ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2023.03.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 200

ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཁོང་ཡོད་སའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཁོང་ཡོད་སའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཡིན་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ངེས་པར་དུ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་ནང་གནས་གཅིག་གྱུར་ལ་བརྟེན་ནས་འཕེལ་རྒྱས་ལ་སྟངས་འཛིན་བྱེད་པ་དང་འཕེལ་རྒྱས་ལ་བསམ་གཞིགས་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྤུས་ཚད་ཨང་དང་པོར་འཇོག་པ་དང་ཕན་འབྲས་སྔོན་ལ་འཇོག་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། སྤུས་ཚད་ཚེ་སྲོག་ལྟ་བུར་བརྩི་བ། སྤུས་ཚད་དོན་གཉེར་བཅས་བྱེད་དགོས། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏིང་ཟབ་ཏུ་བཏང་ནས། ལས་ཆོད་བཅོས་སྒྱུར་དང་སྒུལ་ཤུགས་བཅོས་སྒྱུར་ལ་བརྟེན་ནས་སྤུས་ཚད་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་གང་མགྱོགས་ཀྱིས་གྲུབ་པར་བྱེད་དགོས། ངེས་པར་དུ་མི་དམངས་ཀྱི་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་དེ་ཐོག་མའི་དམིགས་འབེན་དང་དོན་གྱི་འབབ་སར་བརྩིས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་འཚོ་བའི་སྤུས་ཚད་དུ་འགྱུར་བར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་ཟམ་མི་ཆད་པར་ཇེ་ཆེར་གཏོང་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་ཁྲོད་དུ་ཕེབས་པ་ན། ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁྱབ།

ཅང་སུའུ་འཐུས་ཚབ་ཚོགས་པས་གྲོས་ཞིབ་ནན་ཏན་བྱས་པ་དང་གྲོས་ཞིབ་ཀྱི་རྣམ་པ་འཁྲུག་ཆ་དོད་པོ་བྱུང་། ཞུས་ཁུན་ལིན་དང་ལིའུ་ཆིན། ཧྲན་ཙིན་ཧེ། ཝེ་ཆོ། ཀྲང་ཏ་ཏུང་། ཝུའུ་ཆིན་ཝུན་བཅས་འཐུས་མི་དྲུག་གིས་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་། ས་ཁོངས་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་གང་ལེགས་གཏོང་བ། བློ་བརྟན་འགྱུར་མེད་ངང་བཟོ་སྐྲུན་ལས་རིགས་མཐོ་རླབས་སུ་འཕེལ་བར་བྱེད་པ། དུས་རབས་གསར་པའི་ཞིང་པ་གསར་པ”ཡག་པོ་བྱེད་པ། ཏང་གི་ཆེད་དུ་འཇོན་མི་གསོ་སྐྱོང་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རུ་འདྲེན་པ་ཡག་པོ་བྱེད་པ་སོགས་ཀྱི་ནང་དོན་སྐོར་ནས་གཏམ་བཤད། ཞི་ཅིན་ཕིང་གིས་སྐབས་དང་སྐབས་སུ་གཏམ་བཤད་དེ་ཚང་མ་དང་ལྷན་དུ་དགོངས་འཆར་བརྗེ་རེས་གནང་།

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་གསུངས་བཤད་གནང་། ཁོང་གིས་ཐོག་མར་སྲིད་གཞུང་བྱ་བའི་སྙན་ཞུར་མོས་མཐུན་བྱུང་བའི་འདོད་བློ་བསྟན་པ་དང་། ལོ་ལྔའི་རིང་ལ། ཅང་སུའུ་ཡིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏང་འཛུགས་ལས་དོན་བཅས་ཕྱོགས་གང་ཅིའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཅང་སུའུ་ཡིས་མུ་མཐུད་དུ་དམ་པ་དོན་གཉེར་དང་སྙིང་སྟོབས་ཆེར་སྐྱེད་ཀྱི་སྒོ་ནས་ཡར་རྒྱས་བརྩོན་ལེན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐད་ནས་མུ་མཐུད་ཀུན་གྱི་མདུན་གྲལ་དུ་བསྐྱོད་དེ། “ཕྱུག་འགྱུར་དང་མཛེས་སྡུག་ལྡན་པའི”ཅང་སུའུ་གསར་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་པར་འགོ་ཡག་པོ་ཞིག་བརྩམས་ནས། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་ལེགས་སྐྱེས་གསར་པ་སྔར་ལས་ཆེན་པོ་འབུལ་དགོས་པའི་ཐུགས་རེ་བཏོན།

