རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་དགུ་པ་པེ་ཅིང་དུ་འཚོགས།
2023.02.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 169

ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་དགུ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་བསྡུས།  ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་འདུར་མགོ་འཛིན་བྱས།

ཚོགས་ཐོག་ནས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་དམག་དཔུང་གིས་དམག་འཁྲུག་སྐབས་སུ་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་གཏན་འབེབས་ཁག་གཅིག་ལེགས་སྒྲིག་གིས་སྤྱོད་རྒྱུའི་སྐོར་གྱི་གྲོས་གཞི་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་གཞིར་གྲོས་ཞིབ་བྱས།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་དུ། ཀྲུང་དབྱང་དམག་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་རིན་ཧྭ་ཡིས་གསལ་བཤད་བྱས།

ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཀྱི་ལས་འགན་གལ་ཆེན་ཞིག་ནི། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་རྒྱུར་གྲ་སྒྲིག་བྱ་རྒྱུ་དེ་རེད། དེར་བརྟེན། ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་འཆར་ཟིན་ལ་གྲོས་ཞིབ་བྱས་པ་དང་། ཨུ་ཡོན་ཀྲང་ཚོགས་འདུའི་སྟེང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་འཆར་ཟིན་དང་ཀྲུའུ་ཞི་ཚོགས་པ། དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན། ཟུར་ཞུགས་མི་སྣའི་མིང་ཐོའི་འཆར་ཟིན་སོགས་ཀྱི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་གཞིར་གྲོས་ཞིབ་བྱས།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་ཡིས་ཕུལ་བའི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་འདེམས་བསྐོའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུར་ཉན། སྙན་ཞུ་ལས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་འདེམས་བསྐོའི་ལས་དོན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་རྒྱུན་འཁྱོངས་དང་ཁྲིམས་ལྟར་ལས་དོན་ནན་སྒྲུབ་བྱེད་རྒྱུ་རྒྱུན་འཁྱོངས།  སྐབས་བརྗེའི་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས་ལས་དོན་བདེ་བླག་ངང་སྤེལ་ཡོད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་ལ་ཁྱོན་བསྡོམས་སྟོང་གཉིས་དགུ་བརྒྱ་དོན་བདུན་ཡོད། སྤྱི་ཡོངས་ནས་བལྟས་ན། ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མིར་འཐུས་ཚབ་རང་བཞིན་ཆེན་པོ་ལྡན་པས། ས་ཁུལ་སོ་སོ་དང་མི་རིགས་ཁག་སོ་སོ། ཕྱོགས་གང་ཅི་བཅས་ཀྱི་ཐད་འཐུས་མིའི་གྲངས་འབོར་འོས་འཚམ་ཡོད་པའི་བླང་བྱར་འགན་ལེན་བྱས་ཡོད།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝུའུ་ཡུས་ལེང་གིས་ཕུལ་བའི། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས། འདེམས་བསྐོའི་བཅའ་ཁྲིམས་དང་རྒྱལ་ཡོངས་དམངས་ཆེན་རྩ་འཛུགས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་བདམས་ཐོན་བྱུང་བའི་འཐུས་མི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་འཐུས་མིའི་གཞི་རྩའི་ཆ་རྐྱེན་དང་འཚམ་མིན་དང་། འདེམས་བསྐོའི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་གོ་རིམ་དང་མཐུན་མིན། དེ་བཞིན་འདེམས་བསྐོ་ལ་གཏོར་བརླག་དང་བདམས་ཐོན་ལ་ཁྲིམས་འགལ་བྱ་སྤྱོད་གཞན་དག་ཡོད་མེད་བཅས་ལ་ཞིབ་བཤེར་བྱས། ཞིབ་བཤེར་བྱས་པ་བརྒྱུད་འདེམས་བསྐོའི་ལས་ཁུངས་སོ་ལྔ་ཡི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་འདེམས་བསྐོའི་ལས་དོན་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་པ་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་དོན་བདུན་གྱི་འཐུས་མིའི་ཐོབ་ཐང་ལུགས་མཐུན་ཡིན་པས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འཐུས་མིའི་མིང་ཐོ་གཏན་འཁེལ་དང་ཁྱབ་བསྒྲགས་བྱ་རྒྱུར་ཕུལ་བ་རེད།

ཚོགས་ཐོག་ནས་ཝུའུ་ཡུས་ལེང་གིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་རེ་འགའི་འཐུས་མི་ཡི་ཐོབ་ཐང་སྐོར་གྱི་སྙན་ཞུར་ཉན།

ཚོགས་ཐོག་ནས་ད་དུང་བསྐོ་འཐེན་གྱི་འབྲེལ་ཡོད་གྲོས་གཞིར་གྲོས་ཞིབ་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།