རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོས་ཟླ་གསུམ་པའི་ཚེས་བཞི་ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲ་སྒྲིག་གྲོས་ཚོགས་བསྡུས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོས་ཚེས་བཞི་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲ་སྒྲིག་གྲོས་ཚོགས་བསྡུས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་ཀྲུང་ཡིག་ཆེན་མོ་བདམས་ཐོན་བྱུང་བ་དང་། བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་གྲོས་འཆམ་བྱུང་།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བར་ད་ཡོད་ཀྱི་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་དོན་བདུན་ཡོད་ཅིང་། ཟླ་གསུམ་པའི་ཚེས་གསུམ་ཉིན་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་མིང་ཐོ་བཀོད་པའི་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་རེ་གཉིས་ཡོད། ཚེས་བཞི་ཉིན་གྱི་གྲ་སྒྲིག་གྲོས་ཚོགས་ལ་མི་སྟོང་གཉིས་དང་དགུ་བརྒྱ་ང་གཅིག་ཞུགས་པ་དང་། མི་ཉེར་དྲུག་ཞུགས་མེད། ཚོགས་ཞུགས་མི་གྲངས་དེ་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་མི་གྲངས་དང་འཚམ།
ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་དེ་ཉིས་སྟོང་ཉེར་གསུམ་ལོའི་ཟླ་གསུམ་པའི་ཚེས་ལྔ་ཉིན་ཚོགས་རྒྱུ་ཡིན་པ་དང་། ཚོགས་ཆེན་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་ལེགས་འགྲུབ་བྱུང་ཡོད་པ་ཁྱབ་བསྒྲགས་བྱས།
ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་མཛུབ་སྟོན་བསམ་བློ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་སྐབས་ཉི་ཤུ་བའི་ཀྲུང་ཨུ་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ཀྱི་བྱ་བ་བཟང་བོར་བསྒྲུབས་ཏེ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པ་བཅས་གཅིག་གྱུར་གང་ལེགས་བྱེད་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ལ་དམ་པོར་དམིགས་ནས། ནན་ཏན་གྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བསྩལ་བའི་འགན་འཁྲི་ལག་བསྟར་བྱེད་པ་དང་། ཚོགས་ཆེན་གྱི་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ། ཚོགས་ཆེན་དེ་དམངས་གཙོ་དང་མཐུན་སྒྲིལ། དངོས་བརྩོན། ཡར་ཐོན་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་བསྡུ་དགོས་ལ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སྐུལ་སློང་བྱས་ཏེ་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཡིད་ཆེས་བརྟན་པོ་དང་བློ་གཅིག་སེམས་གཅིག དཀའ་སྤྱད་འབད་བརྩོན། དཔའ་སྤོབས་ཀྱིས་མདུན་སྐྱོད་བཅས་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་ཐད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་གསུངས།
རྒྱལ་ཡོངས་དམངས་ཆེན་གྱི་རྩ་འཛུགས་བཅས་ཁྲིམས་དང་རྒྱལ་ཡོངས་དམངས་ཆེན་གྲོས་དོན་སྒྲིག་སྲོལ་གྱི་གཏན་འཁེལ་བྱས་དོན། ཀྲུའུ་ཞི་ཚོགས་པས་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ལ་མགོ་འཛིན་བྱེད་དགོས།
གྲ་སྒྲིག་གྲོས་ཚོགས་ནས་བདམས་ཐོན་བྱུང་བའི་ཚོགས་ཆེན་ཀྲུའུ་ཞི་ཚོགས་པར་ཕྱོགས་སོ་སོའི་འཐུས་མི་བསྡོམས་པས་བརྒྱ་དང་གོ་གཉིས་འདུས་པ་དང་། དེའི་ནང་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་ལས་བྱེད་པ་སོགས་དང་། མི་དམངས་ཚོགས་ཁག་སོ་སོའི་འགན་ཁུར་བ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་སོ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ། ཁེ་ལས་དང་ཚན་རྩལ། སྤྱི་ཚོགས་ཚན་རིག སློབ་གསོ། རིག་རྩལ། འཕྲོད་བསྟེན། ལུས་རྩལ། ཕྱི་སྡོད་རང་མིའི་ལས་རིགས། ཆོས་ལུགས་ལས་རིགས་བཅས་ཀྱི་འཐུས་མི། དེ་མིན་བཟོ་བ་དང་ཞིང་བ། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་པ་སོགས་གཞི་རིམ་གྱི་འཐུས་མི། མི་གྲངས་ས་ཡ་གཅིག་ཡན་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་སོགས་འདུས། ལིས་ཧོང་ཀྲུང་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་ཡིན།
གྲ་སྒྲིག་གྲོས་ཚོགས་ནས་གྲོས་འཆམ་བྱུང་བའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་ལ་བསྡོམས་པས་སྣ་དགུ་ཡོད།
རྒྱལ་ཡོངས་དམངས་ཆེན་གྱི་གྲོས་དོན་སྒྲིག་སྲོལ་ལྟར་ན། སྐབས་རེའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་གྲོས་ཚོགས་དེར་སྐབས་སྔོན་མའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱེད་པ་ཡིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་དང་ཚའོ་ཅན་མེན། ཀྲང་ཁྲོན་ཞན། ཧྲིན་ཡའོ་ཡའོ། ཅི་པེན་ཞོན། ཨེ་ལེ་ཀིན་དབྱེ་མེན་པཱ་ཧེ། ཝན་ཨིག་ཞང་། ཁྲིན་ཀྲུའུ། ཝང་ཏུང་མེན། པད་མ་འཕྲིན་ལས། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚེ་ཏཱ་ཧྥུན། ཝུའུ་ཝེ་ཧྭ། དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་བཅས་གྲོས་ཚོགས་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།