རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ནང་སོག་དང་མཚོ་སྔོན། ཧྲན་ཞི། ཧྲན་ཏུང་། ཧི་ནན། སི་ཁྲོན། ཧྲན་ཞི། ཀན་སུའུ། ཉིན་ཞ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་སྲིད་གྲོས་ཀྲུའུ་ཞིས་མཉམ་འབྲེལ་སྒོས་མིང་བཀོད་དེ་ཚོགས་ཆེན་ལ་གྲོས་གཞི་སྤྲད་ནས། རྨ་ཆུའི་བཞུར་ཁོངས་ཀྱི་ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།
མཉམ་འབྲེལ་སྒོས་མིང་བཀོད་པའི་གྲོས་གཞིའི་ནང་བསྟན་དོན། རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་ཡིས་རྨ་ཆུའི་བཞུར་ཁོངས་ཀྱི་ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་བཀོལ་སྤྱོད་བྱེད་པའི་ཕྱོགས་སུ་ཕན་ནུས་ལྡན་པའི་བྱ་བ་གང་མང་བསྒྲུབས་ནས། བསྟུད་མར་ལོ་ཉེར་གསུམ་ལ་རྨ་ཆུའི་བཞུར་རྒྱུན་ལ་བར་ཆད་མ་བཟོས་པ་དང་། རྨ་ཆུའི་བཞུར་ཁོངས་ཀྱི་ཆུ་བཀོལ་ཚད་མཐོ་ཞིང་མགྱོགས་པའི་རྣམ་པ་ཚོད་འཛིན་བཟང་བོ་བྱས། ཡིན་ནའང་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེས་འབུར་དུ་ཐོན་པའི་གནད་དོན་ནི་སྔར་བཞིན་ཆུའི་ཐོན་ཁུངས་དཀོན་པ་དང་། དེ་དང་མཉམ་དུ་ཆུའི་ཐོན་ཁུངས་དོ་དམ་སྒྲིག་སྲོལ་འཐུས་ཚང་མིན་པ་དང་ཞིང་ལས་ཐད་ཆུ་བཀོལ་ཚད་དམའ་ལ། བསྐྱར་སྐྱེ་ཆུ་བེད་བཀོལ་ཚད་དམའ་བ་སོགས་ཀྱི་གནད་དོན་གནས་ཡོད།
གྲོས་གཞིའི་ནང་། རྨ་ཆུའི་བཞུར་ཁོངས་ཀྱི་ཆུའི་ཐོན་ཁུངས་དོ་དམ་སྒྲིག་སྲོལ་སྔར་ལས་ལེགས་སྒྱུར་བྱས་ཏེ། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་སྒོས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག བཞུར་ཁོངས་སྒྲིག་གཞི་དང་ཞིང་ཆེན་དང་རང་སྐྱོང་ལྗོངས་བར་གྱི་ཆུའི་ཐོན་ཁུངས་དོ་དམ་མཐའ་མཚམས་ལུགས་མཐུན་སྒོས་བགོ་དགོས། ཆུ་གྲོན་ཆུང་དོ་དམ་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཚད་གཞི་མ་ལག་ཆ་ཚང་དུ་བཏང་ནས་ཡར་སྐུལ་སྲིད་ཇུས་གཏན་འཁེལ་བྱེད་དགོས། ཞིང་ལས་ཕྱོགས་སུ་ཆུ་བཀོལ་སྤྱོད་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་ནས། ཞིང་ལས་ཕྱོགས་སུ་ཆུ་བཀོལ་བའི་སྤྱི་གྲངས་ལ་ཚོད་འཛིན་ནན་མོ་བྱེད་དགོས། བསྐྱར་སྐྱེ་ཡི་ཆུ་འཁོར་རྒྱུག་བཀོལ་སྤྱོད་ཀྱི་ཚད་མཐོར་འདེགས་སུ་གཏོང་བ་དང་། བཟོ་ལས་དང་གྲོང་ཁྱེར་གྱིས་ཆུ་བཀོལ་བར་གྲོན་ཆུང་དང་ལེགས་བསྡུས་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ལ། རྒྱལ་ཁབ་ཀྱིས་ཆུ་གྲོན་ཆུང་བྱས་པར་བྱ་དགའ་སྟེར་བའི་མ་དངུལ་དང་བསྐྱར་སྐྱེ་ཡི་ཆུ་བཀོལ་སྤྱོད་མ་དངུལ་གཏན་འཁེལ་བྱེད་དགོས། བཞུར་ཁོངས་ཡོངས་ཀྱི་ཆུའི་ཐོན་ཁུངས་སྒྲིག་ཆས་ལེགས་སྒྱུར་བྱས་ཏེ། ཞིང་ཆེན་རིམ་པས་རྨ་ཆུའི་ཡན་ལག་བཞུར་རྒྱུན་བར་དུ་ཆུ་བཀོལ་བའི་དམིགས་ཚད་ཐད་ལ་ཆུའི་སྤྱི་གྲངས་བཀོད་གཏོང་དང་ཚོད་འཛིན་ལག་བསྟར་བྱེད་དགོས། ཞིང་ཆེན་བར་དུ་ཆུ་དབང་བརྗེ་རེས་བྱེད་པ་དང་། སྔ་མོ་ནས་ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་ལག་བསྟར་བྱས་ནས། བཞུར་ཁོངས་དང་ནུབ་རྒྱུད་ས་ཁུལ་དུ་ཆུ་བཀོལ་བའི་གནད་དོན་ནུས་ལྡན་སྒོས་ཐག་གཅོད་པར་འཚོལ་ཞིབ་བྱེད་དགོས་པའི་རེ་བ་བཏོན།
བཀྲ་ཤིས་འབུམ་གྱིས་བསྒྱུར།