གངས་འདབས་ཀྱི་སྐར་མ་འོད་ཆེན།
2022.07.18 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 94

----རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་མི་སྒེར་དང་རྒྱལ་ཡོངས་དཔེ་ལེགས་མི་དམངས་འདུམ་འགྲིག་པ། མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་པ་དཀོན་མཆོག་གི་གནས་ཚུལ་དངོས་བཀོད།   

དབྱར་ཟླ་དྲུག་པའི་མགོ་ལོག་ས་ཆ་ནི་ཐང་ལ་རྩྭ་དང་རྩི་ཤིང་གི་སྐྱེ་སྟོབས་རབ་ཏུ་རྒོལ་ཞིང་། རི་ལ་ཤིང་དང་ནགས་ཚལ་གྱིས་ཀུན་ནས་བརྒྱན་ཡོད་པ་མ་ཟད། གངས་རིའི་རྩེ་ལ་ཉི་འོད་ཀྱིས་བཀྲག་མདངས་འཚེར་པའི་ཡུལ་ལྗོངས་ནི་ལྟ་བས་མཆོག་མི་ཤེས་པའི་ཚོད་དུ་འདུག་ནའང་། ལྗོངས་ཀྱི་བཀོད་པའི་མཛེས་ཉམས་ལ་སེམས་པ་གཡེང་ཁོམ་མེད་པར་ཉིན་མཚན་དུས་དྲུག་ཏུ་གཞན་དོན་དུ་འདུར་བཞིན་པའི་དཀོན་མཆོག་ལ་མཚོན་ན། དེ་རིང་ཡང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ན་དམངས་དོན་འདུམ་འགྲིག་གི་ལས་དོན་གྱི་ཕྱིར་དུ། གཉིད་ཆག་ཟས་བརྗེད་ཀྱིས་ཤུ་རེ་བྱེད་ཀྱིན་འདུག

ཁོ་བོ་ནི་འབྲོག་ཁྱིམ་ཕལ་བ་ཞིག་ནས་སྐྱེས་པའི་མི་བུ་དཀྱུས་མ་ཞིག་ཡིན་ལ། འབྲོག་ཁུལ་གྱི་བྱིས་པ་མང་ཆེ་བ་དང་འདྲ་བར་ཁྱིམ་ཚང་གི་རྒྱབ་ལྗོངས་ཆེན་པོ་མེད། ཁོ་རང་དམའ་འབྲིང་མཐར་མ་བྱིན་སྔོན་སློབ་བྱོལ་བྱས་པ་དང་། ཆུང་དུས་ནས་དབུལ་ཕོངས་ཀྱི་འཚོ་བ་རོལ། འོན་ཀྱང་ཁོ་ནི་བསམ་བློ་གཏོང་ཕོད་པ་དང་ཚོད་ལྟ་བྱེད་ཕོད་པ། གཞན་གྱི་སྔོན་ལ་ལས་ཀ་སྒྲུབ་ཕོད་པ་མཁན་ཞིག་ཡིན་པས། དབུལ་ཕོངས་ལ་མགོ་མི་སྒུར་བ་དང་ཕམ་འདོད་མེད་པའི་སྙིང་རུས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་ཞིག་བཏོད་དེ། ས་ཐག་ཉེ་རིང་ཀུན་ཏུ་སྐད་གྲགས་ཆོད་པའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཏུ་གྱུར། 

