རྩྭ་ཐང་ནི་མཚོ་སྔོན་དུ་ཁེབས་རྒྱ་ཆེས་ཆེ་བའི་རང་བྱུང་ཐོན་ཁུངས་ཤིག་ཡིན། རྩྭ་ཐང་གི་འབྲོག་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་རྒྱ་ཁྱོན་གྱི་བརྒྱ་ཆའི་གོ་དྲུག་ཟིན་ཡོད་ལ། རྩྭ་སའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་རྩྭ་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་དགུ་གཉིས་ཟིན་པས། མདོ་དབུས་མཐོ་སྒང་དང་རྒྱལ་ཡོངས་ཀྱི་གལ་ཆེ་བའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་ལྟ་བུ་ཡིན། རྩྭ་ཐང་གི་སྐྱེ་ཁམས་བཅོས་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་བསྣན་ན། མཐོ་སྒང་གི་སྐྱེ་ཁམས་མ་ལག་དོ་མཉམ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་འཛུགས་པ། རྒྱ་ཆེའི་འབྲོག་པ་མང་ཚོགས་ལའང་འཚོ་བ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱེད་ཐུབ་པའི་དོན་སྙིང་གལ་ཆེན་ལྡན། དེར་བརྟེན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་གི་སྐྱེ་ཁམས་བཅོས་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་རྒྱབ་སྐྱོར་བྱས་ཏེ། ཀྲུང་ཧྭའི་ཆུ་མཛོད་ལ་མཉམ་དུ་སྲུང་སྐྱོབ་བྱ་རྒྱུའི་གྲོས་གཞི་བཏོན།
མགོན་པོ་བཀྲ་ཤིས་ཀྱིས་བལྟས་ན། ལོ་མང་པོའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ལ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་རྒྱུ་དེ་རྨང་གཞིའི་རང་བཞིན་དང་། འཐབ་ཇུས་རང་བཞིན་གྱི་བྱ་བར་བརྩིས་ནས་དམ་འཛིན་བྱས་ཤིང་། རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ཤུགས་ཚད་ལོ་རེ་བཞིན་ཇེ་ཆེར་བཏང་ནས། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་སླར་གསོ་བྱས་པས། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་བྱེད་པ་གཙོ་གཞི་དང་། ཚན་རིག་ལུགས་མཐུན་གྱི་བཀོལ་སྤྱོད་ཟུང་འབྲེལ་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་གྲུབ་ཡོད། ཡིན་ཡང་དུས་མཉམ་དུ་རྩྭ་ཐང་དུ་འོས་འཚམ་གྱི་རྩྭ་སོན་དང་བཅོས་སྐྱོང་ལག་རྩལ་བཟང་པོ་མེད་པ་སོགས་ཀྱི་བཀག་རྒྱ་ཐེབས་ཡོད་པས། རྩྭ་ཐང་སྐྱེ་ཁམས་བཅོས་སྐྱོང་དང་འཛུགས་སྐྲུན་བྱ་བའི་ལས་འགན་ལྗིད་ལ་ལམ་ཐག་ཀྱང་རིང་བར་འདོད།
མགོན་པོ་བཀྲ་ཤིས་ཀྱིས་རྒྱལ་ཁབ་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་རྩྭ་ཐང་སྐྱེ་ཁམས་བཅོས་སྐྱོང་ཐད་ཀྱི་རྒྱབ་སྐྱོར་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། རྣམ་གྲངས་དང་མ་དངུལ་གྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ། རྩྭ་ཐང་སྲུང་སྐྱོབ་དང་སླར་གསོ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རྩྭ་ཐང་གི་སྐྱེ་དངོས་སླར་གསོ་ལ་སྐུལ་འདེད་གཏོང་བ། ཆུའི་ཐོན་ཁུངས་གསོག་འཇོག་ནུས་པ་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་བ། རྩྭ་ཐང་སྐྱེ་ཁམས་མ་ལག་གི་བརྟན་འཇགས་རང་བཞིན་ཇེ་མཐོར་གཏོང་བ་བཅས་བྱེད་པ་དང་། བཅོས་སྐྱོང་ཚད་གཞི་ཇེ་མཐོར་གཏོང་བ་དང་རྒྱུན་མཐུད་རང་བཞིན་གྱིས་ཟབ་ཞུགས་བྱེད་པ། རྩྭ་ས་ཞན་འགྱུར་ཁུལ་གྱི་སྔོ་ཁེབས་གནས་ཚུལ་དང་ས་ཆའི་ཆ་རྐྱེན་ལྟར། མིས་བཟོས་འདེབས་འཛུགས་དང་། གནོད་ལྡན་སྐྱེ་དངོས་སྔོན་འགོག་གི་དངུལ་གཏོང་ཚད་གཞི་སྔར་ལས་ཇེ་མཐོར་གཏོང་བ། རིག་བགར་བཅོས་སྐྱོང་དང་གནད་འཁེལ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། རྩྭ་ཐང་ཚན་རྩལ་འཇོན་མིའི་ཚོགས་ཁག་རྣམ་པའི་རོགས་ཤུགས་འདོན་ཚད་ཇེ་ཆེ་དང་། མཐོ་སྒང་གི་སྤང་ལྗོངས་དང་། མཐོ་སྒང་ཐང་རྒོད་ས་ཆའི་རྩྭ་ཐང་སྐྱེ་ཁམས་ཀྱི་གནས་འཁེལ་ཚད་ལེན་ས་ཚིགས་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། མཐོ་སྒང་གི་རྩྭ་ཐང་ཞན་འགྱུར་རྒྱུ་རྐྱེན་དང་། བཅོས་སྐྱོང་འདུས་གྲུབ་ལག་རྩལ། གྲོང་ཁུལ་གྱི་རྩྭ་སོན་གསོ་སྤེལ་སོགས་ཕྱོགས་ཀྱི་རྨང་གཞིའི་ཞིབ་འཇུག་སྤེལ་ནས། མཚོ་སྔོན་གྱི་རྩྭ་ཐང་སྲུང་སྐྱོབ་འཕེལ་རྒྱས་ཀྱི་ཚན་རྩལ་ཆུ་ཚད་ཇེ་མཐོར་གཏོང་རྒྱུའི་གྲོས་གཞི་བཏོན།
རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།