ཞི་ཅིན་ཕིང་གིས་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མྱུར་དུ་མངོན་འགྱུར་བྱ་རྒྱུ་ནི། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བགྲོད་ལམ་ཡིན། ཛ་དྲག་ཆེ་བའི་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ཁྲོད་དུ་ང་ཚོས་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་འཕེལ་རྒྱས་སུ་གཏོང་བ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་བསྐྲུན་པར་རྩ་བའི་ཆ་ནས་བཤད་ན་སྔར་བཞིན་ཚན་རྩལ་གསར་གཏོད་ལ་བརྟེན་དགོས། ང་ཚོས་དུས་ལྟར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཐུབ་མིན་གྱི་འགག་རྩའང་མདོར་དེད་ན་ཚན་རྩལ་ལ་བརྟེན་ནས་རང་སྟོབས་རང་སྤེལ་བྱ་རྒྱུར་རག་ལས་ཡོད། “ཁ་ཕྱོགས་པ་བཞི”རྒྱུན་འཁྱོངས་བྱེད་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། རྩེར་སོན་གྱི་ཚན་རིག་པས་སྔོན་ལ་གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ཚན་རྩལ་མཁྲེགས་གཏོར་བྱེད་པར་རྒྱབ་སྐྱོར་བྱེད་པ། ལྟེ་གནད་ལག་རྩལ་གྱི་དཀའ་གནད་སེལ་ཏེ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སུ་རང་བརྟེན་ཚོད་འཛིན་ཐུབ་པར་བྱེད་དགོས། ཁེ་ལས་རང་བདག་གི་གནས་བབ་ལ་ཤུགས་སྣོན་པ་དང་། གསར་གཏོད་ཕྲེང་འབྲེལ་དང་ཐོན་ལས་ཀྱི་ཕྲེང་འབྲེལ། མ་དངུལ་གྱི་ཕྲེང་འབྲེལ། འཇོན་མིའི་ཕྲེང་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ཚན་རྩལ་རྣམ་པའི་རྐང་འཛིན་ཁེ་ལས་ཀྱི་སྣེ་ཁྲིད་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་པ། ཚན་རྩལ་རྣམ་པའི་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་དང་ཐོན་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་བཅས་བྱས་ནས།འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་ཐོན་ལས་ཚན་རྩལ་གསར་གཏོད་ལྟེ་གནས་བསྐྲུན་དགོས། ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། གསར་གཏོད་ཀྱི་རིག་གནས་ཤུགས་ཆེན་པོས་གསོ་སྐྱོང་བྱེད་པ། ཚན་རྩལ་གདེང་འཇོག་མ་ལག་དང་དེར་སྐུལ་མ་གཏོང་བའི་ནང་རྐྱེན་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱས་ཏེ། གསར་གཏོད་བྱེད་མཁན་གྱི་འཇོན་མི་འབུར་དུ་ཐོན་པར་བྱེད་པ་དང་། འཇོན་ཐང་ངོམ་སའི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཀྱིས་བསྐྲུན་རྒྱུ་ནི། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གཞི་རྩ་ཡིན། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་ཕུང་དཔལ་འབྱོར་སྟེང་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས། རྣམ་པ་གསར་པའི་བཟོ་ལས་ཅན་ལ་སྐུལ་སྤེལ་གཏིང་ཟབ་གཏོང་བ་དང་། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་དང་ལག་རྩལ་སྒྲིག་ཆས་གལ་ཆེན་གྱི་མཁྲེགས་གཏོར་བྱེད་ཤུགས་ཇེ་ཆེར་གཏོང་བ། བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ། བཟོ་སྐྲུན་གྱི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ། འཐབ་ཇུས་རང་བཞིན་ལྡན་པའི་གསར་དར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་བླང་བྱ་དངོས་ལྟར་དུ། ཁྱབ་ཁོངས་ཀྱི་གཙོ་གནད་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་མ་ལག་དང་ཚད་གཞི་མཐོ་བའི་ཚོང་རའི་མ་ལག་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་འཆར་འགོད་དང་སྐུལ་འདེད་བཏང་ནས། ལམ་ལུགས་རྣམ་པའི་སྒོ་འབྱེད་གོམ་སྟབས་བརྟན་པོའི་ངང་རྒྱ་སྐྱེད་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཞིང་ལས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་གྱི་རྨང་གཞི་ཡིན་ལ། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན། རྨོ་ཞིང་གི་ཚད་མཐའ་ནན་སྲུང་བྱེད་པ་དང་། འབྲུ་རིགས་འདེབས་རྒྱ་བརྟན་པོ་ཡོང་བར་བྱེད་པ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ཏེ། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་འཇགས་དང་བདེ་འཇགས་ངང་མཁོ་སྤྲོད་བྱ་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས། ཐོན་ལས་དར་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་གཏོང་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། ཞིང་ལས་ཀྱི་ཐོན་ལས་ཕྲེང་འབྲེལ་སྣུར་བསྲིང་དང་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། གྲོང་གསེབ་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། ཞིང་པའི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྤྱི་འདོམས་བྱས་ཏེ། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ཇེ་ལེགས་སུ་གཏོང་བའི་བྱེད་སྒོ་ལག་བསྟར་གཏིང་ཟབ་བྱས་ནས། མི་སྡོད་རྒྱུར་འཚམ་པའི་ལས་རིགས་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། ཚན་རྩལ་དང་བཅོས་སྒྱུར་གཉིས་ཀར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པ། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་སྔར་ལས་འཐུས་ཚང་དུ་གཏོང་བ། རྣམ་པ་གསར་པའི་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། རྣམ་པ་གསར་པའི་ཞིང་ལས་ཚོང་གཉེར་རང་བདག་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་སྔར་ལས་འཕེལ་རྒྱས་སུ་གཏོང་བ། གྲོང་གསེབ་གཞི་ཁྱོན་འོས་འཚམ་ལྡན་པའི་ངང་ནས་གཉེར་སྐྱོང་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ནས། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་བར་སྒུལ་ཤུགས་དང་གསོན་ཤུགས་སྣོན་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་མི་དམངས་བདེ་སྐྱིད་ཁམས་བདེ་ཡོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཇུག་མཐའི་དམིགས་ཡུལ་ཡིན། གཞི་རིམ་གྱི་བཅོས་སྐྱོང་དང་དམངས་ཚིས་འགན་སྲུང་ནི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་། ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་གཏོང་བ་དང་སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པའི་རྨང་གཞིའི་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན་པས། ཏང་ཨུ་དང་སྲིད་གཞུང་གི་རིམ་པ་སོ་སོས་ངེས་པར་དུ་སེམས་ལ་བརྟན་པོར་བཅངས་ནས། དུས་དང་རྣམ་པ་ཀུན་ཏུ་རང་གི་ལག་ཏུ་དམ་པོར་བཟུང་སྟེ། ཕན་འབྲས་ཏན་ཏིག་ཐོབ་པར་འགན་ལེན་ནན་མོ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་བྱེད་ཀྱིན་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། དྲ་མིག་ཅན་གྱི་དོ་དམ་དང་ཞིབ་ཕྲ་ཅན་གྱི་ཞབས་ཞུ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བཅས་ཀྱི་གཞི་རིམ་བཅོས་སྐྱོང་ལས་སྟེགས་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ལ་སྒོ་འགྲམ་གྱི་སྤུས་ལེགས་ཞབས་ཞུ་དང་དོ་དམ་ཞིབ་ཚགས་བྱེད་དགོས། དུས་རབས་གསར་པའི“ཧྥུན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་གོང་སྤེལ་གཏོང་བ་དང་། གནས་བབ་གསར་པའི་འོག་གི་མི་དམངས་ནང་ཁུལ་གྱི་འགལ་བ་དང་ལམ་སྲོལ་ཐག་གཅོད་ཡང་དག་བྱེད་པའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་གཞི་རིམ་ནས་འདུམ་སེལ་བྱེད་པ་དང་འགལ་བའི་འབྱུང་རྩ་ཐག་གཅོད་བྱེད་པ། མི་དམངས་མང་ཚོགས་ཀྱི་དཀའ་ཁག་དང་ཉེན་ཚབས། རེ་སྒུག་བཅས་ཀྱི་གནད་དོན་དམ་འཛིན་ནན་མོ་བྱས་ཏེ། དམངས་་ཚིས་ལ་ཕན་པ་དང་དམངས་སེམས་དྲོ་སྐྱིད་ཡོང་བའི་བྱེད་ཐབས་སྔར་ལས་གང་མང་སྤྱོད་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་རོགས་སྐྱོར་དང་ཡོང་འབབ་བགོ་བཤའ་སྙོམས་སྒྲིག སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ།“ལོ་ལོན་གཅིག་དང་ཕྲུ་གུ་གཅིག”གི་ཞབས་ཞུར་ཤུགས་སྣོན་པ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབ་དགོས། དུས་རིམ་གསར་པའི་རིམས་ནད་འགོག་སྡོམ་ལས་དོན་དམ་འཛིན་ཡག་པོ་བྱས་ནས།  ནད་རིགས་ཁ་བར་དོ་དམ་བྱེད་ཐབས་རིམ་པ་ཁ་བ་སྤྱོད་རྒྱུ་དོན་འཁྱོལ་ནན་མོ་བྱས་ཏེ། སྤྱི་པའི་འཕྲོད་བསྟེན་དང་ནད་ཡམས་འགོག་སྡོམ། སྨན་བཅོས་ཞབས་ཞུའི་མ་ལག་བཅས་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་ཤུགས་སྣོན་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་མཇུག་མཐར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་དགོས། རིམ་པོ་སོ་སོའི་ཏང་ཨུས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རང་བདག་འགན་འཁྲི་ཕྲག་ཏུ་འཁུར་རྒྱུ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པའི་བྱ་བར་ཏན་ཏིག་གིས་ཤུགས་སྣོན་པ།  སྐབས་བརྗེའི་རྗེས་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཁྱབ་ཁོངས་ཁག་གི་ཏང་འཛུགས་ལས་དོན་ལ་ཤུགས་སྣོན་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ། འབད་འཐབ་ཀྱི་སྐྱོད་ལམ་གསར་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པ་ལ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཆབ་སྲིད་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་གསུངས།

ཚའེ་ཆི་དང་ཏེན་ཞུའེ་ཞང་། ཧི་ལིས་ཧྥུན་སོགས་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།