  ལོ་རབས་བརྒྱད་ཅུ་པའི་དུས་འགོར། འབྲོག་ཁུལ་གྱི་མི་གྲངས་ཇེ་མང་དུ་ཕྱིན་པ་དང་། ཕྱུགས་ཟོག་ཚད་བརྒལ་ལས་འཚོས་པས་རྩྭ་སའི་སྐྱེ་ཁམས་ཇེ་ཞན་དུ་གྱུར་བ་དང་། ས་ཞིང་ཞན་པ་བཅས་ཀྱི་འཚོ་བའི་ཐད་དཀའ་ངལ་སྣ་ཚོགས་ལ་འཕྲད་པ་མ་ཟད། འགྲིམ་འགྲུལ་དང་ཆ་འཕྲིན་སྟབས་མི་བདེ་བས་སྲོལ་རྒྱུན་གྱི་ཕྱུགས་ལས་ཐོན་སྐྱེད་གཙོ་བོར་བརྟེན་བཞིན་ཡོད་ལ།  ཕྱུགས་ལས་ཐོན་རྫས་ཀྱི་རིན་གོང་དམའ་བ་དང་ཕྱིར་འཚོང་བྱེད་དཀའ་བས་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ཐེབས། འོན་ཀྱང་ཧྲུའུ་ཅི་དཀོན་མཆོག་གིས་ཁྲོམ་རའི་དགེ་མཚན་ལ་དབྱེ་ཞིབ་བྱས་པ་དང་། ཁོའི་སྣེ་ཁྲིད་འོག་སྡེ་བའི་ནང་གི་ན་གཞོན་ཚོ་ཕ་ཡུལ་དང་ཁ་བྲལ་ནས་ཚོང་ལས་ཀྱི་ཕྱོགས་སུ་བསྐྱོད་མགོ་བརྩམས། ལོ་འགའི་ནང་ཁོ་ཚོ་བོད་ལྗོངས་དང་སི་ཁྲོན། ལན་ཀྲིག་སོགས་ཀྱི་བཟོ་གྲྭ་ཁག་ཏུ་སོང་ནས་ཞོར་ལས་བྱེད་ཞོར་སློབ་སྦྱོང་བྱས་པ་དང་། ཁོས་ངལ་རྩོལ་རྩལ་ནུས་སྣ་ཚོགས་སྦྱོང་ཞོར་དུ་རང་ཉིད་ཀྱིས་ལས་སྐྲུན་བྱ་རྒྱུར་བསམ་གཞིགས་བྱེད་ཀྱིན་ཡོད། མཐར་ཁོས་བོད་ལུགས་ས་གདན་བཟོ་བའི་ལག་རྩལ་དང་ཁེ་ལས་དོ་དམ་ལ་སྣང་ཆེན་བྱེད་འགོ་བརྩམས་པ་དང་། དེ་རྗེས་ཕ་ཡུལ་དུ་ལོག་ནས་མ་དངུལ་གྲབས་གསོག་བྱས་ཏེ་བོད་ལུགས་ས་གདན་བཟོ་གྲྭ་ཆུང་གྲས་ཤིག་བཙུགས་ནས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་གཞི་ཁྱོན་རིམ་བཞིན་ཆེ་རུ་བཏང་མཐར། 2012ལོར་རྨ་ཆེན་རྫོང་རྨ་གཡང་མི་རིགས་ལག་ཤེས་བཟོ་རྩལ་ཚད་ཡོད་ཀུང་སི་བཙུགས་པ་རེད། རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་ཙང་གུ་སྡེ་བའི་ཧྲུའུ་ཅི་དཀོན་མཆོག་གིས་བཤད་རྒྱུར།

 སྡེ་བའི་ཧྲུའུ་ཅིའི་འགན་ཁུར་པ་ནས་བཟུང་། ཁོས་འབད་བརྩོན་ལྷོད་མེད་དང་རང་གཅུན་སྤྱི་གཅེས། བློ་གཅིག་སེམས་གཅིག་གིས་སྡེ་མིར་དོན་དངོས་དང་དོན་བཟང་སྒྲུབ་པ་བཅས་བྱས་ནས། ཏང་ཡོན་ཡོངས་ཀྱི་སྣེ་ཁྲིད་དེ་བསམ་བློ་ཕྱོགས་གཅིག་ཏུ་བཏང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་བཏོན་པས་སྡེ་བ་དེའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལས་དོན་འཕེལ་རྒྱས་གཏོང་ཆེད་ཧུར་ཐག་འབད་ཐག་བྱེད་ཀྱིན་ཡོད་ལ། ཁོའི་བརྩོན་པའི་རྔུལ་ཆུའི་འབྲས་བུས་མཐའ་འཁོར་ས་ཁུལ་དུ་སྙན་གྲགས་ཧ་ཅང་ཆེན་པོ་ལྡན་ལ། ས་གནས་དེ་གའི་མང་ཚོགས་ཀྱིས་གུས་བཀུར་ཆེན་པོ་ཐོབ་ཡོད་པས། མང་ཚོགས་ཀྱི་སེམས་སུ་ཧྲུའུ་ཅི་བཟང་བོ་དང་བློས་འགེལ་ཆོག་པའི་ལས་རོགས་ནུས་ལྡན་ལྟ་བུར་གྱུར་ཡོད།

