ཏེན་ཞུའེ་ཞང་གིས་ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་ཆབ་སྲིད་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་ལ་གྲོས་བསྡུར་མཛད།
2023.03.07 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 29

ཟླ་གསུམ་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཏེན་ཞུའེ་ཞང་ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཁག་གི་ཚོགས་འདུར་ཞུགས། 

ཟླ་གསུམ་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཏེན་ཞུའེ་ཞང་ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཁག་གི་ཚོགས་འདུར་ཞུགས། ཨུ་ཡོན་གྱི་གཏམ་བཤད་ལ་ནན་ཏན་གྱིས་གསན་རྗེས། ཏེན་ཞུའེ་ཞང་གིས་བསྟན་དོན། འདས་པའི་ལོ་ལྔའི་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། རང་རྒྱལ་གྱི་སྐྱེ་ཁམས་དཔལ་འབྱོར་འཛུགས་སྐྲུན་ལ་ངོས་འཛིན་ནས་ལག་ལེན་བར་དུ་ལོ་རྒྱུས་རང་བཞིན་དང་དཀྱོགས་མཚམས་རང་བཞིན། ཆེ་ཕྱོགས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་སྟེ། དུས་རབས་གསར་པའི་རླབས་ཆེན་བཅོས་སྒྱུར་ཁྲོད་ཆེས་མཛེས་སྡུག་གི་ལེའུ་ཞིག་ཏུ་གྱུར་ཡོད། ཕྱོགས་ཡོངས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཕྱོགས་ཡོངས་ཀྱི་ལྷད་མེད་འཕར་སྒྱུར་ལ་སྐུལ་འདེད་གཏོང་བ། ཧུར་ཐག་སྒོས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་བརྟན་འཇགས་ངང་སྐུལ་འདེད་བཏང་སྟེ། ནུས་ཁུངས་ཐོན་ཁུངས་གཙོ་བོའི་འགན་སྲུང་ནུས་པ་མཐོར་འདེགས་དང་གཅིག་བསྡུས་སྒོས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཡོད་པའི་འབུར་དུ་ཐོན་པའི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་བྱས་ནས། ཤུགས་ཆེན་པོས་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མཐོར་འདེགས་བྱས་ཏེ་མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས། ཏེན་ཞུའེ་ཞང་གིས་ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་ཨུ་ཡོན་དག་གིས་ཐུན་མིན་གྱི་ཁྱད་སྟོབས་འདོན་སྤེལ་བྱས་ཤིང་། ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།