རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་དགུ་པ་པེ་ཅིང་དུ་གྲོལ།
2023.02.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་དགུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ་བ་དང་། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མཇུག་སྒྲིལ་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ནས་བརྡས་ཐག་བཅད་དེ་ཐང་དབྱི་ཅུན་གྱི་ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་གི་འགན་བླངས་ནས་ཧི་རོང་ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ལ་བསྐོ་འཇོག་བྱེད་རྒྱུ་ཐག་བཅད།

གྲོས་ཚོགས་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དམག་དཔུང་གིས་དམག་འཐབ་སྐབས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་གཏན་འཁེལ་ཁ་ཤས་ལེགས་སྒྲིག་བྱས་ཏེ་བཀོལ་སྤྱོད་བྱེད་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཡིག་ལ་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་བརྡས་ཐག་བཅད་དེ་ཧི་རོང་གི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། འདྲི་གཅོད་པ་བཅས་ཀྱི་འགན་བླངས་པ་དང་། དབྱང་ཁྲུན་ལོས་ཀྱི་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་གཞོན་པ་དང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བླངས།

གྲོས་ཚོགས་ནས་ད་དུང་བརྡས་ཐག་བཅད་དེ་བསྐོ་འཐེན་གྲོས་གཞི་གཞན་དག་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་འཆར་ཟིན་དང་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་འབྲེལ་ཡོད་བརྡས་ཐག་གཅོད་པའི་དོན་དག་ཡོངས་འགྲུབ་བྱས་རྗེས། ལིས་ཀྲན་ཧྲུའུ་ཡིས་གཏམ་བཤད།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ལོ་ལྔའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་འོག རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དམངས་ཆེན་བྱ་བའི་ཐད་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་བཏང་བ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་ཏང་གིས་རྒྱལ་ཁབ་སྲིད་དབང་ལས་ཁུངས་ལ་མགོ་ཁྲིད་པའི་ལམ་ལུགས་ཀྱི་ནང་དོན་གལ་ཆེན་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོས་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ལག་ལེན་བྱེད་པ་ནི་ཀྲུང་གོ་མི་དམངས་ཀྱི་མིའི་རིགས་ཀྱི་ཆབ་སྲིད་ལམ་ལུགས་ལོ་རྒྱུས་སྟེང་གི་རླབས་ཆེན་གསར་སྐྲུན་ཞིག་ཡིན་པ་དང་། ཀྲུང་གོ་མི་དམངས་ཡར་ལངས་ཀྱི་བདག་པོ་དང་རང་ཉིད་ཀྱི་ལས་དབང་བདག་ཏུ་འཛིན་པའི་དགོས་ངེས་ཀྱི་གདམ་གསེས་ཡིན། ལག་ལེན་དངོས་ལས་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་དེ་ཀྲུང་གོའི་གནས་ཚུལ་དང་དོན་དངོས་དང་མཐུན་ལ། སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པར་བདེན་དབང་བྱས་ཡོད། དུས་རབས་གསར་བའི་སྐྱོད་ལམ་གསར་བའི་སྟེང་དུ་ངེས་པར་དུ་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མུ་མཐུད་དུ་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་དེ་མི་དམངས་ཀྱི་ལག་ཏུ་འཛིན་དགོས།

གྲོས་ཚོགས་གྲོལ་རྗེས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་མདུན་དུ་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།

                                                                                                            བཀྲ་ཤིས་འབུམ་གྱིས་བསྒྱུར།