མཚོ་སྔོན་འཐུས་ཚབ་ཚོགས་པས་འཐུས་མིའི་གྲོས་གཞིར་ཏན་ཏིག་གིས་གྲ་སྒྲིག་བཟང་བོ་བྱས།
2023.03.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 69

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་དང་ཐེངས་པོ་འཚོགས་ལ་ཉེ་བའི་སྐབས་སུ།    མཚོ་སྔོན་འཐུས་ཚབ་ཚོགས་པས་འཐུས་མིའི་གྲོས་གཞིར་ཏན་ཏིག་གིས་གྲ་སྒྲིག་བཟང་བོ་བྱས།    མིག་སྔའི་བར་དུ་བསྡོམས་པས་འཐུས་མིའི་གྲོས་གཞི་བརྒྱ་ལྷག་གྲ་སྒྲིག་བྱས་ཡོད་ལ།  དེ་དག་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས་དང་འབྲེལ་ཡོད།    དེ་མིན་འཐུས་མི་རྣམས་ཀྱིས་རྟོག་ཞིབ་ཟབ་མོ་བྱས་རྗེས་གྲུབ་པའི་གྲོས་གཞི་ཁ་ཤས་ལ་ད་རུང་བཟོ་བཅོས་བྱས་ཏེ་འཐུས་ཚང་དུ་གཏོང་བཞིན་ཡོད་ལ།   གྲོས་ཚོགས་སྐབས་སུ་ཚོགས་ཆེན་ལ་སྤྲོད་རྒྱུ་རེད།

གྲོས་གཞི་འདོན་རྒྱུ་ནི་འཐུས་མི་རྣམས་ཀྱིས་ཁྲིམས་ལྟར་འགན་སྒྲུབ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པར་མ་ཟད།   འཐུས་མི་རྣམས་ཀྱིས་རང་ཞིང་གི་གནས་ཚུལ་དངོས་མཚོན་པར་བྱེད་པ་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།   མཚོ་སྔོན་ཞིང་ཆེན་ཏང་ཨུས་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་གཞི་གྲ་སྒྲིག་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཏེ་ཆབ་སྲིད་གླེང་བ་དང་སྤྱི་ཡོངས་གླེང་བ། སྤུས་ཚད་མཐོ་བ་བཅས་ཀྱི་གྲོས་གཞི་འདོན་དགོས་པའི་གཏན་འབེབས་གསལ་བོ་བྱས།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རྩ་འཛུགས་བྱས་ཏེ་གཅིག་བསྡུས་ལྟ་ཞིབ་སྤེལ་བར་མ་ཟད།   བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ཆེད་དོན་ཞིབ་འཇུག་བྱས།   ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་བཀོད་གཏོང་གྲོས་ཚོགས་བསྡུ་བ་སོགས་ཀྱི་རྣམ་པ་སྤྱད་དེ།   སྤུས་འདེགས་དང་སྤྱོད་ཚད་ཇེ་མང་དུ་གཏོང་བ་ཕྱོགས་གཉིས་ཀྱི་ཐད་ཤུགས་བཏོན་ཏེ་གཟབ་ནན་གྱིས་འཐུས་ཚང་དུ་བཏང་བ་དང་ཐེངས་མང་པོར་ལེགས་སྒྲིག་བྱས།   འཐུས་མི་རྣམས་ཀྱིས་རྒྱལ་དོན་གྱི་ཆེ་ཕྱོགས་དང་ཞིང་ཆེན་གྱི་དོན་ཆེན།  མི་དམངས་ཀྱི་རེ་འདོད་བཅས་ལ་དམིགས་ནས་གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་།    དམངས་ཀྱི་གནས་ཚུལ་དང་དམངས་ཀྱི་བློ་གྲོས་གཅིག་བསྡུས་བྱས་ཏེ་འཛུགས་སྐྲུན་རང་བཞིན་དང་དམིགས་སའི་རང་བཞིན་ལྡན་པའི་གྲོས་གཞི་གྲུབ་པར་བྱས།

འཐུས་མི་རྣམས་ཀྱི་ལང་ལོང་གིས་བསྟན་དོན།    ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་མངག་བཅོལ་སྟོང་ཟད་དུ་མི་གཏོང་བར་འགན་འཁྲིའི་འདུ་ཤེས་དྲག་པོས་མང་ཚོགས་ཀྱི་རེ་སྙེག་དང་རེ་འདོད་ཚོགས་ཆེན་སྟེང་ཁྱེར་བ་དང་།   འཐུས་མིའི་འགན་འཁྲི་ལག་བསྟར་བཟང་བོ་བྱས་ཏེ་མཚོ་སྔོན་གྱི་འཕེལ་རྒྱས་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་ངེས་ཡིན་ཟེར།

                                                                                                       ལྷ་མོ་ཚེ་རིང་གིས་བསྒྱུར།