  ཧྲུའུ་ཅི་དཀོན་མཆོག་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས། མིག་སྔའི་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་བྱས་པའི་དངོས་ཟོག་དང་མ་དངུལ་བསྡོམས་པའི་སྒོར་འབུམ་གཉིས་དང་ཁྲི་གཅིག་ཙམ་ཟིན་པ་དང་། སྡེ་བའི་ནང་གི་སུ་ལ་དཀའ་ངལ་ཡོད་ཚེ་ཁོས་རང་འགུལ་ངང་རོགས་རམ་བྱེད་ཀྱིན་ཡོད།2016ལོར་གནད་འཁེལ་དབུལ་སྐྱོར་གྱི་བྱ་བ་སྤེལ་བའི་ཚུན་ལ། ཧྲུའུ་ཅི་དཀོན་མཆོག་གིས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ནས། ཡིག་ཚགས་དང་བྱང་བུ་བཟོས་པའི་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ལ་དབུལ་ཐར་ཐབས་ལམ་འཚོལ་རོགས་བྱས་པ་དང་། ཧྲུའུ་ཅི་དཀོན་མཆོག་གིས་སྡེ་བ་ཡོངས་ཀྱི་མང་ཚོགས་དབུལ་ཐར་ཕྱུག་འགྱུར་བྱ་རྒྱུ་ནི་ངའི་འགན་འཁྲི་ཡིན་ཟེར།2016ལོ་ནས་བཟུང་ཁོས་སྡེ་བའི་ནང་གི་ཁྱིམ་ཚང་ང་བརྒྱད་ཀྱི་མི་གྲངས་བརྒྱ་དང་ཞེ་དགུ་ཡི་ཐོན་ལས་མ་དངུལ་སྒོར་འབུམ་བདུན་དང་ཁྲི་བདུན་སྟོང་བཞི་ཧྲིལ་བསྡུས་བྱས་ནས་རྨ་ཆེན་རྫོང་རྨ་གཡང་ལག་ཤེས་བཟོ་རྩལ་ཚད་ཡོད་ཀུང་སིར་མ་རྐང་དུ་བཞག་པས།2016ལོ་དང2017ལོ།2018ལོ་བཅས་སུ་སྒོར་ཁྲི་དགུ་དང་སྟོང་བརྒྱད་བདུན་བརྒྱའི་བགོ་བཤའ་བརྒྱབ། ཁོའི་བློ་སྤོབས་དང་བརྩོན་པར་བརྟེན་ནས་འབྲས་བུ་མི་དམན་པ་བླངས་པས།2021ལོར་ཁོ་ལ་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ། དེའི་ཐད་ནས་ཁོས་བཤད་རྒྱུར། 

ཧྲུའུ་ཅི་དཀོན་མཆོག་གིས་སྲོལ་གསར་གཏོད་ནས་དཔལ་ཡོན་དར་སྤེལ་བཏང་སྟེ། མང་ཚོགས་ཀྱི་སྣེ་ཁྲིད་ནས་གོམས་སྲོལ་སྒྱུར་བ་དང་འཚོ་བའི་གོམས་སྲོལ་ངན་པ་འགྱུར་ལྡོག་བཏང་སྟེ། སྡེ་བའི་ནང་དུ“ཡ་རབས་ཁྱིམ་ཚང”དང“སྐར་ལྔའི་དཔལ་ཡོན་ཁྱིམ་ཚང”སོགས་གསར་འཛུགས་བྱ་འགུལ་དང་དེ་མིན་ཏང་གི་བཀའ་དྲིན་ཚོར་བའི་རིག་རྩལ་བྱ་འགུལ་སྤེལ་བས་སྡེ་བ་ཡོངས་སུ་ཞི་མཐུན་ཡར་བརྩོན་གྱི་དར་སྲོལ་གསར་པ་ཞིག་ཆགས་ཡོད། ཉེ་བའི་ལོ་འགའི་རིང་ལ། ཙང་གུ་སྡེ་བའི་ནང་ཉེས་དོན་གྱོད་གཞི་དང་ཐོལ་བྱུང་དོན་རྐྱེན་བྱུང་མ་མྱོང་། དེ་དང་ཆབས་ཅིག་ཧྲུའུ་ཅི་དཀོན་མཆོག་གིས་རྨ་ཆེན་རྫོང་ཁོངས་སུ་རང་དཔེ་གཞན་སྟོན་གྱིས་སྡེ་བའི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་སྣེ་ཁྲིད་དེ་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་བྱེད་པའི་བྱ་བ་ཧུར་ཐག་གིས་སྤེལ་བ་མ་ཟད། རང་འགུལ་ངང་གྲོང་རྡལ་རིམ་པའི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་པའི་བྱ་བའི་ཁྲོད་ཞུགས། སྡེ་བའི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་འཁུར་བའི་ལོ་ངོ་ཉེར་བཞིའི་རིང་། ཧྲུའུ་ཅི་དཀོན་མཆོག་བསྡོམས་པའི་འགལ་བ་དང་རྩོད་གཞི514འདུམ་འགྲིག་བྱེད་པའི་ནང་ཞུགས་པ་དང་། དེའི་ནང་ལོ་རྒྱུས་ཐོག་ལུས་པའི་དཀའ་གནད་དང་རྩོད་གཞི་ཚབས་ཆེན160ཙམ་ཡོད། ཁོ་རང་ཙང་གུ་སྡེ་བའི་ཧྲུའུ་ཅི་ལས་གཞན། མི་དམངས་ཀྱིས་བློས་འགེལ་ཆོག་པའི་འདུམ་འགྲིག་པ་བཟང་བོ་ཞིག་ཀྱང་ཡིན་པས།2020ལོར་ཁོ་ལ་རྒྱལ་ཡོངས་དཔེ་སྟོན་མི་དམངས་འདུམ་འགྲིག་པའི་མཚན་སྙན་ཐོབ།

