མཚོ་སྔོན་མི་དམངས་ཀྱི་མངག་བཅོལ་དང་རེ་བ་སེམས་སུ་བཅངས་ནས། ཟླ་གསུམ་པའི་ཚེས་གསུམ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་རྣམས་པེ་ཅིང་དུ་ཐོན་པར་མ་ཟད། ཚོགས་ཆེན་ལ་མིང་ཐོ་བཀོད།
མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ནི། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་རྗེས་སུ་ཐོག་མར་བསྡུ་བའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་བརྩོན་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན། གྲོས་ཚོགས་ཀྱི་སྔོན་དུ། རང་ཞིང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་འགན་འཁྲི་ལག་བསྟར་བྱས་ཏེ། གཞི་རིམ་དུ་སོང་ནས་རྟོག་ཞིབ་བྱས་པ་དང་། མང་ཚོགས་ཀྱི་འདོད་བློར་ཉན་ནས། གྲོས་ཚོགས་ལ་ཞུགས་པའི་གྲ་སྒྲིག་བཟང་བོ་བྱས།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཞུས་ཆིན་མེན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ནམ་ཡང་འབུར་ཐོན་གོ་གནས་སུ་བཞག་སྟེ། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོ་འཛུགས་དགོས། ང་ཚོས་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་ཀྱི་འདུ་ཤེས་དྲག་པོས་མི་དམངས་མང་ཚོགས་ཀྱི་བསམ་འཆར་དང་ལས་རིགས་འཕེལ་རྒྱས་ཀྱི་བསམ་ཚུལ་ཚོགས་ཆེན་སྟེང་སྐྱེལ་བའི་ཞོར་དུ། ཚོགས་ཆེན་གྱི་དགོངས་དོན་ཕྱིར་ཁྱེར་ཡོང་ནས། མ་འོངས་པའི་སྐྱོད་ལམ་གསར་བའི་སྟེང་རང་ཉིད་ཀྱི་ཁྱབ་ཁོངས་ལ་རྐང་བཙུགས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་པིས་ཧྲིན་ལུང་གིས་བཤད་རྒྱུར། ལོ་འདི་འགའི་རིང་ལ་ངས་གྲོང་གསེབ་དར་སྤེལ་ལ་ཧ་ཅང་དོ་སྣང་བྱས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་གསེབ་དར་སྤེལ་གྱི་ལས་གཞིའི་ཁྲོད་ཞུགས་པ་ཡིན་ལ། ཐེངས་འདིར་ངས་གྲོང་གསེབ་དར་སྤེལ་ཕྱོགས་ཀྱི་བསམ་འཆར་ཁྱེར་ཡོང་ཡོད་པ་དང་། སྲིད་ཇུས་སྔར་ལས་བཟང་བོ་བརྒྱུད་དེ། ཞིང་ཕྱུགས་མཉམ་བསྲེས་དང་རྩྭ་ཕྱུགས་མཉམ་འབྲེལ་བྱེད་པར་བརྟེན་ནས་ཞིང་ཕྱུགས་ལས་ཀྱི་འཁོར་རྒྱུག་འཕེལ་རྒྱས་ཐད་སྐུལ་འདེད་གཏོང་བ་དང་། ཕ་ཡུལ་དར་སྤེལ་གཏོང་བའི་ཐད་ལྟ་ཚུལ་གསར་བ་ཁྱེར་ཡོང་བ་དང་གསོན་ཤུགས་གསར་བ་བསྣན་ནས། གྲོང་གསེབ་སྔར་ལས་མཛེས་སྡུག་དང་ཞིང་བ་སྔར་ལས་ཕྱུག་པོར་འགྱུར་བར་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ལིའུ་ཞའོ་རུང་གིས། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་ཐུབ་པ་ནི་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་ཡིན་ལ། འགན་འཁྲི་ཡང་ཧ་ཅང་ལྕི། ཐེངས་འདིའི་ཚོགས་ཆེན་བཟང་བོར་བསྡུ་བའི་དོན་སྙིང་ཧ་ཅང་གལ་ཆེ་བས། མངག་བཅོལ་སྟོང་ཟད་དུ་མི་གཏོང་བ་དང་། འཐུས་མིའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མི་དམངས་ཀྱི་མགྲིན་ཚབ་པ་བཟང་བོ་བྱེད་པ། མི་དམངས་མང་ཚོགས་ཀྱི་འདོད་བློ་ཚོགས་ཆེན་གཉིས་ཀྱི་སྟེང་ཁྱེར་ནས། མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོ་བཤད་པ་དང་། མཚོ་སྔོན་གྱི་བསམ་འཆར་བརྒྱུད་སྒྲོག་བྱེད་རྒྱུ་ཡིན་ཟེར།
པེ་ཅིང་དུ་ཐོན་པའི་འཐུས་མི་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། ཚང་མས་ལང་ལོང་གིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུགཏོང་བ་དང་། འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་མཐོན་པོས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པ་དང་། སྒྲིག་ལམ་ཐད་ཀྱི་རེ་བ་དོན་འཁྱོལ་ནན་མོ་བྱས་ནས། ཚོགས་ཆེན་གྱི་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།