ཟླ་གསུམ་པའི་ཚེས་དྲུག་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་སོ་སོར་རང་སོ་སོའི་ལས་རིགས་ཀྱི་མཉམ་འབྲེལ་ཚོགས་འདུ་དང་ཚན་ཆུང་གི་ཚོགས་འདུར་ཞུགས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་དང་འཆར་གཞིའི་སྙན་ཞུ། སྔོན་རྩིས་སྙན་ཞུ། ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་བཅས་ལ་གྲོས་བསྡུར་ནན་མོ་བྱས། མགོན་པོ་བཀྲ་ཤིས་དང་ཝང་ཅན་ཅུན། རྡོ་རྗེ་རབ་བརྟན། པད་ཁོ། ལིའུ་ཐུང་ཏི། ཝང་ཞོན། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་སོགས་ཨུ་ཡོན་གྱིས་གཏམ་བཤད།
ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་དང་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭའི་བུ་དང་བུ་མོས་མཐུན་སྒྲིལ་ཆེན་པོ་བྱེད་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན་ཡོད་ལ། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། མཚོ་སྔོན་ནི་ཀྲུང་ཧྭའི་མི་རིགས་སོ་སོའི་སྣ་མང་བརྗེ་རེས་འབྲེལ་འདྲིས་དང་མཉམ་གནས་བྱེད་པའི་དཔེ་མཚོན་ས་ཆ་ཡིན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཚོ་སྔོན་དུ་མི་རིགས་ལས་དོན་མ་བསྒྲུབས་ན་སྤྱི་ཡོངས་ལ་བསམ་བློ་མ་བཏང་བ་ཡིན”ཞེས་པའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་བཏང་། ང་ཚོས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་ནི་མི་རིགས་སོ་སོའི་རྩ་བའི་ཁེ་ཕན་མངོན་འགྱུར་བཟང་བོ་བྱེད་པ་དང་སྲུང་སྐྱོང་བཟང་བོ་བྱེད་པ། འཕེལ་རྒྱས་བཟང་བོ་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་པ་དང་། ཀྲུང་ཧྭའི་བུ་དང་བུ་མོའི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་ཏུ་གཏོང་བ་དང་དེར་ཤུགས་སྣོན་པའི་དགོས་ངེས་ཀྱི་བླང་བྱ་ཡིན་པ། ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་ཁ་གཏད་འཇལ་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་བླང་བྱ་བཅས་ཡིན་པས། ཕྱོགས་སོ་སོས་མཉམ་དུ་འབད་འཐབ་དང་ཡུན་རིང་ལ་ལག་ལེན། རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པའི་མྱོང་ཚོར་ཟབ་མོ་སྐྱེས་ཟེར། མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་གྱིས་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱས་ཏེ་མཚོ་སྔོན་འདི་ཉིད་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཚོད་ལྟའི་གནས་དང་རྟེན་གཞི་རུ་འཚོལ་ཞིབ་བྱེད་པ་དང་། མཚོ་སྔོན་ལ་རྐང་འཛུགས་པ་དང་རྒྱལ་ཡོངས་ལ་ཁ་ཕྱོགས་པ། སློབ་གསོ་ཉམས་ཞིབ་བཅས་གཞི་གཅིག་ཏུ་གྱུར་བའི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ཉམས་ཞིབ་ཁང་འཛུགས་སྐྲུན་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བ་སྤེལ་རྒྱུ་སྒུལ་ཤུགས་སུ་བྱས་ཏེ་མི་རིགས་སོ་སོའི་བར་སྟོང་དང་རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་སོགས་ཐད་ཀྱི་ཕྱོགས་ཡོངས་ཀྱི་མཉམ་འདྲེས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་ཝང་ཅན་ཅུན