 2008ལོ་ནས་བཟུང་། སྔ་རྗེས་སུ་རྭ་རྒྱ་གྲོང་རྡལ་གྱི་སྐབས་གཉིས་པ་དང་གསུམ་པ། བཞི་པ་བཅས་ཀྱི་ཏང་གི་འཐུས་མི་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིར་བདམས་ཐོན་བྱུང་། 2011ལོ་ནས་བཟུང་རྨ་ཆེན་རྫོང་གི་སྐབས་བཅུ་གསུམ་པ་དང་བཅུ་བཞི་པའི་ཏང་གི་འཐུས་མི་དང་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིར་བདམས། 2016ལོར་མགོ་ལོག་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་འཐུས་མིར་བདམས་པ་མ་ཟད། ཐེངས་འདིའི་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་ཡང་ཡིན་པས། ཁོས་སྒྲོག་འགྲེལ་གྱི་ཐད་ནས་བཤད་རྒྱུར།

  ཧྲུའུ་ཅི་དཀོན་མཆོག་གིས་འབད་བརྩོན་དང་སྣེ་ཁྲིད་ལ་བརྟེན་ནས་རྭ་རྒྱ་གྲོང་རྡལ་ཙང་གུ་སྡེ་བར་དབུལ་ཐར་གྱི་རེ་བ་སྦྱིན་པ་དང་། རྭ་རྒྱ་གྲོང་རྡལ་ཙང་གུ་སྡེ་བའི་མི་དམངས་ཀྱི་དངོས་ཡོད་འཚོ་བར་འགན་སྲུང་ངེས་ཅན་ཞིག་ཐོབ་ལ། རང་ཉིད་དབུལ་ཕོངས་དང་ཁ་བྲལ་བ་མ་ཟད། ཡུལ་མི་ཚོའི་གནས་ཚུལ་དུས་ནམ་ཡང་མ་བརྗེད་པར་ཁོ་ཚོའི་སྣེ་ཁྲིད་དེ་སྔར་ལས་ཕྱུག་འགྱུར་གྱི་ཉི་འོད་ལམ་ཆེན་ཐོག་བསྐྱོད་བཞིན་ཡོད། ཙང་གུ་སྡེ་བའི་སྡེ་མི་བཀྲ་པོ་ཡིས་བཤད་རྒྱུར།

    མི་ཞིག་ལ་ནུས་པ་ཡོད་པའི་མི་ཆོག་པར་བརྩོན་པ་དགོས། མི་ཞིག་ལ་བརྩོན་པ་ཡོད་པའི་མི་ཆོག་པར་ཕུགས་བསམ་དགོས། མི་ཞིག་ལ་ཕུགས་བསམ་ཡོད་པའི་མི་ཆོག་པར་ཕུགས་བསམ་དེ་དགེ་ཕྱོགས་སུ་གཏོགས་དགོས། དེ་ལྟར་མི་ཞིག་གི་ཕུགས་བསམ་དགེ་ཕྱོགས་སུ་གཏོགས་ན་ལས་དོན་རླབས་ཆེན་འགྲུབ་ཐུབ་ཟེར་པ་ནང་བཞིན། ཧྲུའུ་ཅི་དཀོན་མཆོག་གིས་དུས་ཡུན་རིང་པོའི་ནང་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་ནས། མི་དམངས་ལྟེ་བར་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་ལ་གྲུབ་འབྲས་ཀྱང་མི་དམན་པ་ཐོན་ཡོད། ཁོས་མུ་མཐུད་དུ་རང་ཉིད་ཀྱི་མི་ཚེ་ཡོད་ཚད་ཏང་གཤིས་ཀྱིས་བཅིངས་པའི་དམངས་དོན་དུ་བསྟིམས་རྩིས་བྱེད་ཀྱིན་འདུག་ལ། ཏག་ཏག་བློས་བསླང་འདིའི་གོ་རིམ་ཁྲོད་ནས། གུང་ཁྲན་ཏང་ཡོན་ཞིག་གི་མཛེས་སྡུག་ལྡན་པའི་མི་ཚེའི་མཚར་སྡུག་གི་བཞུད་ལམ་ཡང་གྲུབ་དང་འགྲུབ་བཞིན་འདུག

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།

རིག་འཛིན་སྒྲོལ་མ། སྐལ་བཟང་རྣམ་རྒྱལ། 

དོ་དམ་པ། བསོད་ནམས་དོན་གྲུབ།

ལྟ་སྐུལ་བ།དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།