ཟླ་གསུམ་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། ཚོགས་ཆེན་ལ་སློབ་སྦྱོང་བྱེད་པའི་འབྲེལ་ཡོད་བླང་བྱ་བརྒྱུད་སྒྲོག་དང་འབྲེལ་ཡོད་འཆར་ཟིན་ལ་གྲོས་ཞིབ། འབྲེལ་ཡོད་འོས་མིར་གྲོས་སྡུར་བཅས་བྱས་ནས། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་དུ་གྲོས་གཞིའམ་གྲོས་འགོ་བཏོན་པར་མ་ཟད་དེར་གྲོས་སྡུར་བྱས། ཁྲིན་ཀང་གིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས།
ཁྲིན་ཀང་གིས་བཤད་རྒྱུར། ད་ཐེངས་ཀྱི་ཚོགས་ཆེན་གྱི་དུས་ཚོད་ཐུང་བ་དང་ལས་འགན་ལྕི་ལ། བླང་བྱ་མཐོ། མཚོ་སྔོན་འཐུས་ཚབ་ཚོགས་པའི་འཐུས་མི་ཡོངས་ཀྱིས་ཚོགས་འདུའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མངོན་སུམ་གྱིས་ཇེ་ཆེར་བཏང་ནས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། ཚོགས་ཆེན་གྱི་ཞིབ་ཕྲའི་བླང་བྱའི་སྟེང་གཅིག་གྱུར་ཡོང་བར་བྱས་ནས། ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་འོས་འགན་ནན་སྒྲུབ། སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བཅས་བྱས་ཏེ། ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་བསམ་པའི་ཉམས་འགྱུར་བཟང་པོར་བརྟེན་ནས། ཚོགས་འདུའི་ལས་འགན་ཁག་སྤུས་ཚད་མཐོ་བའི་ངང་ནས་ཡོངས་འགྲུབ་བྱེད་དགོས། རང་སྟོབས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་དང་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་རྐང་ཚུགས་པར་བྱེད་པ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཟུང་འབྲེལ་བྱེད་པ། ཞིང་ཆེན་གྱི་གནས་ཚུལ་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། ཐོན་ལས་ཀྱི“གནས་བཞི”སྐྲུན་པ་སོགས་ལ་དམ་པོར་དམིགས་ཏེ། དམིགས་ཡུལ་ཡོད་པའི་སྒོ་ནས་གྲོས་གཞི་དང་གྲོས་འགོ་འདོན་དགོས་ཟེར།
ཚོགས་ཐོག་ནས་གྲོས་གཞི་གཉིས་དང་གཙོ་གནད་གྲོས་འགོ་བཅུ་བདུན་འཐུས་ཚབ་ཚོགས་པའི་མིང་ཐོག་ནས་ཚོགས་ཆེན་ལ་འབུལ་རྒྱུར་གྲོས་མཐུན་བྱུང་བར་མ་ཟད། འཐུས་མི་མི་སྒེར་རམ་ཡང་ན་མིང་མཉམ་འགོད་ཀྱི་རྣམ་པས་ཚོགས་ཆེན་ལ་འབུལ་རྒྱུའི་གྲོས་འགོ་བཏོན་པར་གྲོས་མཐུན་བྱུང་།
བན་དེ་སྐྱབས་ཀྱིས་བསྒྱུར།