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུར་སྤྱི་ཡོངས་ལ་ཁྱབ་པ་དང་གཙོ་གནད་འབུར་དུ་ཐོན་པ། ལས་གཞིའི་གྲངས་ཀ། གྲོས་གཞིར་རྩིས་སྤྲོད་བཅས་ཀྱི་ཁྱད་ཆོས་ཡོད་པས། དེ་ནི་ཆབ་སྲིད་གླེང་བ་དང་དཔལ་འབྱོར་གཙོར་འཛིན་པ། འགན་འཁྲི་ཁག་ཁུར་བཟང་བོ་བྱེད་པ། བརྩེ་སེམས་ལྡན་པ་བཅས་ཀྱི་སྙན་ཞུ་བཟང་བོ་ཞིག་རེད། སྙན་ཞུ་ལས་སྲིད་ཇུས་ཆེན་པོ་དང་བྱེད་ཕྱོགས་ཆེན་པོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་པ་དང་། བྱ་བ་གཙོ་བོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་ཆོས་ཉིད་དང་དུས་རབས་གསར་པའི་རྒྱལ་ཁབ་གནས་ཚུལ་གྱི་ཁྱད་ཆོས་ལ་རྒྱུས་ལོན་བྱས་པ། བྱེད་ཐབས་སོ་སོས་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྙེག་དང་རེ་སྒུག་ལ་ལན་བཏབ་པའི་ལས་དོན་ལབཅས་ལ་ཕྱིར་དྲན་བྱས་ཡོད། སྙན་ཞུའི་གྲོས་གཞི་ལས་ཁྲིད་ཕྱོགས་ཁ་གསལ་བཟོ་རྒྱུ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྔོན་དཔག་གི་དམིགས་འབེན་ནི་བརྟན་པོ་ཡོང་བར་བྱེད་རྒྱུ་གཙོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ། སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་བཅས་ཡིན་ལ། བྱེད་ཐབས་ནི་སྔ་འཛིན་ཕྱི་གཏོད་དང་ཕྱོགས་གཉིས་ཀར་ལྟ་རྟོག གཅིག་གྱུར་མཐུན་སྦྱོར་བྱེད་རྒྱུ་དེ་ཡིན་པ་བསྟན་ཡོད། སྙན་ཞུས་གོང་འོག་སྦྲེལ་མཐུད་དང་བཀོད་སྒྲིག་ལུགས་མཐུན། དོན་ཚན་ལེགས་སྒྲིག་གསལ་བོ་བྱས་ཡོད་ལ། ཡོད་ཚད་ལུགས་མཐུན་ཡིན་པས་ཡོངས་སུ་འཐད་པ་ཡིན་ཟེར།
ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཡོད་པ་དང་། དེ་ནི་སྙིང་སྟོབས་ཆེར་སྐྱེད་དང་བརྩོན་སེམས་ཆེར་སྐྱེད། འབད་འབུངས་ཡར་བརྩོན་གྱི་སྙན་ཞུ་བཟང་བོ་ཞིག་རེད། འདས་པའི་ལོ་ལྔའི་རིང་ལ། སྔར་བྱུང་མྱོང་མེད་པའི་དཀའ་གནད་དང་འགྲན་རྩོད་ཀྱི་མདུན་དུ་ང་ཚོས་དཀའ་གནད་མཁྲེགས་གཏོར་ཁྲོད་དུ་དཔལ་འབྱོར་གཞི་རྩ་བརྟན་སྲུང་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དུས་ལྟར་མངོན་འགྱུར་བྱས་པ་དང་། མི་དམངས་ཀྱི་འཚོ་བར་ནུས་ཡོད་འགན་སྲུང་བྱས་ལ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བྱས་ཏེ་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་གལ་ཆེན་བླངས། ང་ཚོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་དེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་ལ་རག་ལས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མཛུབ་སྟོན་ཡོད་པས་ཡིན། ང་ཚོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྔར་ལས་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་མངོན་འགྱུར་བྱེད་པའི་ཐད་འགན་སྒྲུབ་བཟང་བོ་བྱེད་པ་དང་བྱས་རྗེས་ཆེན་པོ་འཇོག་དགོས་པའི་མྱོང་ཚོར་ཟབ་མོ་སྐྱེས། སྙན་ཞུ་ལས་ད་ལོའི་སྲིད་གཞུང་བྱ་བའི་ཐད་བཏོན་པའི་གྲོས་འགོའི་མཛུབ་སྟོན་བསམ་བློ་དུས་བབ་དང་མཐུན་པ་དང་། སྤྱིའི་བླང་བྱ་དང་གཙོ་གནད་འབུར་དུ་ཐོན་པ། སྔོན་དཔག་གི་དམིགས་འབེན་དངོས་གཉེར་གོ་ཆོད་ཡིན་པ། བྱེད་ཐབས་ཞིབ་ཕྲ་ནུས་ལྡན་ཡིན་པས། ཡོངས་སུ་འཐད་པ་ཡིན་ཟེར།
