ཟླ་གསུམ་པའི་ཚེས་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། གྲོས་ཚོགས་སྟེང་ཁྲིན་ཀང་མཚོ་སྔོན་ཞིང་ཆེན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་ཝུའུ་ཞའོ་ཅུན་དང་ཝང་ལིས་མེན་གཉིས་ཚོགས་གཙོ་གཞོན་པར་བདམས།
ཚོགས་ཐོག་ནས་རང་ཞིང་གི་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་འཆར་ཟིན་ལ་གྲོས་ཞིབ་བྱས་པར་མ་ཟད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་གྲོས་ཚོགས་ལ་སྤྲད་དེ་འདེམ་བསྐོ་དང་བརྡས་ཐག་གཅོད་པར་འཐད་པ་བྱུང་།
ཁྲིན་ཀང་གིས་བཤད་དོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་མགོ་བརྩམས་པའི་སྐབས་སུ་བསྡུ་བའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པ་དང་། སྐབས་བརྗེ་དང་སྔར་སྲོལ་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱེད་པ་དང་། རྒྱུན་མཐུད་འབད་འཐབ་བྱེད་པའི་ཚོགས་ཆེན་ཞིག་ཀྱང་ཡིན་པས། རྒྱལ་ཡོངས་དང་འཛམ་གླིང་ཡོངས་སུ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། མཚོ་སྔོན་འཐུས་ཚབ་ཚོགས་པའི་འཐུས་མི་ཡོངས་ཀྱིས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་སྲུང་འཛིན་བྱེད་པ་དང་། སྤོབས་པས་ཁེངས་པའི་ཆབ་སྲིད་ཀྱི་སྤྲོ་སེམས་དང་ལངས་ཕྱོགས་བརྟན་པོས་ཆབ་སྲིད་སྐྱོང་བའི་དོན་དངོས་བྱ་སྤྱོད་ལ་བརྟེན་ནས། བློ་རྩ་བརྟན་པོས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་སྒྲུབ་པ། ཆབ་སྲིད་ཀྱི་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། གྲོས་ཞིབ་དང་ཞིབ་བཤེར། འདེམ་བསྐོ་སོགས་ཀྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བཟང་བོ་བྱེད་དགོས་པར་མ་ཟད། གྲོས་གཞི་བཟང་བོ་འདོན་པ་དང་ཇུས་གཞི་བཟང་བོ་འགོད་པ། བྱེད་ཐབས་ལེགས་པོ་གཏན་འཁེལ་བྱེད་པ་དང་། ཚོགས་ཆེན་གྱི་སྒྲིག་ལམ་དང་རིམས་འགོག་བླང་བྱ་བརྩི་སྲུང་ནན་མོ་བྱེད་དགོས་ལ། མཉམ་དུ་འབད་བརྩོན་བྱས་ཏེ་ཐེངས་འདིའི་ཚོགས་ཆེན་དེ་དར་ཆ་མཐོན་པོར་སྒྲེང་ཞིང་སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་། མཐུན་སྒྲིལ་འབད་འཐབ་ཀྱི་ཚོགས་ཆེན་ཞིག་ཏུ་བསྡུ་དགོས།
སྐབས་བཅུ་གསུམ་པའི་རྒྱལ་ཡོས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧན་ཞའོ་ཝུའུ་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙིག་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།