བཅར་འདྲི་བྱེད་བཞིན་པ།
ཞིན་ཧེ་རྫོང་ཆུ་ཁོལ་ཞང་ལ་མཚོན་ན་བསྡོམས་པས་སྡེ་བ་བདུན་ཡོད་ལ། འབྲོག་ལས་རྐྱང་རྐྱང་གཉེར་བའི་རྨང་གཞིའི་སྟེང་ཆེད་ལས་མཉམ་ལས་ཁང་བཞི་ཡོད། སྡེ་བ་རེ་ལ་མ་རྐང་མཉམ་ལས་ཁང་གཅིག་རེ་ཡོད། ཞལ་དཀར་ཕྱུགས་ཟོག་གསོ་སྤེལ་ཞིང་བའི་ཆེད་ལས་མཉམ་ལས་ཁང་ནི2016ལོའི་ཟླ་3པའི་ཚེས9ཉིན་དངོས་སུ་བཙུགས་ཤིང་། ཐོ་འགོད་བྱས་པའི་མ་དངུལ་ལ་སྒོར་ཁྲི་220ལ་སླེབས། མཉམ་ལས་ཁང་འདིས་ནོར་གནག་གསོ་སྐྱོང་དང་སྐྱེ་འཕེལ་གཙོ་བོར་བཟུང་སྟེ་མཉམ་ལས་འཕེལ་རྒྱས་ཀྱི་རྩ་བ་རྒྱུན་འཁྱོངས་བྱས་པ་བརྒྱུད། 2018ལོ་ནས2019ལོའི་བར་མཚོ་ལྷོ་ཁུལ་ནོར་གནག་ཐོན་ལས་སྤུས་ལེགས་ནུས་མཐོ་གསོ་སྤེལ་དཔེ་སྟོན་ས་ཁུལ་དུ་བདམས།
གཞན་ཆུ་ཁོལ་ཞང་གསེར་ཐང་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་ནི2020ལོའི་ཟླ4བའི་ཚེས21ཉིན་བཙུགས་པ་དང་། ཐོ་འགོད་བྱས་པའི་མ་དངུལ་ལ་སྒོར་ཁྲི666.82ལ་སླེབས། མཉམ་ལས་ཁང་འདིས་མཉམ་སྡེབ་ཀྱི་རྒྱུ་ནོར་གཉེར་སྐྱོང་དང་དོ་དམ། མཉམ་སྡེབ་ཀྱི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད། ཐོན་ལས་ཐོན་སྐྱེད་འཕེལ་རྒྱས་དང་ཞབས་ཞུ། ནོར་དོན་དོ་དམ་དང་ཕན་འབྲས་བགོ་བཤའ་སོགས་ཞབས་ཞུའི་ལས་རིགས་གཙོ་བོར་བཟུང་ཡོད།
མ་འོངས་པར་མཉམ་ལས་ཁང་འདི་དག་གིས་ཞིང་འབྲོག་ལས་ཀྱི་དཔལ་འབྱོར་གཉེར་སྐྱོང་གཙོ་བོ་གཞིར་བཟུང་ནས་ཐོན་ལས་རིགས་སྒྱུར་རིམ་སྤར་ཇེ་མགྱོགས་སུ་བཏང་སྟེ་སྲིད་ཇུས་དོན་འཁྱོལ་དང་། མ་དངུལ་རོགས་སྐྱོར། ཤེས་ལྡན་མི་སྣ་གསོ་སྦྱོང་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་དཔེ་སྟོན་མཉམ་ལས་ཁང་ཞིག་ཏུ་བསྒྱུར་བར་འབད་པ་ཧུར་ཐག་བྱ་རྒྱུ་རེད།
ཞལ་དཀར་མཉམ་ལས་ཁང་གི་ཟུར་ཞིག
མཉམ་ལས་ཁང་གི་བྱ་དགའ་སྣ་ཚོགས།
མཉམ་ལས་ཁང་གིས་ཕྱུགས་ཟོག་ལ་སྨན་ཁབ་རྒྱག་བཞིན་པ།
མཉམ་ལས་ཁང་གི་ཕྱུགས་ཟོག
མ་རྐང་མཉམ་ལས་ཁང་གིས་ཡུག་པོ་བཏབ་པའི་རྣམ་པ།
རྨོ་འདེབས་འཕྲུལ་ཆས་ཀྱི་རིགས།
གསར་འགོད་པས་མཉམ་ལས་ཁང་གི་ཡུལ་དངོས་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ།
ཐེངས་འདིའི་གསར་འགོད་པའི་དཔུང་སྡེ།
གསར་འགོད་པ། ཆོས་ཕྱུག་རྒྱལ། ཕྱུག་ལོ། དབང་རྒྱལ་ཚེ་རིང་། སྟོབས་ལྡན་རྒྱལ།