ཨུ་ཡོན་པད་ཁོ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུས་ཁ་ཕྱོགས་དང་བསམ་ཕྱོགས། འཐབ་ཇུས་བཅས་གཏན་འཁེལ་བྱས་ཡོད་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུས་ལག་བསྟར་དང་དོན་འཁྱོལ་དམ་འཛིན་བྱས་ཡོད་པས། གཅིག་རྒྱུན་གཅིག་འཛིན་དང་གཅིག་གྱུར་མཐོན་པོ་བྱས་ཡོད། སྲིད་གཞུང་བྱ་བའི་སྙན་ཞུར་ཉན་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་བབ་དང་གནས་བབ་ལ་རྒྱུས་ལོན་ཡང་དག་བྱས་པ་དང་། དཀའ་ཁག་དང་ཉེན་ཁར་ཐད་ཀར་ཁ་གཏད་འཇལ་ཡོད་ལ། བརྟན་འཇགས་དང་ཡར་བརྩོན་གྱི་ཆབ་སྲིད་རིག་སྟོབས་དང་འཐབ་ཇུས་ངེས་ཤུགས་གཅིག་གྱུར་བྱས་ཡོད་པའི་མྱོང་ཚོར་ཟབ་མོ་སྐྱེས་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་དམངས་ཚིས་ཐུགས་ཁུར་དང་མི་དམངས་ཕྱུག་འགྱུར་གྱི་ཡིད་ཆེད་དང་ཆོད་སེམས་ལ་མྱོང་ཚོར་ཟབ་མོ་སྐྱེས། ང་ཚོས་ནམ་ཡིན་ཡང་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་བཟུང་སྟེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པའི་ཐད་ཁག་ཁུར་གསར་བ་མངོན་པར་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཞིང་ཆེན་གྱི་དོན་དག་ཆེན་པོ་གཅིག་བསྡུས་བྱས་ཏེ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཐད་སྔོན་གྲལ་དུ་བསྐྱོད་པའི་སྟེང་བྱེད་ཐབས་གསར་པ་ཡོད་པར་བྱེད་པ། ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་གཅིག་གྱུར་བྱེད་པར་དམ་དུ་དམིགས་ཏེ་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་དང་། བོད་འབྲེལ་ཁུལ་དང་རྫོང་གི་ཡུན་སྐྱོང་བདེ་འགོད་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་དགོས།
ཨུ་ཡོན་ལིའུ་ཐུང་ཏི་ཡིས་བཤད་རྒྱུར། འདས་པའི་ལོ་ལྔའི་འཕེལ་རྒྱས་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཚེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་འོག་ཏུ་རང་རྒྱལ་གྱིས་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ནུས་ཡོད་སྒོས་ཁ་གཏད་འཇལ་བ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཡོད་སྒོས་གཅིག་འགྱུར་འཆར་འགོད་བྱས་པ། དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལ་རྒྱལ་ཁ་བླངས་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་གལ་ཆེན་བླངས་པ་དེ་དག་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་ཁྱད་འཕགས་དགེ་མཚན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེན་པོ་མཚོན་པར་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཡུན་རིང་མདུན་དུ་སྐྱོད་པར་ཡིད་ཆེས་ཆེན་པོ་ཡོད་ཟེར།
