མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་རང་རྒྱལ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་མིའི་རིགས་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ངེས་པར་མཁོ་བ་ཞིག་ཡིན་པར་མ་ཟད། རང་རྒྱལ་གྱི་ནུབ་རྒྱུད་སྐྱེ་ཁམས་བདེ་འཇགས་འགོག་ར་འཛུགས་སྐྲུན་དང་རྒྱལ་ཁབ་འཐུས་ཇུས་སྐྱེ་ཁམས་ཐོན་ཁུངས་ཀྱི་བདེ་འཇགས་ཐད་ཀྱང་འདེགས་སྐྱོར་ཆེན་པོ་བྱེད་ཐུབ། དེར་བརྟེན། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཀའོ་ཆེན་པོ་ཡིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་གྲོས་གཞི་སྤྲད་དེ། མཚོ་སྔོན་ཞིང་ཆེན་གྱིས་མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་ས་བོན་ཐོན་ཁུངས་མཛོད་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་གཞི་བཏོན།
གྲོས་གཞིའི་ནང་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་སྐུལ་འདེད་བཏང་བས། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས། སྐྱེ་ཁམས་མ་ལག་གི་རྩོལ་ནུས་དང་སྤུས་ཚད་བརྟན་བརླིང་ངང་ཇེ་མཐོར་བཏང་བ་དང་། རྒྱུད་ཆད་ཉེན་ཆེ་བའི་སྐྱེ་དངོས་རིགས་རྩ་ཆེན་མངོན་གསལ་སྒོས་སླར་གསོ་བྱུང་ལ། འཛམ་གླིང་སྟེང་གི་གཞི་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་བཙུགས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་ལས་འགན་ཡོངས་འགྲུབ་བྱས་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྔར་ས་སྲུང་སྐྱོབ་ནུས་པར་ཤུགས་བསྣན་ན་ཡང་། མདོ་དབུས་མཐོ་སྒང་གི་གནས་སྤོར་ཉར་འཇོག་རྒྱུད་སྤེལ་མ་ལག་གི་རྨང་གཞི་ཞན་པ་དང་། སྐྱེ་དངོས་ཀྱི་ས་བོན་ཐོན་ཁུངས་མཛོད་སྲོག་ཤིང་དུ་བྱས་པ་དང་། རི་དྭགས་དང་སྐྱེ་དངོས་ར་བ་དང་སོན་རྒྱུ་ཉར་གསོག་བྱེད་ས་རོགས་འདེགས་སུ་བྱས་པའི་གནས་སྤོར་སྲུང་སྐྱོབ་མ་ལག་ད་དུང་འཛུགས་སྐྲུན་བྱས་མེད།
ཀའོ་ཆིན་པོ་ཡིས་རྒྱལ་ཁབ་ཀྱིས་ཕྱོགས་ངོས་ནས་མཚོ་སྔོན་ཞིང་ཆེན་གྱིས་མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སོན་རྒྱུ་ཐོན་ཁུངས་མཛོད་འཛུགས་པར་རྒྱབ་སྐྱོར་བྱེད་པ་མ་ཟད། མ་དངུལ་གྱིས་རྒྱབ་སྐྱོར་བྱེད་པ་དང་། སོན་རྒྱུ་ཐོན་ཁུངས་མཛོད་བཙུགས་རྗེས་གཏན་འཇགས་ཀྱི་འཁོར་རྒྱུག་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ། མདོ་དབུས་མཐོ་སྒང་གི་སྐྱེ་དངོས་ཀྱི་སོན་རྒྱུ་བསྡུ་རུབ་དང་ཉར་གསོག ཞིབ་འཇུག་བྱས་ནས། རང་རྒྱལ་གྱིས་རིགས་མི་འདྲ་བའི་རང་བྱུང་ཉེན་ཁ་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱུས་ལ་སྲུང་སྐྱོབ་བྱེད་པའི་ཐད་ས་བོན་གྱི་འགན་སྲུང་འདོན་སྤྲོད་བྱེད་རྒྱུའི་གྲོས་གཞི་བཏོན།
རིན་ཆེན་མཚོས་བསྒྱུར།