མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་གྲོས་གཞི་གྲ་སྒྲིག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
2023.02.24 ཁུངས། ཀློག་གྲངས། 55

ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ཏེ་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་གྲོས་གཞི་གྲ་སྒྲིག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་མཱ་ཧྲི་གུང་དང་། མཱ་ཧྥུའུ་ཁྲང་། ཝང་ཧྭ་ཅེ། ཝང་གོ་ཏུང་། རིན་ཆེན་བཀྲ་ཤིས། པིས་ཧྲིན་ལུང་། ལིའུ་ཞའོ་རུང་། དབྱང་ཡུང་། ཞུའུ་ཆིན་མེན། ཤ་བོ་སྒྲོལ་མ། ཀོ་ཅིན་ཕིང་། ཏུང་ཆོན་མེན། ཅང་ཀྲི་ཀང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཝང་ལིས་མེན་གྱིས་བསྟན་དོན། གྲོས་གཞི་འདོན་པ་ནི། འཐུས་མིའི་འགན་སྒྲུབ་རྒྱུན་རྣམ་ཅན་གྱི་མངོན་སྟངས་གལ་ཆེན་ཞིག་ཡིན་ལ། འཐུས་མིས་རང་ཞིང་གི་དོན་དངོས་གནས་ཚུལ་མཚོན་པ་དང་། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། དུས་རིམ་སྔོན་མའི་བྱ་བའི་ཁྲོད། འཐུས་མི་རྣམས་དང་། འབྲེལ་ཡོད་ལས་ཁུངས་སོ་སོས་ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་དམ་དུ་སྦྲེལ་བ་དང་། རང་ཞིང་གི་དགོས་མཁོ་དང་མང་ཚོགས་ཀྱི་རེ་འདུན་དམིགས་སུ་བཟུང་སྟེ། ནན་ཏན་སྒོས་ཞིབ་འཇུག་བསམ་གཞིགས་བཏང་བ་དང་ཧུར་ཐག་གིས་ཕན་ནུས་ལྡན་པའི་གྲ་སྒྲིག་བྱས་པས་གྲོས་གཞིའི་རྒྱུ་ཆའི་ཁ་གྲངས་དང་སྤུས་ཚད་ཐད་མཐོར་འདེགས་གསར་བ་ཡོད་པར་བྱས་ཏེ། ཚོགས་ཆེན་ལེགས་པོར་བསྡུ་བར་དགོས་ངེས་ཀྱི་གྲ་སྒྲིག་དང་རྨང་གཞི་ཅུང་ལེགས་པོ་ཞིག་བཏིངས་ཡོད། གོ་རིམ་རྗེས་མར་ནན་ཏན་གྱིས་ཞིབ་འཇུག་ཚགས་དམ་དང་ལེགས་སྒྲིག་ལེགས་བཅོས་དམ་འཛིན་བྱེད་པ། སྤྱི་ཡོངས་ཀྱི་མཐོ་ཚད་ནས་ལངས་པ་དང་ཞིང་ཆེན་གྱི་གནས་ཚུལ་ལ་རྐང་འཛུགས་པ། སྤུས་ཚད་ཕན་འབྲས་གླེང་བ་བཅས་བྱས་ཏེ། འཐུས་མིས་གྲོས་གཞི་དང་གྲོས་འགོ་བཏོན་པ་ཡང་དག་ཅིང་དོན་དངོས་དང་འཚམ་ལ། དངོས་འབེབས་བྱེད་ཐུབ་པར་བྱ་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་བསམ་བཀོད་གཅིག་གི་བསམ་བློ་བརྟན་པོར་བཙུགས་ནས། ཞབས་ཞུ་འགན་སྲུང་ལ་ཤུགས་སྣོན་པ་དང་། འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་ཏུ་གཏོང་བ། འཐུས་མིས་འགན་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་པ། གོ་རིམ་རེ་རེར་དམ་པོར་དམིགས་ནས་བྱ་བ་རེ་རེ་དངོས་སུ་སྒྲུབ་པ། འཐུས་མིས་ནུས་པ་སྔར་ལས་ལྷག་པ་འདོན་སྤེལ་བྱེད་ཐུབ་པར་བྱས་ཏེ། མཚོ་སྔོན་གྱི་འཕེལ་རྒྱས་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

ཞིང་ཆེན་མི་དམངས་སྲིད་གཞུང་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་།ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་།དེ་མིན་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། ཞིང་ཆེན་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་འགན་ཁུར་མི་སྣ་བཅས་གྲོས་ཚོགས་ལ་ཞུགས།

                                                                               རིག་འཛིན་སྒྲོལ་མས་བསྒྱུར།