ཨུ་ཡོན་ཝང་ཞོན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཉན་རྗེས་མྱོང་སྣང་ཟབ་མོ་ཞིག་བྱུང་བ་ནི། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དཀའ་གནད་དེ་འཕར་སྣོན་འཆར་འགོད་བྱེད་པར་རག་ལས་ཡོད་ལ། མི་དམངས་ཀྱི་དངོས་པོའི་འཚོ་བའི་ཆུ་ཚད་ཀྱི་དཀའ་གནད་དེ་སྤུས་ཚད་མཐོར་འདེགས་ལ་ཐུག་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ཀྱི་གནད་འགག་ཡང་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་རག་ལས་ཡོད་པ་དེ་རེད། མ་འོངས་པའི་འཕེལ་རྒྱས་ནི་སྤུས་ཚད་སྔར་ལས་མཐོ་བའི་འཕེལ་རྒྱས་དང་། འགྲན་རྩོད་ལ་ཁ་གཏད་འཇལ་བ་ནི་སྔར་ལས་ཁྱད་འཕགས་ཀྱི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཅིག་ཡིན་པས། རྒྱལ་སྤྱིའི་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་འཇོན་མི་གསོ་སྐྱོང་བྱེད་པར་ཤུགས་སྣོན་བྱེད་ན། སྔར་ལས་གནད་ཁེལ་གྱི་སྲིད་ཇུས་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་ཞབས་ཞུའི་ནུས་ཚད་ཇེ་ཆེར་བཏང་ནས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོའི་ཁྲོད་ཐོན་ལས་ཆེན་པོའི་ཕྲེང་འབྲེལ་མ་ལག་གི་བཀོད་པར་ཤུགས་སྣོན་རྒྱུའི་གྲོས་གཞི་བཏོན་པ་ཡིན་ཟེར།
ཨུ་ཡོན་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོས་གསུངས་རྒྱུར། སྙན་ཞུ་ལ་ནན་ཏན་སྒོས་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལོན་བྱུང་། འདས་པའི་ལོ་ལྔའི་གྲུབ་འབྲས་གལ་ཆེན་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འགྱུར་ལྡོག་གི་ཆེས་རྩ་གནད་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དེད་དཔོན་གོ་གནས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་མཛུབ་སྟོན་ལ་རག་ལས་ཡོད། མི་རིགས་ཆོས་ལུགས་སྡེ་ཁག་གི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། སྲིད་གྲོས་ཨུ་ཡོན་གྱི་འབྲེལ་རྒྱ་ཆེ་བའི་དགེ་མཚན་སྔར་ལས་ལྷག་པར་འདོན་སྤེལ་བྱེད་པར་མ་ཟད། རྒྱ་ཆེའི་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་གཅིག་སྡུད་བྱེད་རྒྱུ་ཡིན།
ཨུ་ཡོན་མཱ་ཡུའེ་ཞང་གིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཉན་རྗེས། སྤོབས་པ་ཆེ་རུ་བསྐྱེད་པ་དང་སྐུལ་མ་ཟབ་མོ་ཐེབས་སོང་། ཆོས་ལུགས་སྡེ་ཁག་གི་མི་སྣ་ཞིག་ཡིན་པའི་ཆ་ནས། ཆབ་སྲིད་སྟེང་བློ་གཏད་ཆོག་པ་དང་ཆོས་ལུགས་སྟེང་ཡོན་ཚད་ཡོད་པ། ཀུན་སྤྱོད་སྟེང་འགུག་ཤུགས་ཡོད་པ། གནད་འགག་གི་སྐབས་ནུས་པ་ཐོན་པ་བཅས་བྱས་ཏེ། དད་ལྡན་མང་ཚོགས་ཀྱི་སྣེ་ཁྲིད་ནས། མུ་མཐུད་དུ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་ཐིག་དམ་འཛིན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་ཟེར།
གྲོས་སྡུར་ཁྲོད། ལིས་ཆིན་དང་། ཨི་ཁྲུང་རོང་། ཀོ་ཆིན་པོ། མཱ་ཧེ་ཅུན་སོགས་ཨུ་ཡོན་གྱིས་གཅིག་རྗེས་གཉིས་མཐུད་དུ་གཏམ་བཤད། ཚང་མས་བསྟན་དོན། སྲིད་གཞུང་བྱ་བའི་སྙན་ཞུའི་འགོ་མཇུག་བར་གསུམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱིས་ཁྱབ་ཡོད་ལ། དུས་རབས་ཀྱི་གོམ་བགྲོས་རྗེས་འདེད་དང་མང་ཚོགས་ཀྱི་རེ་འདུན་དང་བསྟུན་ཡོད་པས། དར་ཆ་མཐོན་པོར་སྒྲེང་ཞིང་དངོས་གཉེར་བདེན་འཚོལ། ཁག་ཁུར་མངོན་གསལ་དང་། མི་སེམས་ལ་སྐུལ་མ་ཐེབས་པའི་སྙན་ཞུ་བཟང་པོ་ཞིག་ཡིན་པས། ཡོངས་སུ་འཐད་པ་ཡིན་ཟེར།
ལྷ་མོ་ཚེ་རིང་དང་རིག་འཛིན་སྒྲོལ་མས་བསྒྱུར།